སྲིད་གཞུང་བྱ་བའི་སྙན་ཞུ།
2021.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

2021ལོའི་ཟླ3པའི་ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཕུལ་བའི་སྙན་ཞུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ནས།

འཐུས་མི་རྣམ་པ་ཚོ།

ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་བསམ་འཆར་འདོན་རོགས་ཞུ།

གཅིག   2020ལོའི་བྱ་བར་ཕྱི་མིག་བལྟ་བ།

འདས་ཟིན་པའི་ལོ་གཅིག་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་སྟེང་གཏན་ནས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན།  གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་དང་འཛམ་གླིང་གི་དཔལ་འབྱོར་གཏིང་ཟབ་སྒོས་ཉམས་རྒུད་དུ་འགྲོ་བ་སོགས་ཀྱི་ཕོག་ཐུག་ཚབས་ཆེན་སྣ་ཚོགས་ལ་ཁ་གཏད་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱས་པར་བརྟེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་དཔལ་འབྱོར་དངོས་སུ་འཕར་སྣོན་མངོན་འགྱུར་བྱུང་བ་གཅིག་པུ་དང་དབུལ་ཐར་མཁྲེགས་གཏོར་བྱ་བར་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པས།  མི་དམངས་བློ་ཡིད་ཚིམ་པོ་དང་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཐུབ་པ་བཅས་ཀྱི་རྒྱུགས་ཤོག་ཅིག་ཕུལ་ཡོད། ལོ་ཧྲིལ་བོའི་འཕེལ་རྒྱས་དང་དམིགས་འབེན་གྱི་ལས་འགན་གཙོ་བོ་ཅུང་ལེགས་པར་གྲུབ་པ་དང་། རང་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཡང་གལ་ཆེ་བའི་འཕེལ་རིམ་གསར་བ་བླངས་ཡོད།

དཀའ་ཚེགས་ཆེ་བའི་རིམས་ནད་འགོག་བཅོས་ཀྱི་བརྒྱུད་རིམ་ཁྲོད། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་འདོམས་དང་བཀོད་སྒྲིག་གནང་བ་དང་། ཕྱོགས་སོ་སོས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མི་ཆད་པར་སྲ་བརྟན་དུ་བཏང་ཡོད། ང་ཚོས་རིམས་ནད་བྱུང་ཚུལ་གྱི་གནས་བབ་ལ་གཞིགས་ནས་དུས་ཐོག་ཏུ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐབས་ཇུས་ལེགས་སྒྲིག་དང་།རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ས་ཁུལ་ཁ་ཤས་སུ་གཅིག་བསྡུས་རང་བཞིན་གྱི་རིམས་ནད་ཐག་གཅོད་ནུས་ལྡན་བཅས་བྱས་ནས། ཚད་མཐོ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོབ་བྱས་ཏེ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་འབྱུང་བར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་ཡོད།

ལོ་གཅིག་གི་རིང་ལ།ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་བྱས་ཏེ།རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བར་གཙོ་བོ་གཤམ་གསལ་གྱི་བྱ་བ་འགའ་བསྒྲུབས།

གཅིག་ནས་ཚོང་རའི་གྲུབ་ཆ་གཙོ་བོ་དགོས་གལ་ཆེ་བར་དམིགས་ཏེ་སྤྱི་ཁོག་གི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱས་པས་དཔལ་འབྱོར་གྱི་གཞི་རྩའི་ཚད་གཞི་ཇེ་བརྟན་དུ་སོང་ཡོད། ལོ་རྒྱུས་ཐོག་མཐོང་དཀོན་པའི་རྡབ་རྡེག་ལ་དམིགས་ནས་ང་ཚོས་“བརྟན་འཇགས་དྲུག་”གི་བྱ་བའི་རྨང་གཞིའི་ཐོག“འགན་ལེན་དྲུག་”གི་ལས་འགན་དང་།ལྷག་པར་དུ་ལས་ཞུགས་འགན་ལེན་དང་དམངས་འཚོར་འགན་ལེན། ཁྲོམ་ར་གཙོ་བོ་འགན་ལེན་བཅས་བྱས་ཏེ་བརྟན་འཇགས་དྲུག་འགན་ལེན་དང་བརྟན་འཇགས་ཀྱི་ཁྲོད་དུ་ཡར་རྒྱས་བརྩོན་ལེན་བྱས།  རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞིགས་པ་དང་དུས་ཐོག་ཏུ་འཕྲལ་ཐག་ཆོད་ལ་བརྟན་ནུས་ཀྱང་རྒྱུན་འཁྱོངས་བྱས་ཏེ།“ཆུ་མང་འདྲེན་”མི་བྱེད་པ་རྒྱུན་འཁྱོངས་དང་།ཚན་རིག་དང་མཐུན་པའི་སྒོ་ནས་གཞི་ཁྱོན་རང་བཞིན་གྱི་སྲིད་ཇུས་ཀྱི་དོ་མཉམ་ཚེག་ཁོང་དུ་ཆུད་པར་བྱས། བཅོས་བསྒྱུར་དང་གསར་གཏོད་ཀྱི་བྱེད་ཐབས་སྤྱོད་པར་མཐོང་ཆེན་བྱས་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་གསོན་ཤུགས་མཉམ་དུ་འཕེལ་བར་བྱས་ཏེ། རྡབ་རྡེག་ཕོག་པའི་ཚད་གཞི་ཆེ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དཀའ་གནད་ལས་སྒྲོལ་རྒྱུར་རོགས་རམ་བྱས།  དུས་རིམ་རང་བཞིན་གྱི་གཞི་ཁྱོན་ཆེ་བའི་ཁྲལ་འཕྲི་དངུལ་གཅོག་ལག་བསྟར་བྱས་པ་དང་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། ལོ་ཧྲིལ་བོའི་ནང་ཁྲོམ་ར་གཙོ་བོའི་ཁུར་པོ་ཇེ་ཡང་དུ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་2.6ལས་བརྒལ་ཞིང་།དེའི་ནང་ནས་སྤྱི་ཚོགས་འགན་སྲུང་གྲོན་དངུལ་ཆག་ཡང་དུ་བཏང་ཚད་སྒོར་དུང་ཕྱུར་ཁྲི་1.7ཡིན། སྤྱི་ཁོག་གི་སྲིད་ཇུས་ལག་བསྟར་བྱེད་སྟངས་གསར་གཏོད་བྱས་ཏེ། ཀྲུང་དབྱང་གི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་ཁྲི་2གསར་དུ་བསྣན་པར་ཐད་ཀའི་ལམ་སྲོལ་བཙུགས་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ནས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ཐུན་མོང་སྒོས་གྲོང་ཁྱེར་དང་རྫོང་གི་གཞི་རིམ་གྱི་ཁེ་ལས་དང་མི་དམངས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱེད་པར་དུས་ཐོག་ཏུ་ནོར་སྲིད་ཀྱི་ཤུགས་ཚད་ཁ་གསབ་བྱས་ཡོད། དངུལ་ཁང་ལ་ཁ་ཕྱོགས་གཏན་འཁེལ་གྱིས་དངུལ་བུན་གཏོང་གྲངས་མང་དུ་གཏོང་བར་རྒྱབ་སྐྱོར་བྱས་པ་མ་ཟད་སྐྱེད་ཀའི་ཚད་ཀྱང་དམའ་རུ་བཏང་བ་དང་།ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་དངུལ་བུན་བཏང་བའི་མ་རྩ་དང་སྐྱེད་ཀ་འཇལ་བའི་དུས་ཡུན་ཕྱིར་འགྱངས་བྱས།ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་ཁེ་ལས་ཆུང་གྲས་ལ་ཀུན་ཕན་དངུལ་བུན་གཏོང་ཚད་50%ཡན་འཕར་བ། དངུལ་རྩའི་མ་ལག་གིས་དངོས་ཕུང་དཔལ་འབྱོར་ལ་ཁེ་བཟང་སྒོར་དུང་ཕྱུར་ཁྲི་1.5སྤྲད་དེ།  ཁེ་ལས་ཆེ་གྲས་ཀྱི་ལས་མགོ་བསྐྱར་ཚུགས་ལ་“གནས་ནས་གནས་བར་”ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་།  དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་སྔོན་ལ་ལས་མགོ་བསྐྱར་ཚུགས་བྱ་བ་མངོན་འགྱུར་བྱུང་ཞིང་དཔལ་འབྱོར་སླར་གསོ་བྱ་བ་སྔོན་དཔག་ལས་ལེགས་པོ་བྱུང་།  ལོ་ཧྲིལ་པོའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་གོང་བསྡོམས་འབོར་2.3%འཕར་སྣོན་བྱུང་བ་དང་།སྤྱི་ཁོག་སྙོམས་སྒྲིག་ལས་ཉམས་མྱོང་གསར་པ་བསགས་ཏེ་ལུགས་མཐུན་གྱི་རིན་དོད་ལ་བརྟེན་ནས་གྲུབ་འབྲས་ཅུང་ཆེན་པོ་ཐོབ་ཡོད།

གཉིས་ནས་སྔོན་ལ་ལས་ཞུགས་བརྟན་པོ་དང་དམངས་འཚོར་འགན་ལེན་བྱས་པས་མི་དམངས་ཀྱི་འཚོ་བར་འགན་སྲུང་ལེགས་པོ་ཐུབ་ཡོད། ལས་ཞུགས་ནི་དམངས་ཀྱི་འཚོ་བ་ཆེ་ཤོས་ཡིན་པ་དང་ཁྲོམ་རའི་གྲུབ་ཆ་གཙོ་བོ་ཡང་ལས་ཞུགས་བརྟན་པོ་ཡོང་ཆེད་དམངས་འཚོར་འགན་ལེན་བྱེད་པ་ཞིག་ཡིན། ས་གནས་ཁག་གིས་ལས་གནས་ཇེ་བརྟན་དུ་གཏོང་དང་ལས་གནས་རྒྱ་ཆེར་གཏོང་རྒྱུར་སྐུལ་ལྕགས་གཏོང་ཤུགས་ཆེ་རུ་བཏང་ནས། ཁེ་ལས་དང་ལས་བཟོ་བ་ཐུན་མོང་གིས་དཀའ་ངལ་ཁྱད་བསད་བྱས་ཡོད། ཐབས་ལམ་མང་པོར་བརྟེན་ནས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བྱ་བ་ཡག་པོར་བསྒྲུབས་པ་དང་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུར་རྒྱབ་སྐྱོར་བྱས། གསར་དུ་འཕར་སྣོན་བྱུང་བའི་ཁྲོམ་ར་གཙོ་བོ་སླར་གསོ་མགྱོགས་མྱུར་ངང་འཕར་སྣོན་བྱུང་ཞིང་ལས་ཞུགས་ལས་གནས་འབོར་ཆེན་བསྐྲུན་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་སྣ་ཁྲི་1186གསར་དུ་འཕར་སྣོན་བྱུང་བ་དང་།ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ལ་བརྟག་དཔྱད་བྱས་པར་ལས་ཀ་ཤོར་ཚད་5.2%་མར་ཆག་ཡོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པའི་ངོས་ནས་བརྗོད་ན། ཕོག་ཐུག་ཆེན་པོའི་འོག་ལས་ཞུགས་ཀྱི་ཁྱོན་ཡོངས་བརྟན་པོ་ཡོང་བ་བྱེད་ཐུབ་ན་ཧ་ཅང་རྩ་ཆེན་པོ་རེད། འཚོ་བའི་མཁོ་རྫས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་ཤུགས་སྣོན་བརྒྱབ་པ་དང་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་2.5%འཕར་ཡོད། དྲ་ཐོག་གཞུང་ལས་དང་དྲ་ཐོག་ཉོ་སྒྲུབ། ཐུག་འཕྲད་མེད་པའི་སྡེབ་སྐྱེལ་སོགས་རྒྱ་ཁྱབ་ཏུ་སྤེལ། ལས་ཤོར་འགན་བཅོལ་འགན་སྲུང་བྱེད་པའི་ཁྱབ་རྒྱ་ཆེ་རུ་བཏང་། རིམས་ནད་ཀྱི་རྐྱེན་ཀྱིས་དཀའ་ངལ་འཕྲད་པའི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོབ་བྱས་ནས། མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་མི་ཁྲི་600ཙམ་གསར་དུ་བཅུག་ནས་གནས་སྐབས་རོགས་སྐྱོབ་བྱེད་ཚད་མི་གྲངས་ཁྲི་800ལྷག་ཙམ་ཟིན་ཡོད། ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་དང་རྒྱ་མཚོའི་རླུང་འཚུབ་སོགས་ཀྱི་རང་བྱུང་གནོད་འཚེ་བཀག་འགོག་བྱས་པ་དང་།ནུས་ཤུགས་གང་ཡོད་ཀྱིས་བབ་བསྟུན་མྱུར་སྐྱོབ་དང་རོགས་སྐྱོབ་བྱས་ཤིང་།གནོད་སྐྱོན་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་པས།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་གཞི་རྩའི་འཚོ་བ་འགན་སྲུང་བྱས་ཡོད།

གསུམ་ནས་མཁྲེགས་གཏོར་གྱི་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོར་བརྒྱབས་ནས་དམིགས་ཚད་ལས་འགན་གཙོ་བོ་དུས་བཀག་ལྟར་ལེགས་འགྲུབ་བྱས། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་འཇོག་གྲངས་མང་དུ་བཏང་པ། ལས་ཀའི་དཀའ་གནད་ཆེ་བའི་རྫོང་དབུལ་པོ་དང་སྡེ་བ་དབུལ་པོ་གཙོར་བཟུང་ནས་དམག་འཐབ་ལ་ལྟ་སྐུལ་བྱས་ཏེ་གནད་འཁེལ་ངང་རོགས་སྐྱོར་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས། སྔོན་ལ་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་ལས་གནས་བརྟན་སྲུང་བྱེད་པར་རྒྱབ་སྐྱོར་བྱས་པ་དང་ཕ་ཡུལ་དུ་ཕྱིར་ལོག་པའི་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཡང་བསྐྱར་ལས་ཞུགས་བྱེད་པར་རོགས་རམ་བྱས་ནས་ལས་གཉེར་ཡོང་འབབ་བརྟན་པོ་ཡོང་གང་ཐུབ་བཅས་བྱས། ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་པ་དང་འཛད་སྤྱོད་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་བ། དབུལ་ཕོངས་སུ་འགྱུར་སླ་བའི་མི་འབོར་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་པ།   ལོ་སྟོད་དུ་ལྷག་པའི་ཞིང་སྡེའི་དབུལ་པོ་མི་འབོར་ཁྲི་551ཚང་མ་དབུལ་ཐར་བྱས་པ་དང་རྫོང་དབུལ་པོ་52ཚང་མས་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད། ནམ་མཁའ་སྔོ་ལ་ཆུ་མོ་དྭངས་པ།  ས་གཞི་གཙང་བ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་མུ་མཐུད་དུ་ཡག་པོར་བརྒྱབས་ནས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཀྱི་དུས་མཚམས་རང་བཞིན་གྱི་དམིགས་ཚད་ལས་འགན་ཡོང་འགྲུབ་བྱས།  འབྲི་ཆུ་དང་རྨ་ཆུ། མཚོ་འགྲམ་སོགས་ཀྱི་སྐྱེ་ཁམས་མ་ལག་གཙོ་བོའི་སྲུང་སྐྱོབ་དང་ཉམས་གསོའི་བཟོ་སྐྲུན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས།  ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་བརྟན་པོའི་ངང་སེལ་ཐབས་དང་དངུལ་རྩའི་ཉམས་ཉེན་ཚབས་ཆེན་སྐོར་ཞིག་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད།

བཞི་ནི་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་བས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་ནང་གནས་ཀྱི་སྒུལ་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་། རྒྱུ་ནོར་བདག་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་། “གཏོང་བ་དང་དོ་དམ།ཞབས་ཞུ་”བཅས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་།ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྲོལ་ཡིག་ལག་བསྟར་བྱས། རྒྱལ་གཉེར་ཁེ་ལས་བཅོས་བསྒྱུར་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་བཏོན་ཡོད། དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས། མ་རྩའི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་བཏང་པ།  ཞིང་ལས་དང་ཞིང་སྡེ།སྤྱི་ཚོགས་ལས་དོན་ལ་སོགས་པའི་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ལ་ནན་ཏན་སྒོས་སྐུལ་སྤེལ་བྱས།  “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པར་གོམ་སྟབས་བརྟན་པོའི་ངང་སྐུལ་སྤེལ་བཏང་ཡོད། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་སོགས་བྱེད་ཐབས་གལ་ཆེན་གཅིག་རྗེས་གཉིས་མཐུད་དུ་བཏོན་ཡོད། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམ་སྟོན་ཚོགས་འདུ་སྐབས་གསུམ་པ་དང་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་འཚོང་བརྗེ་རེས་ཚོགས་འདུ་བདེ་བླག་ངང་གཉེར་བ།  ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་མཉམ་ལས་འབྲེལ་བའི་གྲོས་ཆོད་ཡི་གེ་འཇོག་པར་སྐུལ་འདེད་བཏང་། ཀྲུང་གོ་དང་ཡོ་རོབ་བར་གྱི་མ་དངུལ་འཇོག་ཕྱོགས་སྐོར་གྱི་གྲོས་ཆིངས་གྲོས་མོལ་ལེགས་འགྲུབ་བྱུང་བ།  ཐོན་ལས་འབྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་སྲུང་སྐྱོང་དང་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་བྱས།

ལྔ་ནས་ཤུགས་ཆེན་པོས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་བས་ཐོན་ལས་གཞན་སྒྱུར་རིམ་སྤོར་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་དང་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་པོ་བདེ་བླག་ངང་སྒྲིག་འཛུགས་བྱས། “གནམ་འདྲི་ཨང་དང་པོ་”དང་“ཟླ་བའི་ལྷ་མོ་ཨང་ལྔ་པ།”“འབད་འཐབ་མཁན་”རྟགས་ཅན་སོགས་བརྒལ་གཏོར་རང་བཞིན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་བླངས།  གནད་འགག་དང་ལྟེ་བའི་ལག་རྩལ་མཁྲེགས་གཏོར་བྱེད་ཤུགས་ཆེ་རུ་བཏང་།  ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་། ཚན་རྩལ་གྱི་གྲུབ་འབྲས་དངོས་སྒྱུར་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་དང་ཁེ་ལས་ཆེ་འབྲིང་ཆུང་གསུམ་རྒྱུན་འཁོར་གསར་གཏོད་བྱེད་པར་སྐུལ་འདེད་བྱས་ཏེ་ཁྱོན་ཡོངས་ནས་གསར་གཏོད་དང་བཅོས་བསྒྱུར་ཚོད་ལྟ་བྱེད་པའི་འབྲེལ་ཡོད་བྱེད་ཐབས་ཁྱབ་སྤེལ་བྱས།  ཐོན་ལས་གཞི་གྲངས་ཅན་དུ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་བྱས་ནས་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གསར་དར་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བའི་རྣམ་པ་རྒྱུན་འཁྱོངས་བྱས།

དྲུག་ནས་རྣམ་པ་གསར་བའི་གྲོང་ཁྱེར་ཅན་དང་ཞིང་སྡེ་གསར་བ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་ཞིང་སྡེའི་ས་ཁོངས་འཕེལ་རྒྱས་གཏོང་བའི་བཀོད་པ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་གྲས་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་བ་དང་གྲོང་ཁྱེར་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་བཏང་།  འབྲུ་རིགས་ཐོན་འཕར་མངོན་འགྱུར་བྱུང་བ་དང་ཕག་གསོའི་ཐོན་ནུས་མགྱོགས་མྱུར་སྒོས་སླར་གསོ་བྱུང་བ། ཞིང་སྡེ་འཛུགས་སྐྲུན་བརྟན་པོའི་ངང་སྤེལ་བ། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  རྡོ་སོལ་དང་གློག རྡོ་སྣུམ།  བཅས་ཐོན་སྐྱེད་དང་མཁོ་སྤྲོད།ཕྱིར་འཚོང་བཅས་ཀྱི་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ་ནུས་ཁུངས་བདེ་འཇགས་འགན་སྲུང་བྱེད་པའི་ནུས་ཤུགས་ཆེ་རུ་བཏང་།  ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་པ་དང་། ས་ཁོངས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པའི་ཐད་བྱེད་ཐབས་གསར་པ་ཁག་ཅིག་འདོན་སྤྲོད་བྱས།

བདུན་ནས་ཁྲིམས་ལྟར་སྲིད་འཛིན་དང་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་རྒྱུན་འཁྱོངས་བྱས།  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཅའ་ཁྲིམས་སྐོར་གྱི་གྲོས་གཞི་9གྲོས་ཞིབ་གནང་བར་ཕུལ་བ་དང་། སྲིད་འཛིན་ཁྲིམས་སྲོལ་ཁག་37གཏན་འབེབས་དང་དག་བཅོས་བྱས་ཡོད། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ནན་ཏན་གྱིས་བསྒྲུབས་པ་དང་། དྲ་ཐོག་སློབ་ཁྲིད་རྒྱ་ཁྱབ་ངང་སྤེལ་ནས་སྟོན་ཁའི་སློབ་སྐབས་ནང་ཁྱོན་ཡོངས་ནས་སློབ་ཁྲིད་ལ་ཞུགས་ཐུབ་པ་མངོན་འགྱུར་བྱས་པ་དང་།  མཐོ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ་ཁྲི་1000ལྷག་ཙམ་བདེ་བླག་ངང་མཐོ་རྒྱུགས་སུ་ཞུགས་ཐུབ་པར་བྱས།  སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ།  མཐོ་རིམ་ལས་རིགས་སློབ་གླིང་དག་གིས་སློབ་མ་ཁྲི་100བསྡུ་ལེན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་།  གཞི་ཁྱོན་ཆེ་བའི་ཉིང་སྐྱུར་གྱི་ཞིབ་དཔྱད་ནུས་པ་ཆེ་རུ་བཏང་ནས་པྲོག་གསར་གློ་ཚད་ཕོག་མཁན་གྱི་སྨན་བཅོས་འགྲོ་གྲོན་ཚང་མ་རྒྱལ་ཁབ་ཀྱིས་བཏང་། ལས་འཁྱུར་ངལ་གསོའི་མི་སྣའི་མ་མཐའི་རྒན་གསོའི་མ་དངུལ་མང་དུ་བཏང་བ་དང་གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་དམའ་ཤོས་མཐོ་རུ་བཏང་བ། རྒན་གསོའི་མ་དངུལ་དུས་ཐོག་ཏུ་སྟེར་བར་འགན་སྲུང་བཅས་བྱས་ཏེ། ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ཐེབས་རྩ་ཞིང་ཆེན་རིམ་པས་གཅིག་གྱུར་གྱིས་བཀོད་སྒྲིག་དང་གཏོང་སྤྲོད་བྱེད་པ་མངོན་འགྱུར་བྱས། ་ སྤྱི་པའི་རིག་གནས་ཞབས་ཞུར་ཤུགས་སྣོན་བརྒྱབ་པ་དང་གྲོང་ཁྱེར་དང་ཞིང་སྡེའི་གཞི་རིམ་བཅོས་སྐྱོང་འཐུས་ཚང་དུ་བཏང་། ཡིག་སྐུར་ངོ་གཏུག་བྱ་བ་ཏན་ཏིག་ངང་ལེགས་པར་བསྒྲུབས། རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཞིབ་བཤེར་ཆེན་པོ་བྱས།  རྒྱལ་ཡོངས་ཀྱི་མི་གྲངས་ཁྱབ་བཤེར་ཐེངས་བདུན་པ་དང་རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་ཡོངས་ཁྱབ་ཞིབ་བཤེར་བྱ་བ་ཡག་པོར་བསྒྲུབས།  ཐོན་སྐྱེད་བདེ་འཇགས་ཐད་ཀྱི་དོན་རྐྱེན་འབྱུང་བར་སྔོན་འགོག་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་། ཟས་རིགས་དང་སྨན་རྫས་ཀྱི་རིམས་འགོག་སྨན་ཁབ་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས།  སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་ནག་འཇོམ་ངན་སེལ་གྱི་ཆེད་དོན་འཐབ་རྩོད་རྒྱུན་ཆད་མེད་པར་སྤེལ་བས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད།

ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་བྱས།  “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་།  ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་མུ་མཐུད་དུ་ཇེ་ཡང་དུ་བཏང་།

ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་བརྙན་འཕྲིན་བརྒྱུད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་དང་རིམས་ནད་སྔོན་འགོག་གི་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུས་ཤིང་།  མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་མཐོ་རིམ་ཚོགས་འདུ་དང་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན།རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས།  ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཐུག་འཕྲད། ཨེ་ཤེ་ཡ་ཤར་མའི་མཉམ་ལས་མགོ་ཁྲིད་པའི་ཚོགས་འདུ་རབ་དང་རིམ་པའི་ཚོགས་འདུ་སོགས་བྱེད་སྒོ་གལ་ཆེན་ལ་ཞུགས། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་། རྒྱལ་སྤྱིའི་ནད་ཡམས་འགོག་པའི་མཉམ་ལས་ལ་རྒྱབ་སྐྱོར་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་འཛུགས་པར་དར་སྤེལ་བྱས།  ཀྲུང་གོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ལོ་གཅིག་རིང་གི་བྱ་བ་ནི་ལས་སླ་མོ་ཞིག་མ་རེད། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཁྱོན་ཡོངས་ལ་ལྟ་རྟོག་དང་འགན་འཁྲི་གཙང་སྒྲུབ་དང་།ཁྲོམ་རའི་གྲུབ་ཆ་གཙོ་བོ་དུང་ཕྱུར་དུ་མས་རྡུང་རྡེག་ལ་ཁ་གཏད་འཇལ་བའི་ཁྲོད་དུ་ཞུམ་མེད་ཀྱི་རང་བཞིན་མཚོན་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་ལས་བརྩོན་དང་ཐུན་མོང་གིས་དཀའ་བ་མཉམ་སེལ་བྱས་པ་དེས་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་མི་རིགས་ཀྱི་སྙིང་སྟོབས་གསལ་བཤད་བྱས་པ་དང་། མི་དམངས་ནི་དཔའ་བོ་ངོ་མ་ཡིན་པ་གསལ་པོར་མཚོན་ཡོད། འདི་ནི་ང་ཚོས་དཀའ་ངལ་དང་འགྲན་སློང་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་རེད།

འཐུས་མི་རྣམ་པ་ཚོ།

འདས་ཟིན་པའི་ལོ་གཅིག་གི་ནང་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་ཀྱི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་མཛུབ་ཁྲིད་གནང་བའི་འབྲས་བུ། ཏང་ཡོངས་དང་དམག་ཡོངས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་རེད། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་དམངས་གཙོའི་ཏང་ཁག་སོ་སོ། མི་དམངས་ཀྱི་ཚོགས་པ་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ་དང་ཕྱིར་སྡོད་རང་མི་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་།རྒྱལ་སྤྱིའི་རྩ་འཛུགས།རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གྲུབ་འབྲས་ཁས་ལེན་བྱེད་པ་དང་ཆབས་ཅིག ང་ཚོས་མདུན་དུ་ལྷགས་པའི་དཀའ་ངལ་དང་འགྲན་སློང་ཡང་གསལ་བོར་མཐོང་ཡོད།  པྲོག་གསར་གློ་ཚད་རིམས་ནད་དེ་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་གནས་བབ་ཁྲོད་བརྟན་པོ་མིན་པ་དང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། འཛམ་གླིང་གི་དཔལ་འབྱོར་གནས་བབ་རྙོག་འཛིང་ལྡན་ལ་ཛ་དྲག་ཆེ།  རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་སྔར་བཞིན་ཤུགས་ཞན་ས་ཡོད་པ་དང་། དཔལ་འབྱོར་བསྐྱར་དར་གྱི་རྨང་གཞི་ད་དུང་བརྟན་པོ་མིན། སྡོད་དམངས་ཀྱི་འཛད་སྤྱོད་ལ་སྔར་བཞིན་ཚོད་འཛིན་ཐེབས་པ་དང་། མ་དངུལ་འཇོག་པར་གཏིང་ཤུགས་མི་འདང་བ། ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་བཟོ་ཚོང་ལས་རིགས་ལ་དཀའ་ངལ་ཅུང་མང་བ། ལས་ཞུགས་བརྟན་པོ་ཡོང་བའི་གནོན་ཤུགས་ཅུང་ཆེ་བ་བཅས་རེད།  གནད་འགག་གི་ཁྱབ་ཁོངས་སུ་གསར་གཏོད་བྱེད་ནུས་ཆེན་པོ་མེད།  ས་གནས་ཁ་ཤས་ཀྱི་ནོར་སྲིད་ཀྱི་གཏོང་ཡོང་འགལ་བ་འབུར་ཐོན་ཡིན་པ་དང་། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་ཞིག་རེད།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན་པ་དང་།  དམངས་ཚིས་ཁྱབ་ཁོངས་སུ་ད་དུང་ཞན་ཆ་མི་ཉུང་བ་ཞིག་ཡོད།  སྲིད་གཞུང་གི་བྱ་བའི་ཐད་ཞན་ཆ་ཡོད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཚད་མི་འདྲ་བར་གནས་པ་མ་ཟད། ལས་བྱེད་པ་ཉུང་ཤས་ཤིག་གིས་འགན་འཁྲི་མ་འཁུར་བར་ལས་དོན་ཡག་པོ་མི་སྒྲུབ་པ་བཅས་རེད།  ཁྱབ་ཁོངས་ཁ་ཤས་སུ་རུལ་སུངས་སུ་འགྱུར་བའི་གནད་དོན་སྔར་བཞིན་གནས་ཡོད་པ་དང་།  ང་ཚོས་ངེས་པར་དུ་གནད་དོན་དང་འགྲན་སློང་ལ་ཁ་གཏད་དེ་སེམས་ནུས་ཡོད་རྒུ་བཏོན་ནས་བྱ་བ་ལེགས་བཅོས་བྱས་ཏེ། མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་།

གཉིས། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་སྐབས་ཀྱི་འཕེལ་རྒྱས་གྲུབ་འབྲས་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་ཀྱི་དམིགས་འབེན་དང་ལས་འགན།

འདས་པའི་ལོ་ལྔའི་ནང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་བླངས་ཡོད།  དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་། དཔལ་འབྱོར་གྲུབ་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་གྱུར་པ། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་བདུན་ཅུ་ལ་སླེབས་མེད་པ་ནས་སྒོར་དུང་ཕྱུར་ཁྲི་བརྒྱ་ལས་བརྒལ་ཡོད།  གསར་སྐྲུན་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་དང་། མི་སྐྱེལ་འཇིག་རྟེན་འཕུར་སྐྱོད་དང་ཟླ་དཔྱད་བཟོ་སྐྲུན། མཚོ་གཏིང་བཟོ་སྐྲུན། རིམ་འདས་རྩིས་རྒྱག ཚད་རྡུལ་ཆ་འཕྲིན་སོགས་པའི་ཁྱབ་ཁོངས་སུ་ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་ཁག་ཅིག་བླངས་ཡོད།  དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་པ་དང་། ཞིང་སྡེའི་དབུལ་ཕོངས་མི་གྲངས་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་བདུན་ཁྲི་ལྔ་དབུལ་ཐར་བྱས་པ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ས་ཡ་དགུ་དང་འབུམ་དྲུག་ལྷག་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་བརྒྱུད།“ས་ཕྱོགས་གཅིག་གིས་ས་ཆ་དེ་གའི་མི་གསོ་དཀའ་བའི”དཀའ་གནད་ལས་སྒྲོལ་བ་དང་། ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་པ་དང་། ཁྱད་པར་བའི་དབུལ་ཕོངས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་བྱས་པ་རེད།  ཞིང་ལས་དེང་རབས་ཅན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། འབྲུ་རིགས་ཐོན་སྐྱེད་ལ་ལོ་བསྟུད་མར་ལོ་ལེགས་བྱུང་ཡོད།  ཞིང་ལས་ཀྱི་སྤོ་སྒྱུར་མི་གྲངས་དུང་ཕྱུར་གཅིག་དང་རྒྱུན་སྡོད་མི་གྲངས་གཞན་དག་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་པའི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་བ་དང་། མཁར་གྲོང་གི་སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་བྱེ་བ་གཉིས་དང་ས་ཡ་གཅིག་ལྷག་བསྒྱུར་བཀོད་བྱས་ཏེ།  ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད།  སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཐོན་ཁུངས་དང་ནུས་ཁུངས་བེད་སྤྱོད་པའི་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་མངོན་གསལ་བཅས་བྱས་ཡོད།  དངུལ་རྩའི་ཉེན་ཁ་ཐག་གཅོད་བྱེད་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་ཡོད།  ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཐད་ཚད་བརྒལ་གལ་ཆེན་བྱུང་བ་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་ལ་མུ་མཐུད་སྐུལ་འདེད་བཏང་བ་མ་ཟད། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ཡོད།  ཕྱི་ཕྱོགས་ལ་སྒོ་འབྱེད་ཚད་མུ་མཐུད་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།  མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད་པ་དང་། མཁར་གྲོང་གི་གསར་འཕར་ལས་ཞུགས་མི་གྲངས་བྱེ་བ་དྲུག་ལས་བརྒལ་ཞིང་། འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཡོད།  དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་ལ་ནད་གཡོག་བྱེད་པའི་ཁ་གསབ་ལམ་ལུགས་བཙུགས་ཏེ་ཁྱོན་ཡོངས་ནས་ལག་བསྟར་བྱེད་བཞིན་ཡོད་པ་དང་།  སློབ་གསོ་དང་འཕྲོད་བསྟེན། རིག་གནས་སོགས་ཁྱབ་ཁོངས་འཕེལ་རྒྱས་གཏོང་བར་གྲུབ་འབྲས་གསར་པ་བླངས་ཡོད་པ་དང་། སློབ་གསོ་འདྲ་མཉམ་དང་སྤུས་ཚད་ཇེ་མཐོར་ཕྱིན་པ། སྨན་བཅོས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ཇེ་མགྱོགས་སུ་སོང་ཡོད་པ་མ་ཟད། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་ཡོད།  རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཇེ་མཐོར་ཕྱིན་ཡོད།  རྒྱལ་ཁབ་བདེ་འཇགས་ཡོང་བར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་རྒྱུན་འཁྱོངས་བྱས་ཡོད།  ལོ་ལྔའི་རིང་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་མདུན་བསྐྱོད་གོམ་སྟབས་གསར་པ་ཞིག་སྤོས་པ་རེད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་མགོ་རྩོམ་པའི་ལོ་ལྔ་ཡིན།  རང་རྒྱལ་གྱི་འཕེལ་རྒྱས་ནི་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་གྱི་དུས་སྐབས་སུ་གནས་ཡོད་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ཚང་མར་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་བྱུང་ཡོད།  འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དམ་འཛིན་ཡང་དག་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་གསར་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་མགོ་ཡག་པོ་རྩོམ་དགོས།

《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཅན་བཅུ་བཞི་པའི་འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི》གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཅན་བཅུ་བཞི་པའི་འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་རྩ་གནད》སྒྲིག་བཟོ་བྱས་པ་རེད།  《རྩ་གནད་འཆར་ཟིན》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་ལས་འགན་གལ་ཆེན་དངོས་སྒྱུར་བྱས་ཏེ། རྩོམ་ཡིག་ཆ་ཚང་ཚོགས་ཆེན་ཐོག་ཞིབ་བཤེར་བྱ་རྒྱུར་ཕུལ་ཡོད།

—ནུས་ཤུགས་ཡོད་དགུས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  འཕེལ་རྒྱས་གཏོང་རྒྱུ་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན།  ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། ཡང་དག ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོ་ཁྱབ་པར་བྱས་ཏེ། ཕྱོགས་སོ་སོའི་ལས་ཀའི་གཙོ་གནད་དེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུའི་ཐད་འཇོག་རྒྱུའི་ཁྲིད་སྟོན་བྱས་ནས། འཕར་སྣོན་གྱི་སྦས་ཤུགས་འདོན་སྤེལ་གང་ལེགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།  དཔལ་འབྱོར་འཁོར་སྐྱོད་ཚུལ་མཐུན་གྱི་བར་མཚམས་སུ་སྲུང་འཛིན་བྱས་ཏེ། ལོ་འཁོར་སོ་སོའི་གནས་ཚུལ་ལ་གཞིགས་ནས་དཔལ་འབྱོར་འཕར་སྣོན་ཡོང་བའི་སྔོན་དཔག་དམིགས་འབེན་འདོན་པ་དང་། ལས་བཟོ་པ་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་དེ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་ལས་མཐོ་བ་དང་། མཁར་གྲོང་གི་ལས་ཀ་ཤོར་ཚད་བརྟག་དཔྱད་བྱས་པ་དེ་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་ནང་དུ་ཚོད་འཛིན་བྱས་ཏེ། དངོས་ཟོག་རིན་གོང་གི་ཆུ་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱས་པས། སྤུས་ཚད་སྔར་ལས་མཐོ་བ་དང་ཕན་འབྲས་སྔར་ལས་ཆེ་བ། སྔར་ལས་དྲང་སྙོམས་དང་སྔར་ལས་རྒྱུན་མཐུད་ཐུབ་པ། སྔར་ལས་བདེ་འཇགས་ཡིན་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད།

གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དེང་རབས་ཀྱི་ཐོན་ལས་མ་ལག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།  རང་རྒྱལ་གྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཁྱོན་ཡོངས་ནས་གསར་སྐྲུན་བྱེད་པའི་སྲོག་ཤིང་གི་གོ་གནས་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཞིག་ཏུ་བརྩི་དགོས།  རྒྱལ་ཁབ་ཀྱི་གསར་སྐྲུན་མ་ལག་འཐུས་ཚང་དུ་གཏོང་བ་དང་།  རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གིས་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་གང་མགྱོགས་སྒོས་བཙུགས་ནས།  གནད་འགག་གི་ལྟེ་བའི་ལག་རྩལ་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པ་དང་། རྨང་གཞིའི་ཞིབ་འཇུག་གི་ལོ་བཅུའི་བྱ་སྤྱོད་ཇུས་གཞི་བཟོས་ནས་ལག་ལེན་བསྟར་བ། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་གསར་སྐྲུན་གྱི་གསོན་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གསར་སྐྲུན་གྱི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་ལོ་རེར་ཆ་སྙོམས་སྒོས་བརྒྱ་ཆའི་བདུན་ཡན་འཕར་བ་བྱེད་པ། གཏོང་འཇོག་གི་ཤུགས་ཚད་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་གི་དོན་དངོས་ལས་མཐོ་བ་བཅས་བྱེད་དགོས།  ཚན་རིག་ཁྱབ་གདལ་གཏོང་བའི་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་དགོས།  དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྐང་འཛུགས་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་། ཐོན་ལས་ཀྱི་འབྲེལ་ཐག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱེད་པ། སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཀོད་དང་རིམ་སྤར་བྱེད་པ། འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ། ཞབས་ཞུའི་ལས་རིགས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱ་དགོས།  སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་དང་གསར་དར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས།  གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་གྱི་ལེགས་ཆ་གསར་པ་གཏོད་པ། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གཞི་གྲངས་ཅན་གྱི་ཕྱོགས་སྒྱུར་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། གྲངས་འཛིན་སྤྱི་ཚོགས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། གྲངས་འཛིན་སྲིད་གཞུང་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གྲངས་འཛིན་སྐྱེ་ཁམས་བཟང་པོ་བསྐྲུན་པ། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བཅས་བྱེད་དགོས།

—རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་ཞིག་ཆགས་པ་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།  ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། གསར་སྐྲུན་ལ་བརྟེན་ནས་སྐུལ་འདེད་དང་། སྤུས་ཚད་མཐོ་བའི་འདོན་སྤྲོད་ཀྱིས་དགོས་མཁོ་གསར་པར་སྣེ་ཁྲིད་དང་གསར་སྐྲུན་བྱ་དགོས།  རྒྱུ་རྐྱེན་གཙོ་བོ་ལུགས་མཐུན་ངང་འཁོར་རྒྱུག་བྱེད་པར་ཚོད་འཛིན་ཐེབས་པའི་འགག་གནད་སེལ་བ་དང་། ཐོན་སྐྱེད་དང་བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་རིམ་པ་སོ་སོར་འབྲེལ་མཐུད་བྱས་ནས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བཟང་པོ་ཡོང་བར་བྱ་དགོས།  རྒྱལ་ནང་གི་འཁོར་རྒྱུག་ཆེན་པོར་རྐང་པ་འཛུགས་པ་དང་། རྒྱལ་ནང་གི་ཚོང་ར་སྟོབས་ལྡན་དང་ཉོ་ཚོང་གི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རྒྱལ་ནང་གི་དཔལ་འབྱོར་འཁོར་སྐྱོད་མ་ལག་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ལ་འགུག་ཤུགས་ཆེན་པོ་ཆགས་པར་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་དུ་འབྲེལ་བར་སྐུལ་སྤེལ་གཏོང་དགོས།  ནང་མཁོ་རྒྱ་བསྐྱེད་པའི་ལམ་ལུགས་ནུས་ལྡན་འཛུགས་པ་དང་། འཛད་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་དང་མ་དངུལ་གཏོང་ཤུགས་རྒྱ་སྐྱེད་པ། ནང་མཁོའི་མ་ལག་འཐུས་སྒོ་ཚང་བའི་སྒོ་ནས་གསོ་སྐྱོང་གང་མགྱོགས་བཅས་བྱ་དགོས།

—ཕྱོགས་ཡོངས་ནས་ཞིང་སྡེ་དར་སྤེལ་གཏོང་བར་སྐུལ་འདེད་བཏང་སྟེ། རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཐབ་ཇུས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྨོ་ཞིང་མུའུ་དུང་ཕྱུར་བཅོ་བརྒྱད་ཀྱི་དམར་ཐིག་ནན་སྲུང་བྱེད་པ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བཟོ་སྐྲུན་དང་ས་ནག་ཐང་སྲུང་སྐྱོབ་བཟོ་སྐྲུན། ས་བོན་གྱི་བདེ་འཇགས་ཁག་ཐེག་བཅས་བྱས་ནས། མཁར་གྲོང་གཅིག་སྡུད་འཕེལ་རྒྱས་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། དབུལ་ཐར་ས་ཁུལ་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས།  མི་ལྟེ་བར་འཛིན་པའི་རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞིང་ལས་གཞན་སྒྱུར་མི་གྲངས་གྲོང་ཁྱེར་ཅན་དུ་འགྱུར་ཚད་དེ་བརྒྱ་ཆའི་རེ་ལྔའི་བར་ཇེ་མགྱོགས་སུ་གཏོང་དགོས། གྲོང་ཁྱེར་ཚོགས་པ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། རྫོང་མཁར་རྟེན་གཞི་གཙོ་བོ་ཡིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེདབཏང་སྟེ། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལག་བསྟར་དང་སྡོད་ཁང་ཁྲོམ་རའི་མ་ལག་དང་སྡོད་ཁང་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། མཁར་གྲོང་ཅན་འཕེལ་རྒྱས་གཏོང་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།

—ས་ཁོངས་ཀྱི་དཔལ་འབྱོར་གནས་སྟངས་ཇེ་ལེགས་སུ་བཏང་ནས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།  ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་བཀོད་སྒྲིག་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འདེགས་སྐྱོར་མ་ལག་འཛུགས་སྐྲུན་བྱ་དགོས།  པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བ། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་པོའི་ས་ཁུལ་འཛུགས་སྐྲུན་བྱེད་པ། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་སྡོད་ཁུལ་གསར་བ་འཛུགས་སྐྲུན་བྱ་དགོས། ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་དང་། བྱང་ཤར་ས་ཁུལ་མགྱོགས་མྱུར་སྒོས་དེང་རབས་ཅན་ལ་སྐུལ་འདེད་བྱེད་པར་ཐོད་བརྒལ་གསར་བ་ལེན་པ། དབུས་རྒྱུད་ས་ཁུལ་དར་རྒྱས་མགྱོགས་པོ་ཡོང་བར་སྐུལ་འདེད་གཏོང་བ། ཤར་རྒྱུད་ས་ཁུལ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བར་སྐུལ་ལྕག་བཅས་བྱ་དགོས།  ཁྲིན་ཏུའུ་དང་ཁྲུང་ཆིན་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།  གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་དང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ཧུར་ཐག་གིས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱ་ཆེ་རུ་གཏོང་དགོས།

—བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མུ་མཐད་དུ་ཆེ་རུ་གཏོང་དགོས།  ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་། ཁྲོམ་ར་སོ་སོའི་གསོན་ཤུགས་ལ་སྐུལ་སློང་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱི་བཀོད་པ་ལེགས་འགྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།  ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་དང་། རྒྱུ་ནོར་བདག་དབང་ལམ་ལུགས་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏོང་བ། ཚོང་ར་ཅན་གྱི་རྒྱུ་ཆ་གཙོ་བོའི་སྒྲིག་ཆས་བཅོས་སྒྱུར་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། འགྲན་རྩོད་སྲིད་ཇུས་ཀྱི་རྨང་གཞིའི་གོ་གནས་ཇེ་དྲག་ཏུ་གཏོང་བ། འགྲན་རྩོད་སྲིད་ཇུས་ཀྱི་རྨང་གཞིའི་གོ་གནས་དང་སྲིད་ཇུས་སྒྲོམ་གཞི་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།  དེང་རབས་ཀྱི་ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་འཛུགས་པ་དང་། སྲིད་གཞུང་གི་དཔལ་འབྱོར་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་དགོས།  “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། ཚོང་གཉེར་ཁོར་ཡུག་ལེགས་ཤོས་བསྐྲུན་དགོས།  ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་སྐྲུན་དང་། “རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་འཛུགས་དགོས།

ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་ཡར་སྐུལ་གཏོང་དགོས།  སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་གསུམ་དང་ཞིང་ལས། མཚེའུ་བཅས་ཀྱི་རྩྭ་ཐང་མ་ལག་བཅོས་སྐྱོང་ལ་ཤུགས་བསྣན་ནས། སྐྱེ་ཁམས་སྲུང་ཡོལ་གལ་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གཙོར་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་བསྐྲུན་ནས། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་གཅིག་ཟིན་ཡོད།  ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་བྱས་ནས་སྦགས་བཙོག་ཆེ་བའི་གནམ་གཤིས་དང་གྲོང་ཁྱེར་གྱི་བཙོག་ཆུ་གཞི་རྩའི་ཆ་ནས་མེད་པར་བཟོ་དགོས། 2030ལོར་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་རང་བདག་གིས་ལེགས་སྐྱེས་འབུལ་རྒྱུའི་དམིགས་ཚད་དོན་འཁྱོལ་བྱ་དགོས།  འཕེལ་རྒྱས་རྣམ་པ་ལྗང་མདོག་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་བཏང་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་མཉམ་དུ་སྐུལ་འདེད་གཏོང་བ། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་བསྡོམས་འབོར་ནུས་ཁུངས་ཟད་གྲོན་དང་དབྱང་གཉིས་ཐན་འགྱུར་འབུད་ཚད་སོ་སོར་བརྒྱ་ཆའི་བཅུ་གསུམ་གྲངས་ཆུང་ལྔ་དང་བརྒྱ་ཆའི་བཅོ་བརྒྱད་ཇེ་དམའ་རུ་གཏོང་དགོས།

—དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།  ནུས་ཤུགས་ཅི་ཡོད་འདོན་པ་དང་རང་ནུས་ལྟར་བྱ་བ་བསྒྲུབ་རྒྱུ་རྒྱུན་འཁྱོངས་དང་། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ལྡན་པའི་དམངས་ཚིས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་སྤེལ་གཏོང་བའི་བྱ་སྤྱོད་ཀྱི་རྩ་གནད་གཏན་འབེབས་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོག་པར་བྱ་དགོས། ལས་ཞུགས་སྔོན་ལ་འཛིན་པའི་འཐབ་ཇུས་ལག་བསྟར་དང་ལས་ཀར་ཞུགས་ཁྱོན་ཆེ་རུ་གཏོང་དགོས།  ཡོང་འབབ་དམའ་བའི་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་བར་ཤུགས་རྒྱག་པ་དང་། ཡོང་འབབ་འབྲིང་གྲས་ཚོགས་སྤྱི་རྒྱ་སྐྱེད་དུ་གཏོང་བ། སྡོད་དམངས་རེའི་ཆ་སྙོམས་ཀྱི་ཡོང་འབབ་འཕར་ཚད་དེ་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་འདྲ་ཡོང་བར་བྱ་དགོས།  སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྲུན། སློབ་གསོའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། སློབ་གསོའི་སྤུས་ཚད་མཐོར་འདེགས་དང་ཤོང་ཚད་རྒྱ་སྐྱེད་གཏོང་བའི་བཟོ་སྐྲུན་ལག་བསྟར། ངལ་རྩོལ་ལོ་ཚད་ཀྱི་མི་གྲངས་ལ་ཆ་སྙོམས་སློབ་གསོ་མྱོང་ཚད་ལོ་བཅུ་གཅིག་དང་ཟླ་གསུམ་བར་དུ་ཇེ་མཐོར་གཏོང་དགོས།

བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་འཛུགས་པ། མཁར་གྲོང་གི་སྨན་བཅོས་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་བ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཡོངས་ཁྱབ་ཏུ་སྤེལ་ཏེ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ཡང་བསྐྱར་ལོ་གཅིག་ཇེ་མཐོར་གཏོང་དགོས། མི་གྲངས་རྒན་རྒོན་ཅན་དུ་འགྱུར་བར་ཧུར་ཐག་གིས་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ།“རྒན་རྒོན་དང་བྱིས་པ”གཙོ་གནད་དུ་བཟུང་ནས་མི་གྲངས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། བུ་སྐྱེས་སྲིད་ཇུས་ཇེ་ལེགས་སུ་གཏོང་བ། འོས་འཚམ་གྱི་བུ་སྐྱེས་ཆུ་ཚད་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ། ཀུན་ཕན་བུ་བཅོལ་དང་གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། བཅའ་ཁྲིམས་གཏན་འཁེལ་གྱི་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་འགོར་འགྱངས་བྱེད་དགོས། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་རྒན་གསོའི་ཉེན་ཚབ་ནང་ཞུགས་ཚད་95%ཟིན་པར་བྱེད་པ། སྤྱི་ཚོགས་རོགས་སྐྱོབ་དང་དགེ་སྒྲུབ་ལམ་ལུགས་ཇེ་ལེགས་སུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་བ། ཁ་དན་ཚིག་གནས་ཀྱི་རིག་གནས་དར་སྤེལ་གཏོང་བ། ཁ་དན་ཚིག་གནས་ཀྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་པ། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།

འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱ་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲུ་རིགས་དང་། ནུས་ཁུངས་ཐོན་ཁུངས། དངུལ་རྩ་བཅས་ཀྱི་བདེ་འཇགས་འཐབ་ཇུས་ལག་བསྟར་བྱེད་པ། འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་རྒྱ་མ་དུང་ཕྱུར་ཁྲི1.3ཡན་སྲུང་འཛིན་བྱེད་པ། ནུས་ཁུངས་ཕྱོགས་བསྡུས་ཀྱིས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་དགོས། སྤྱི་པའི་བདེ་འཇགས་འགན་སྲུང་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་སྤྱི་ཚོགས་བརྟན་བརླིང་དང་བདེ་འཇགས་ཡོང་བར་སྲུང་སྐྱོང་བྱ་དགོས།

མ་འོངས་པར་རྒྱང་ལྟ་བྱས་ན། ང་ཚོར་མདུན་སྐྱོད་བགྲོད་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་བ་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི” དམིགས་འབེན་དང་ལས་འགན་ལེགས་འགྲུབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ལེའུ་གསར་པ་ཤུགས་ཆེན་པོས་རྩོམ་པར་ཡིད་ཆེས་དང་ནུས་པ་ཡོད།

གསུམ།  2021ལོའི་གཙོ་གནད་ལས་དོན།

ད་ལོ་ནི་རང་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་འཕེལ་རིམ་ཁྲོད་ཀྱི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པའི་ལོ་ཞིག་ཡིན། སྲིད་གཞུང་གི་ལས་དོན་ལེགས་པོར་བསྒྲུབས་པར།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ།  འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་གཙོ་གནད་དུ་འཛིན་པ།  བཅོས་སྒྱུར་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་པ།  མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་ལེགས་པོ་བྱེད་པ།  “བརྟན་འཇགས་དྲུག”གི་ལས་དོན་ཏན་ཏིག་གིས་སྒྲུབ་པ་དང་།“འགན་སྲུང་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་ཁོག་སྲིད་ཇུས་ལག་བསྟར་གནད་སྨིན་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་ཧུར་ཐག་གིས་རྒྱུན་འཁྱོངས་བྱེད་པ། ནང་མཁོ་རྒྱ་ཆེར་གཏོང་རྒྱུའི་འཐབ་ཇུས་མཐའ་འཁྱོངས་བྱེད་པ། ཚན་རྩལ་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ།  སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་རྒྱུན་འཁྱོངས་བྱེད་པ།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཡག་པོ་བཟོ་རྒྱུའི་འགན་ལེན་བྱེད་པ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་དགོས།

ད་ལོར་རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་ཉེན་ཁ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་མོད། འོན་ཀྱང་དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད། ང་ཚོས་ཡིད་ཆེས་བརྟན་པོ་དང་། མཁྲེགས་གཏོར་དཀའ་སེལ། སླར་གསོའི་རང་བཞིན་གྱི་འཕར་སྣོན་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། འབད་བརྩོན་སྒོས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་སྲུང་འཛིན་བྱ་དགོས།

ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི6ཡན་འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་བྱེ་བ་གཅིག་ས་ཡ་གཅིག་ཡན་གསར་དུ་ལས་ཞུགས་ཐུབ་པ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་རྟོག་ཞིབ་ཀྱི་ཚད5.5%ཙམ་ཟིན་པ།  སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི3ཡས་མས་ཡིན་པ། ཕྱིར་གཏོང་ནང་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་བ་དང་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡིན་པ།  སྡོད་དམངས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྔར་ལས་ཇེ་ལེགས་སུ་འགྲོ་བ། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན3%ཡས་མས་མར་ཆག་པ། སྦགས་བཙོག་དངོས་རིགས་གཙོ་བོ་ཕྱིར་འབུད་བྱེད་ཚད་མུ་མཐུད་དུ་མར་ཆག་པ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི1.3ཡན་དུ་སྲུང་འཛིན་བྱ་དགོས།

དཔལ་འབྱོར་འཕར་ཚད་ནི་ཕྱོགས་བསྡུས་རང་བཞིན་གྱི་དམིགས་ཚད་ཅིག་ཡིན་ཞིང་། ད་ལོའི་སྔོན་དཔག་དམིགས་ཚད་དེ6%ཡན་དུ་གཏན་འཁེལ་བྱས་པ་དང་དཔལ་འབྱོར་འཁོར་སྐྱོད་སླར་གསོ་བྱ་ཚུལ་ལ་བསམ་གཞིག་བྱས་ཚེ། ཕྱོགས་སོ་སོས་སེམས་ཤུགས་གཅིག་སྒྲིལ་ངང་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད། དཔལ་འབྱོར་འཕར་ཚད་དང་། ལས་ཞུགས། དངོས་གོང་སོགས་སྔོན་དཔག་དམིགས་ཚད་ཐོག་ནས་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་བར་མཚམས་སུ་གནས་པ་སྲུང་འཛིན་བྱེད་པའི་བླང་བྱ་མཚོན་པ་དང་། དེ་སླད་ཕྱིན་གྱི་དམིགས་འབེན་དང་བརྟན་བརླིང་ངང་སྦྲེལ་མཐུད་བྱས་ཚེ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཕན་པ་ཡོད།

ད་ལོའི་ལས་དོན་ཡག་པོ་སྒྲུབ་པར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱ་དགོས། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དང་ཆ་ཤས་ཀྱི་འཕྲལ་བསྟུན་ཐག་གཅོད་ཟུང་འབྲེལ་དམ་པོ་བྱེད་པ་རྒྱུན་འཁྱོངས་དང་། ཕྱི་ནས་ནང་དུ་ཁྱབ་པ་དང་ནང་ནས་ཡང་བསྐྱར་འབྱུང་བ་སྔོན་འགོག་བྱེད་པའི་ལས་དོན་མུ་མཐུད་དུ་ལྷོད་གཡེང་སྤུ་ཙམ་མེད་པར་ཡག་པོ་སྒྲུབ་པ་དང་། གཙོ་གནད་ས་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྔོན་འགོག་ཚོད་འཛིན་དམ་འཛིན་ཡག་པོ་བྱེད་པ། ཞན་ཆ་གསབ་པ། གཅིག་སྡུད་རང་བཞིན་གྱི་ནད་ཡམས་དང་ནད་དཔེ་མཆེད་པ་འགོག་སྲུང་ནན་མོ་བྱེད་པ། རིམས་འགོག་སྨན་ཁབ་ཞིབ་བཟོ་དང་རིན་མེད་ངང་སྨན་ཁབ་རྒྱག་པ་ཇེ་མགྱོགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་ངང་གནད་སྨིན་སྔོན་འགོག་ཚོད་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས།

ད་ལོར་གཤམ་གསལ་གྱི་ཕྱོགས་འགའི་ལས་དོན་གཙོ་གནད་དུ་བཟུང་སྟེ་ལེགས་པར་བསྒྲུབ་དགོས།

(གཅིག)སྤྱི་ཁོག་སྲིད་ཇུས་ཀྱི་མུ་འབྲེལ་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་སྐུལ་འདེད་གཏོང་དགོས། བར་མཚམས་སྙོམས་སྒྲིག་བྱེད་པའི་རྨང་གཞིའི་ཐོག་ངེས་གནས་སྙོམས་སྒྲིག་དང་། སྐབས་བསྟུན་སྙོམས་སྒྲིག གནད་འཁེལ་སྙོམས་སྒྲིག་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས། སྤྱི་ཁོག་གི་སྲིད་ཇུས་ཀྱིས་མུ་མཐུད་དུ་ཁྲོམ་རའི་གཙོ་ཤུགས་ཀྱི་དཀའ་ངལ་སེལ་བ་དང་། དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་འཁྱོངས་བྱེད་པ། འཕྲལ་མྱུར་ཁ་ཕྱོགས་མི་སྒྱུར་བར་གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་གྱི་གཞི་རྩའི་ཚད་གཞི་སྔར་བས་སྲ་བརྟན་དུ་གཏོང་བ་བཅས་བྱ་དགོས།

དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། སྔར་ལས་རྒྱུན་མཐུད་ཐུབ་པ་བྱ་དགོས། རིམས་ནད་ཚོད་འཛིན་ནུས་ལྡན་དང་དཔལ་འབྱོར་རིམ་བཞིན་སླར་གསོ་ཡོང་བར་བསམ་གཞིགས་བཏང་ནས། ད་ལོའི་ཆད་གྲངས་མཚལ་ཡིག་གི་ཚད་བརྒྱ་ཆའི3.2ཡས་མས་ལྟར་བཀོད་སྒྲིག་བྱ་རྒྱུ་ཡིན་པས་ན་ནིང་ལས་ཅུང་མར་ཆག་སྟེ་རིམས་ནད་སྔོན་འགོག་གི་དམིགས་བསལ་རྒྱལ་བུན་མི་འགྲེམས་པ་དང་། ནོར་སྲིད་ཀྱི་ཡོང་འབབ་བསྐྱར་དུ་འཕར་བའི་དབང་གིས་ནོར་སྲིད་གཏོང་སྒོའི་སྤྱིའི་གཞི་ཁྱོན་དེ་ན་ནིང་ལས་ཇེ་མང་དུ་སོང་བ་དང་། གཙོ་གནད་ནི་སྔར་བཞིན་ལས་ཞུགས་འགན་སྲུང་དང་དམངས་ཚིས་འགན་སྲུང་གི་ཁྲོམ་རའི་གྲུབ་ཆ་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད། ཀྲུང་དབྱང་རང་རིམ་པའི་གཏོང་སྒོ་མུ་མཐུད་དུ་བཀོད་སྒྲིག་བྱས་ནས་དགོས་གཏུགས་ཆེ་ལ་འགྱུར་མེད་མ་ཡིན་པའི་གཏོང་སྒོ་ཉུང་འཕྲི་བྱས་ཏེ། ས་གནས་ཀྱི་སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་སྤོ་བསྒྱུར་འཕར་ཚད་7.8%་ཡིན་པ་དང་། འཕར་ཚད་མངོན་གསལ་གྱིས་ན་ནིང་ལས་མཐོ་བ་རེད། དེའི་ནང་དོ་མཉམ་རང་བཞིན་གྱི་གཏོང་སྤྲོད་སྤོ་སྒྱུར་དང་། རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་སྲུང་རྐྱེན་སྲོལ་གྱི་བྱ་དགའི་ཁ་གསབ་མ་དངུལ་སོགས་འཕར་ཚད་ཚང་མ10%ལས་བརྒལ་ཡོད། རྒྱུན་རྣམ་ཅན་གྱི་ནོར་སྲིད་མ་དངུལ་ཐད་ཀར་སྤྲོད་པའི་རྐྱེན་སྲོལ་འཛུགས་པ་དང་ཆབས་ཅིག་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་ཀྲུང་དབྱང་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་ཁྲི2.8དེ་ཐད་ཀར་གཏོང་བའི་རྐྱེན་སྲོལ་ནང་འཇུག་པ་དང་གཞི་ཁྱོན་དེ་ན་ནིང་ལས་མངོན་གསལ་གྱིས་ཆེ་བས། གྲོང་ཁྱེར་དང་རྫོང་གི་གཞི་རིམ་ཁེ་ལས་ལ་ཕན་པ་དང་དམངས་ལ་ཕན་ཐོགས་པར་དེ་བས་དུས་ཐོག་དང་ནུས་ལྡན་གྱི་ནོར་ཤུགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད། རིམ་པ་སོ་སོའི་སྲིད་གཞུང་གིས་དམངས་ཆེད་དུ་གྲོན་ཆུང་ངང་སྤྱོད་རྒྱུ་དང་སྤྱོད་ཤེས་བཀོལ་ཤེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གཞི་རྩའི་དམངས་ཚིས་གཏོང་སྒོ་ཇེ་མང་དུ་གཏོང་རྒྱུ་ལས་ཇེ་ཉུང་དུ་མི་འགྲོ་བ་དང་།  ཁྲོམ་རའི་བྱེད་པོར་ནམ་ཡང་སྐྱེ་སྟོབས་ཀྱིས་ཁེངས་བ་བྱ་དགོས།

དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ལེགས་འགྱུར་དང་དོན་འཁྱོལ་བྱ་དགོས། ཁྲོམ་རའི་གཙོ་ཤུགས་ཀྱིས་ནུས་པ་སླར་གསོ་དང་། གསོན་ཤུགས་ཇེ་ཆེར་གཏོང་བར་ཡང་བསྐྱར་རོགས་རམ་བྱ་དགོས། ལམ་ལུགས་རང་བཞིན་གྱི་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་དང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་པའི་གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་གཟིགས་སྐྱོང་སོགས་དུས་རིམ་རང་བཞིན་གྱི་སྲིད་ཇུས་ཁག་ཅིག་ལག་བསྟར་བྱེད་པའི་དུས་བཀག་ཇེ་རིང་དུ་གཏོང་བ་དང་། གྲུབ་ཚུལ་རང་བཞིན་གྱི་དཔྱ་ཁྲལ་གཅོག་ཐབས་གསར་པ་ལག་བསྟར་བྱེད་པ། སྲིད་ཇུས་ཁག་ཅིག་ལེགས་སྒྲིག་བྱས་པ་ལས་བྱུང་བའི་ཤུགས་རྐྱེན་ལ་དམིགས་པ་བཅས་བྱ་དགོས། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་པའི་གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་དཔྱ་ཁྲལ་བསྡུ་འགོ་རྩོམ་ས་དེ་ཟླ་རེར་ཕྱིར་འཚོང་དངུལ་གྲངས་སྒོར་ཁྲི10ནས་སྒོར་ཁྲི15བར་ཇེ་མང་དུ་གཏོང་དགོས། ཁེ་ལས་ཆུང་བ་དང་ཆེས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་ལོ་རེའི་ཁྲལ་འཇལ་དགོས་བའི་ཡོང་འབབ་སྒོར་ཁྲི100ཡང་མི་ཟིན་པའི་ཁག་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་གཟིགས་སྐྱོང་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་ཡང་བསྐྱར་འབབ་ཁྲལ་ཕྱེད་ཀ་བཅག་ནས་བསྡུ་དགོས། ས་གནས་ཁག་གིས་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱས་ནས་ཁྲོམ་རའི་གཙོ་ཤུགས་ཀྱིས་ལོངས་སྤྱོད་བྱ་དགོས་རིགས་ལོངས་སྤྱོད་ཐུབ་པའི་འགན་ལེན་ཏན་ཏིག་བྱ་དགོས།

བརྟན་ཞིང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་བབ་བསྟུན་གནད་འཁེལ་དང་ལུགས་མཐུན་འོས་འཚམ་ཡོང་བ་བྱ་དགོས། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དཔལ་འབྱོར་སླར་གསོ་དང་ཉེན་ཁ་འགོག་ཟོན་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། དངུལ་ལོར་མཁོ་སྤྲོད་བྱེད་ཚད་དང་སྤྱི་ཚོགས་ཀྱི་དངུལ་བསྡུའི་གཞི་ཁྱོན་འཕར་ཚད་དེ་མིང་ཐོག་གི་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་དང་། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་བ་རྒྱུན་འཁྱོངས། སྤྱི་ཁོག་གི་འཇའ་ཤིང་སྤྱོད་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་བཅས་བྱེད་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དོ་མཉམ་གྱི་ཆུ་ཚད་ཐོག་རྩ་བའི་ཆ་ནས་བརྟན་པོ་ཡོང་བར་བྱ་དགོས། གོམ་གང་མདུན་སྤོས་སྒོས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་རུབ་བྱེད་པའི་དཀའ་གནད་སེལ་དགོས། ཀུན་ཕན་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་གྱི་སྐྱེད་ཀ་འཇལ་བའི་སྲིད་ཇུས་དུས་འགྱངས་རྒྱུན་མཐུད་དང་། ཡང་བསྐྱར་དངུལ་བུན་བཏང་ནས་སྐྱེད་ཀ་བསྐྱར་སྤྲོད་ཀྱིས་ཀུན་ཕན་དངུལ་རྩར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་འཁོར་རྒྱུག་ཁག་ཐེག་དང་གྲོན་དངུལ་མར་ཆག་པར་བྱ་དགའ་དང་ཁ་གསབ་སྤྲོད་པའི་སྲིད་ཇུས་ཡུན་རིང་དུ་གཏོང་བ་དང་། དངུལ་བུན་གྱི་ཉེན་ཁ་ཁག་བགོས་ཁ་གསབ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།  ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། དངུལ་རྩའི་སྒྲིག་གཞིའི་དཔྱད་ཞིབ་དང་། གདེང་འཇོག  ལས་འགན་ལེགས་པར་སྒྲུབ་ན་འགན་འདེད་མི་བྱེད་པ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གཏོང་ཚད་རྒྱ་བསྐྱེད་པ་དང་།   དངུལ་བུན་ཐོག་མར་བསྐྱི་མཁན་ཁྱིམ་ཚང་མུ་མཐུད་ཇེ་མང་དུ་གཏོང་བར་ཁྲིད་སྟོན་བྱས་ཏེ། དངུལ་བུན་འཕྲལ་བསྐྱི་འཕྲལ་སྤྲོད་ཁྱབ་གདལ་བཏང་ནས་མ་དངུལ་དེ་བས་མང་བ་ཚན་རྩལ་གསར་གཏོད་དང་ལྗང་མདོག་འཕེལ་རྒྱས་ཐད་ཕྱོགས་ཐུབ་པ་བྱས་ཏེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་། རྣམ་པ་གསར་བའི་ཞིང་ལས་བདག་གཉེར་གྲུབ་ཆ་གཙོ་བོ་བཅས་ལ་ཕྱོགས་པར་ཁྲིད་སྟོན་བྱས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ལས་རིགས་དང་ཁེ་ལས་ལ་ཁ་ཕྱོགས་ནས་རྒྱབ་སྐྱོར་བྱེད་དགོས། ཚོང་ལས་དངུལ་ཁང་ཆེ་གྲས་ཀྱི་ཀུན་ཕན་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་30%ཡན་འཕར་ དགོས། མཁོ་སྤྲོད་མུ་འབྲེལ་གྱི་དངུལ་རྩའི་ཞབས་ཞུ་བྱེད་སྟངས་གསར་གཏོད་བྱ་དགོས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གཏོང་སྤྲོད་འགྲོ་ལུགས་གྲོན་དངུལ་འོས་འཚམ་གྱིས་ཇེ་ཉུང་དུ་གཏོང་དགོས། བཅོལ་དངུལ་གྱི་སྐྱེད་ཀའི་ཚད་ལ་ལྟ་སྐུལ་དང་དོ་དམ་ལེགས་སྒྱུར་དང་། དངུལ་བུན་གྱི་སྐྱེད་ཀའི་ཚད་ཇེ་དམའ་རུ་གཏོང་བར་སྐུལ་འདེད། དངུལ་རྩའི་མ་ལག་གིས་དངོས་གཞིའི་དཔལ་འབྱོར་ལ་ཁེ་ཕན་སྤྲོད་རྒྱུར་མུ་མཐུད་དུ་ཁྲིད་སྟོན་བཅས་བྱ་དགོས། ད་ལོར་ངེས་པར་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་མ་དངུལ་བསྡུ་རུབ་སྔར་བས་སྟབས་བདེ་དང་། ཕྱོགས་བསྡུས་ཀྱིས་མ་དངུལ་བསྡུ་རུབ་བྱེད་པའི་མ་རྩ་དེ་བརྟན་འཇགས་ཁྲོད་ནས་མར་ཆག་པ་བྱ་དགོས།

ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་མུ་མཐུད་དུ་ཤུགས་ཆེར་གཏོང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཕན་འབྲས་ཆེ་རུ་གཏོང་དགོས། ད་ཡོད་ལས་གནས་བརྟན་པོ་ཡོང་གང་ཐུབ་བྱེད་པ་དང་། ལས་མི་ཉུང་འཕྲི་མི་བྱེད་པའི་ཁེ་ལས་ལ་མུ་མཐུད་དུ་དགོས་ངེས་ཀྱི་ནོར་ཁྲལ་དང་དངུལ་རྩ་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་དགོས། ལས་ཤོར་དང་ལས་རྨས་ཉེན་ཚབ་གྲོན་དངུལ་གྱི་ཚད་མུ་མཐུད་དུ་ཇེ་དམའ་རུ་གཏོང་བ་དང་། ལས་ཤོར་ཉེན་ཚབ་ཕྱིར་སློག་སོགས་དུས་རིམ་རང་བཞིན་གྱི་ལས་གནས་བརྟན་པོ་ཡོང་བའི་སྲིད་ཇུས་ཀྱི་ཕན་ཁེ་ཐོབ་པའི་གཞི་ཁྱོན་རྒྱ་བསྐྱེད་པ། ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི་་སྲིད་ཇུས་ལག་བསྟར་བྱེད་པའི་དུས་ཡུན་ཇེ་རིང་དུ་གཏོང་དགོས། ཁྲོམ་ར་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་དེ་ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱ་དགོས། ལས་ཞུགས་ཀྱི་ཚད་གཞི་དམའ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་།  རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་གི་དཀར་ཆག་ལེགས་བཅོས་བྱེད་པ། ཆོག་འཐུས་རིགས་ཀྱི་ལས་རིགས་ཐོབ་ཐང་རྒྱུགས་ལེན་ལས་ཀའི་ལོ་ཚད་ཀྱི་བླང་བྱ་ཇེ་དམའ་རུ་གཏོང་བའམ་ཡང་ན་མེད་པར་བཟོ་བ་བཅས་བྱེད་དགོས། ལས་ཞུགས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་བ་དང་། ལས་རིགས་ཀྱི་གནོད་འཚེ་འགན་སྲུང་གི་ཚོད་ལྟར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། སྐབས་བསྟུན་ལས་ཞུགས་མི་སྣར་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་། ལས་ཞུགས་བྱ་ཡུལ་ནས་སྤྱི་ཚོགས་ཉེན་ཚབ་ཁྲོད་ཞུགས་པའི་ཁྱིམ་ཐོའི་ཚོད་འཛིན་གློད་པར་སྐུལ་འདེད་གཏོང་དགོས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ཞིང་པ་ཞོར་ལས་པ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པ་དང་། དབང་པོ་སྐྱོན་ཅན་དང་ལས་ཞུགས་མེད་པའི་ཁྱིམ་ཚང་གི་ཁོངས་མི་སོགས་དཀའ་ངལ་ཡོད་པའི་མི་སྣའི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ལས་ཤོར་མི་སྣ་ཡང་བསྐྱར་ལས་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལས་རིགས་རྩལ་ནུས་གསོ་སྦྱོང་མ་དངུལ་གྱི་སྤྱོད་རྒྱ་ཆེ་རུ་གཏོང་བ་དང་། གཞི་ཁྱོན་ཆེ་བ་དང་རིམ་པ་མང་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པ། ལས་རིགས་རྩལ་ནུས་ཆེ་རུ་གཏོང་བ་དང་མཐོ་རིམ་ལས་རིགས་སློབ་གྲྭས་ལོ་གསུམ་གྱི་བྱ་སྤྱོད་དམིགས་ཚད་ལེགས་སྒྲུབ་བྱེད་པ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྦྱོང་གི་རྟེན་གཞི་ཁག་གཅིག་འཛུགས་པ་བཅས་བྱེད་དགོས། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱ་དགོས། ལས་ཞུགས་ཆེད་སྤྱོད་ཁ་གསབ་སོགས་ཀྱི་མ་དངུལ་སྤྱད་དེ་རིགས་ཁག་གི་ངལ་རྩོལ་ནུས་ཤུགས་ཀྱི་ཚོང་ར་དང་། ཤེས་ལྡན་མི་སྣའི་ཚོང་ར། ཉིན་གླའི་ཚོང་ར་བཅས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། ལས་ཞུགས་ཐབས་ལམ་རྒྱ་ཆེར་འབྱེད་པ། ཕུགས་འདུན་ཡོད་ལ་འཇོན་ཐང་ཡང་ཡོད་པའི་མི་ལ་དྲང་གཞག་གི་ལས་ཞུགས་གོ་སྐབས་སྔར་ལས་མང་བ་བསྐྲུན་དགོས།

(གཉིས།) གཙོ་གནད་ཁྱབ་ཁོངས་བཅོས་སྒྱུར་ལ་སྐུལ་སྤེལ་གཏིང་ཟབ་བྱས་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་ཆེས་ཆེར་སྐུལ་སྤེལ་བྱ་དགོས། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་ཆབས་ཅིག འབྲེལ་ཡོད་བཅོས་སྒྱུར་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་གསོན་ཤུགས་དང་གསར་གཏོད་ཀྱི་ནུས་པ་ཆེན་པོ་ལྡན་པའི་ཁྲོམ་རའི་གྲུབ་ཆ་གཙོ་བོ་སྐྱེད་སྲིང་བྱ་དགོས།

གོམ་གང་མདུན་སྤོས་སྒོས་སྲིད་གཞུང་གི་འགན་ནུས་བསྒྱུར་དགོས། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། སྲིད་གཞུང་གི་ནུས་པ་སྔར་ལས་འདོན་སྤེལ་ལེགས་པོ་བྱས་ཏེ། ཕན་ནུས་ལྡན་པའི་ཁྲོམ་ར་དང་འཇོན་ཐང་ལྡན་པའི་སྲིད་གཞུང་གཉིས་ཟུང་འབྲེལ་སྔར་ལས་ལེགས་པོ་བྱ་དགོས། ཚོང་རར་ཞུགས་འཐུས་མུ་མཐུད་དུ་ཇེ་ལྷོད་དུ་གཏོང་བ་དང་།  གཙོ་རྒྱུ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་པའི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་བྱེད་པ། ཁྲོམ་ར་གཙོ་བོ་རིགས་ཀྱི་ཐོན་དབང་ ཁྲིམས་ལྟར་འདྲ་མཉམ་ངང་སྲུང་སྐྱོབ་བྱ་དགོས།  “ གློད་སྡོམ་ཞབས་གསུམ” གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲོམ་ར་ཅན་དང་། ཁྲིམས་ལུགས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་ངང་བསྐྲུན་དགོས། སྲིད་འཛིན་ཆོག་འཐུས་ཀྱི་དོན་ཚན་ཚང་མ་ཞིབ་ཐོ་དོ་དམ་བྱེད་ཁོངས་སུ་འཇུག་དགོས། “ཚོང་གཉེར་དཔང་ཡིག་དང་བདག་གཉེར་ཆོག་འཐུས་དཔང་ཡིག་ལོགས་སུ་འབྱེད་པའི” བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། ཤུགས་ཆེན་པོས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཞིབ་བཤེར་མཆན་འགོད་ཀྱི་བརྒྱུད་རིམ་ཇེ་ཉུང་དུ་གཏོང་བ་དང་། རྒྱུ་ཆ་ཇེ་ཉུང་དུ་གཏོང་བ། དུས་བཀག་ཇེ་ཐུང་དུ་གཏོང་བ། འགྲོ་གྲོན་ཇེ་ཉུང་དུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། ཁྲོམ་རའི་གྲུབ་ཆ་གཙོ་བོ་ཕྱིར་འཐེན་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་སྟབས་བདེའི་ཐོ་ཁོངས་ནས་བསུབ་པའི་ལམ་ལུགས་ལག་བསྟར་བྱ་དགོས། བཟོ་ལས་ཐོན་རྫས་ཀྱི་ཆོག་འཐུས་ལམ་ལུགས་བཅོས་སྒྱུར་བྱས་ནས་རླངས་འཁོར་དང་གློག་རྡུལ་གློག་ཆས་སོགས་ལས་རིགས་ཀྱི་ཐོན་སྐྱེད་ཆོག་འཐུས་དང་འཁོར་རྒྱུག་དོ་དམ་གྱི་ལས་རིམ་ཧྲིལ་པོ་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་དོ་དམ་ནུས་ལྡན་བྱ་རྒྱུ་དེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་དགོས་ངེས་འགན་སྲུང་དུ་བརྩིས་ནས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཞིབ་མཆན་དོན་ཚན་མེད་པར་བཟོ་བའམ་ཡང་ན་མར་སྤྲོད་པའི་སྔ་གཞུག་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས། རིམ་པ་ལྟར་དང་རིགས་བཀར་ནས་ལྟ་སྐུལ་དོ་དམ་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། སྡེ་ཁག་བརྒལ་བའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་ཆ་ཚང་འཛུགས་པ་དང་། ཤུགས་ཆེན་པོས་མཉམ་སྦྲེལ་དྲ་བ་དང་ལྟ་སྐུལ་དོ་དམ་སྐུལ་འདེད་བཏང་སྟེ། ལྟ་སྐུལ་དོ་དམ་ནུས་ཤུགས་རིམ་འཕར་བྱེད་པ་དང་། ཁ་ཏན་ཚིག་ལ་མི་གནས་པར་ཆད་པ་གཅོད་པའི་ཤུགས་ཇེ་ཆེར་བཏང་ནས། དྲང་བདེན་གྱི་ལྟ་སྐུལ་དོ་དམ་ལྟར་དྲག་རྒྱས་སྙིགས་འདོར་ལ་སྐུལ་འདེད་གཏང་དགོས། གྲངས་འཛིན་སྲིད་གཞུང་འཛུགས་པར་ཤུགས་བསྣནགནས། སྲིད་དོན་གཞི་གྲངས་ཀྱི་མཉམ་སྤྱོད་མཐུན་སྦྱོར་རྐྱེན་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། གློག་རྡུལ་དཔང་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་རྒྱལ་ཡོངས་སུ་གཅིག་སྤྱོད་ཁས་ལེན་པར་སྐུལ་འདེད་བཏང་ནས། སྲིད་དོན་ཞབས་ཞུའི་དོན་ཚན་སྔར་ལས་མང་པོ་ཞིག་དྲ་རྒྱའི་སྟེང་དང་ལག་ཐོག ཐེངས་གཅིག་བཅས་ལ་སྒྲུབ་ཐུབ་པར་མངོན་འགྱུར་བྱ་དགོས། ཁེ་ལས་དང་མང་ཚོགས་ཀྱིས་རྒྱུན་པར་བསྒྲུབ་དགོས་པའི་དོན་ཚན་དག་ད་ལོར་ཞིང་ཆེན་བརྒལ་རུང་བསྒྲུབ་ཐུབ་པར་གཞི་རྩའི་སྟེང་ནས་མངོན་འགྱུར་བྱ་དགོས།

བཅོས་བསྒྱུར་གྱི་བྱེད་ཐབས་སྤྱད་ནས་ཁེ་ལས་ཐོན་སྐྱེད་ཀྱི་བདག་གཉེར་མ་གནས་ཇེ་དམའ་རུ་གཏང་བར་སྐུལ་འདེད་བྱ་དགོས། ཐོན་ནུས་དང་འགྲིམ་འགྲུལ། གློག་འཕྲིན་སོགས་རྨང་གཞི་རང་བཞིན་གྱི་ལས་རིགས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཞབས་ཞུའི་ལས་ཕྱོད་མཐོར་འདེགས་དང་དངུལ་བསྡུའི་ཆུ་ཚད་ཇེ་དམའ་རུ་གཏང་དགོས། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཡོད་ཚད་གློག་ཤུགས་ཁྲོམ་ར་ཅན་གྱི་བརྗེ་རེས་ནང་ཞུགས་ཆོག་པ་དང་། གོམ་གང་མདུན་སྤོས་ཀྱིས་ལུགས་མཐུན་མིན་པར་གློག་རིན་ཇེ་མཐོར་གཏོང་བར་གཙང་སེལ་བྱས་ཏེ། མུ་མཐུད་དུ་བཟོ་ཚོང་ལས་རིགས་ཕལ་བའི་གློག་རིན་ཇེ་དམའ་རུ་གཏང་བར་སྐུལ་འདེད་བྱ་དགོས། ཁེ་ལས་འབྲིང་ཆུང་གི་དྲ་རྒྱའི་སྐུད་པ་དང་ཆེད་སྤྱོད་སྐུད་པའི་ཆ་སྙོམས་འགྲོ་གྲོན་བརྒྱ་ཆའི་བཅུ་ཡང་བསྐྱར་ཇེ་དམའ་རུ་གཏང་དགོས། ཕྱོགས་ཡོངས་ནས་མྱུར་བགྲོད་གཞུང་ལམ་གྱི་ཧེ་བག་ཅན་གྱི་ལམ་གླ་བསྡུ་ཚད་རྒྱ་ཁྱབ་དུ་སྤེལ་ནས། བློ་ཐག་རྦད་ཆོད་ཀྱིས་ཟོང་སྐྱེལ་རླངས་འཁོར་བསྐྱོད་པའི་བགྲོད་ལམ་གྱི་མཐོ་ཚད་དང་ཞེང་ཚད་ལ་ཚད་བཀག་བཟོ་བའི་སྒྲིག་བཀོད་དང་ཞིབ་བཤེར་ས་ཚིགས་ལ་དག་ཐེར་བྱ་དགོས། གྲུ་ཁའི་འཛུགས་སྐྲུན་གྲོན་དངུལ་མེད་པར་བཟོས་ཏེ། དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀྱི་ཐེབས་རྩའི་མཁའ་སྐྱོད་ཀུང་ཟིས་བསྡུ་ལེན་བྱེད་པའི་ཚད་གཞི་བརྒྱ་ཆའི་ཉི་ཤུ་ཇེ་ཉུང་དུ་གཏང་དགོས། རིམས་ནད་ཀྱིས་ཤུགས་རྐྱེན་ཅུང་ཆེ་བའི་ས་ཁུལ་གྱི་ཞབས་ཞུ་ལས་རིགས་ཀྱི་ཁེ་ལས་ཆུང་བ་དང་སྒེར་གཉེར་བཟོ་ཚོང་ཁང་གིས་རྒྱལ་གཉེར་ཁང་བ་གླས་པའི་ཁང་རིན་ཇེ་ཉུང་དང་ཡང་ན་རིན་མེད་བྱེད་པར་སྐུལ་ལྕགས་གཏོང་དགོས། རིགས་སྣ་ཚོགས་ཀྱི་བར་ཁེ་སྒྲིག་གཞི་དག་གིས་ཞབས་ཞུའི་ཆ་རྐྱེན་དང་བརྒྱུད་རིམ། དུས་བཅད། དངུལ་ལེན་ཚད་གཞི་བཅས་ཡོངས་བསྒྲག་བྱེད་པར་སྐུལ་འདེད་གཏོང་དགོས། དཔྱ་ཁྲལ་མ་ཡིན་པའི་ཡོང་སྒོ་འོས་མཐུན་མིན་པར་འཕར་སྣོན་འབྱུང་བར་ཚོད་འཛིན་ནན་མོ་བྱས་ཏེ། གང་བྱུང་དུ་དངུལ་ལེན་པ་དང་གང་བྱུང་དུ་ཆད་པ་གཅོད་པ་སོགས་ལ་དག་ཐེར་ནན་མོ་བྱས་ནས། དམངས་ལ་ཟིང་ཆ་མི་སློང་བར། ཁྲོམ་རའི་བདག་པོས་སེམས་བདེ་བའི་ངང་ནས་བདག་གཉེར་དང་སེམས་ཁུར་མེད་པར་མདུན་དུ་བསྐྱོད་དགོས། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་རིགས་མང་པོ་ཐུན་མོང་ཐོག་འཕེལ་རྒྱས་གཏང་བར་སྐུལ་འདེད་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་བཏང་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ལྕགས་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་དགོས། ཁྲོམ་རའི་རིགས་སོ་སོའི་བདག་པོ་ཚང་མ་ནི་རྒྱལ་ཁབ་དེང་རབས་ཅན་གྱི་འཛུགས་སྐྲུན་མཁན་ཡིན་པས། ཚང་མ་ཕྱོགས་རིས་མེད་པར་འདྲ་མཉམ་གྱི་ལྟ་ལྟངས་འཛིན་དགོས། རྒྱལ་གཉེར་ཁེ་ལས་བཅོས་བསྒྱུར་བྱེད་པའི་ལོ་གསུམ་འགུལ་སྐྱོད་གཏིང་ཟབ་མོས་ལག་བསྟར་བྱས་ཏེ། གཞུང་དབང་མ་རྩ་དང་རྒྱལ་གཉེར་ཁེ་ལས་ཇེ་སྟོབས་དང་ཇེ་བཟང། ཇེ་ཆེར་བཅས་བསྒྲུབ་དགོས།

རྒྱལ་གཉེར་ཁེ་ལས་མཉམ་བསྲེས་དབང་བའི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས།

གཉེན་གཙང་སྲིད་ཚོང་གི་འབྲེལ་བ་འཛུགས་པ་དང་ །དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་བར་ཚོད་འཛིན་ཐེབས་པའི་འགོག་རྐྱེན་སྣ་ཚོགས་སེལ་དགོས། ཁེ་ལས་འབྲིང་ཆུང་གི་རྩིས་ཁྲའི་ཐོག་ནས་མ་དངུལ་ཆད་འགྱངས་བྱེད་པ་འགོག་ཟོན་དང་ཐག་གཅོད་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས། རྒྱལ་ཁབ་ཀྱིས་ལས་སྟེགས་ཁེ་ལས་ཀྱིས་གསར་གཏོད་འཕེལ་རྒྱས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་ཁྲིམས་ལྟར་འཕེལ་རྒྱས་ཚད་ལྡན་གཏོང་བ་དང་གྲངས་གཞིའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། སྒེར་སྡེམ་ལ་ངོ་རྒོལ་དང་མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་པར་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲན་རྩོད་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་དགོས།

ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། སྔོན་རྩིས་ཀྱི་གཅུན་སྡོམ་དང་བྱས་འབྲས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་རྩིས་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲལ་གྲོན་གཟིགས་སྐྱོང་གི་སྲིད་ཇུས་ལོངས་སྤྱོད་བྱེད་པའི་གོ་རིམ་དང་འགྲོ་ལུགས་ཁུ་བསྡུ་བཅས་བྱ་དགོས། ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ཀྱི་བཅོས་སྒྱུར་ཇུས་གཞི་དོན་འཁྱོལ་བྱ་དགོས། ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་ཚང་དུ་གཏོང་དགོས། མུ་མཐུད་དུ་ཐབས་ལམ་མང་པོ་ནས་དངུལ་ཁང་འབྲིང་ཆུང་གི་མ་རྩ་ཁ་གསབ་བྱེད་པ་དང་། ཀུང་སིའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་སྡེའི་ཡིད་རྟོན་དངུལ་ཁང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་རིགས་དབྱེའི་རྩིས་ཐོ་ཁག་བགོས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཉེན་ཚབ་འགན་སྲུང་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཐོ་འགོད་ལམ་ལུགས་བཅོས་སྒྱུར་བརྟན་འཇགས་ངང་སྤེལ་བ་དང་། རྒྱུན་རྣམ་ཅན་གྱི་ཚོང་ར་ནས་ཕྱིར་འཐེན་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བུན་འཛིན་ཚོང་ར་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་པ་མང་བའི་མ་རྩའི་ཚོང་རའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱེད་པ། ཁྲོམ་རའི་གྲུབ་ཆ་གཙོ་བོ་ཡིན་པའི་མ་དངུལ་ཧྲིལ་བསྡུས་ཐབས་ལམ་རྒྱ་སྐྱེད་པ་བཅས་བྱ་དགོས། དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སི་དང་དངུལ་རྩའི་ཚན་རྩལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩ་གསར་གཏོད་བྱ་རྒྱུ་དེ་གཟབ་ནན་གྱིས་ལྟ་སྐུལ་དོ་དམ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས། དངུལ་རྩའི་ཉེན་ཁ་ཐག་གཅོད་བྱེད་པའི་ལས་ཀའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་ཁག་གི་འགན་འཁྲི་གཟབ་ནན་དུ་གཏོང་བ། མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱ་དགོས། དངུལ་རྩའི་སྒྲིག་གཞིས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་རང་བབ་བརྟན་སྲུང་བྱ་དགོས།

(གསུམ།)གསར་གཏོད་ལ་བརྟེན་ནས་དངོས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། འགུལ་ནུས་གསར་པ་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་དགོས། ཚན་རྩལ་གསར་གཏོད་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱ་དགོས།

ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཚན་རྩལ་སྟོབས་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་ལས་གཞི་དང་གསར་གཏོད་རྟེན་གཞིའི་བཀོད་པ་འཐུས་ཚང་དུ་གཏོང་དགོས། འགག་རྩའི་ལྟེ་བའི་ལག་རྩལ་མཁྲེགས་གཏོར་བཟོ་སྐྲུན་ལག་བསྟར་ཡག་པོ་བྱས་ནས“ཚན་རྩལ་གསར་གཏོད་ཀྱི2030-ལས་གཞི་གལ་ཆེན”ཇུས་འགོད་དང་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཚན་རྩལ་གྱི་ཆེད་དོན་ལས་གཞི་གལ་ཆེན་ལག་བསྟར་བྱེད་སྟངས་སྒྱུར་བཅོས་བྱེད་པ། “མིང་འདོན་གཙོ་ཁྲིད”སོགས་ཀྱི་རྐྱེན་སྲོལ་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་རྒྱལ་སྤྱི་དང་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་སོགས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས། ནད་རིགས་འགོག་བཅོས་མཁྲེགས་གཏོར་སོགས་དམངས་ཚིས་ཚན་རྩལ་འཕེལ་རྒྱས་སུ་གཏོང་དགོས། ཚན་རྩལ་སྒོ་འབྱེད་དང་མཉམ་ལས་བྱེད་པར་སྐུལ་སྤེལ་གཏོང་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་ཞིབ་ཡིད་རྟོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ། གསར་གཏོད་ཀྱི་སྐྱེ་ཁམས་བཟང་པོ་སྐྲུན་པ་བཅས་བྱ་དགོས། རྨང་གཞིའི་ཞིབ་འཇུག་ནི་ཚན་རྩལ་གསར་གཏོད་ཀྱི་འབྱུང་ཁུངས་ཡིན་ཞིང་། བརྟན་བརླིང་གི་རྒྱབ་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། ཀྲུང་དབྱང་རང་རིམ་པའི་རྨང་གཞིའི་ཞིབ་འཇུག་གི་གཏོང་སྒོ་བརྒྱ་ཆའི10.6འཕར་བ། འགྲོ་གྲོན་བེད་སྤྱོད་ཀྱི་རང་བདག་དབང་ཆ་རྒྱ་སྐྱེད་པའི་སྲིད་ཇུས་དོན་འཁྱོལ་དང་། ལས་གཞི་ཡིག་ཐོག་སྙན་ཞུ་དང་། དཔྱད་ཞིབ། གྲོན་དངུལ་དོ་དམ། ཤེས་ལྡན་མི་སྣའི་གདེང་འཇོག སྐུལ་ལྕག་བཅས་ཀྱི་རྐྱེན་སྲོལ་ལེགས་བཅོས་བྱེད་པ། ཚན་ཞིབ་མི་སྣའི་ལུགས་དང་མི་མཐུན་པའི་ཁུར་པོ་ཧུར་ཐག་གིས་མེད་པར་བཟོས་ཏེ། ཁོ་ཚོས་བློ་བདེ་བག་ཕེབས་ངང་ཚན་རིག་འཚོལ་ཞིབ་ལ་འབད་པ་བྱེད་པ་དང་།“ལོ་བཅུར་རལ་གྲི་གཅིག་བརྡར”བའི་སྙིང་སྟོབས་ཀྱིས་འགག་རྩའི་ལྟེ་བའི་ཁྱབ་ཁོངས་སུ་ཐོད་བརྒལ་ཆེན་པོ་འབྱུང་ཐུབ་པ་བྱ་དགོས།

ཁྲོམ་ར་ཅན་གྱི་རྐྱེན་སྲོལ་ལ་བརྟེན་ནས་ཁེ་ལས་ཀྱི་གསར་གཏོད་ལ་སྐུལ་མ་གཏོང་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ལ་ཤུགས་སྣོན་རྒྱག་པ་དང་། སྣེ་ཁྲིད་ཁེ་ལས་ཀྱིས་གསར་གཏོད་ཀྱི་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་བསྔགས་སྐུལ། ཐོན་སློབ་ཞིབ་སྤྱོད་གསུམ་གྱི་མཉམ་འདྲེས་ལམ་བུ་རྒྱ་སྐྱེད་གཏོང་བ། ཚན་རྩལ་གྲུབ་འབྲས་ཀྱི་ཐོན་དབང་ལ་སྐུལ་མ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལས་གཏོད་དངུལ་གཏོང་གི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་འཕེལ་རྒྱས་སྲིད་ཇུས་འཐུས་ཚང་དུ་གཏོང་བ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་བརྒྱ་ཆའི75ཡི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ནས། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཀྱི་སྣོན་རྩིས་འཕྲི་འཐེན་གྱི་བསྡུར་ཚད་བརྒྱ་ཆའི100བར་ཇེ་མཐོར་གཏོང་བ་དང་། ཁྲལ་བསྡུའི་གཟིགས་སྐྱོང་རྐྱེན་སྲོལ་ལ་བརྟེན་ནས་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བར་སྐུལ་མ་གཏོང་བ། ཁེ་ལས་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།

ཐོན་ལས་ཀྱི་སྦྲེལ་ཐག་ལེགས་སྒྱུར་དང་བརྟན་པོ་ཡོང་བར་བྱ་དགོས། “གསུམ་དོར་གཅིག་འཕྲི་གཅིག་གསབ་”ཀྱི་ལས་འགན་གལ་ཆེན་མུ་མཐུད་དུ་ལེགས་འགྲུབ་བྱ་དགོས། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་ཁེ་ལས་ཀྱིས་ཟླ་རེར་གནས་ཐང་འཕར་ཁྲལ་གྱི་འཕར་གྲངས་ཡོངས་སུ་ཕྱིར་སློག་པ་དང་མི་འདང་བའི་ཆ་དེ་རྗེས་མར་སྤྲོད་པར། བཟོ་སྐྲུན་ལས་རིགས་ལ་དངུལ་བུན་གཏོང་བའི་བསྡུར་ཚད་མཐོ་རུ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་བསྒྱུར་བཀོད་བྱེད་པར་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་རང་བརྟེན་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་བཟོ་སྐྲུན་ལག་བསྟར་ཡག་པོ་བྱེད་པ། ཁེ་ལས་ཆེ་གྲས་ཀྱི་སྣེ་ཁྲིད་འདེགས་སྐྱོར་དང་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མཉམ་ལས་ཀྱི་མ་ལག་ཚང་བའི་ནུས་པ་འདོན་སྤེལ་བྱེད་དགོས། བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་དང་གསར་གཏོད་སྦྲེལ་ཐག་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལས་སྟེགས་སྔར་ལས་མང་བ་བསྐྲུན་པ་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་གསར་གཏོད་ནུས་པ་དང་ཆེད་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱ་དགོས། 5Gདྲ་སྦྲེལ་དང་སྟོང་ཀྲའོ་འོད་དྲ་སྦྲེལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་བཀོལ་སྤྱོད་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།  དྲ་རྒྱའི་བདེ་འཇགས་དང་། གཞི་གྲངས་ཀྱི་བདེ་འཇགས། མི་སྒེར་གྱི་ཆ་འཕྲིན་བཅས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།  གསར་དར་ཐོན་ལས་ཀྱི་བཀོད་པ་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོར་གཏོང་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ། ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། ཐོན་ལས་སྦྲེལ་ཐག་གི་ཚད་གཞི་སྦྲེལ་མཐུད་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་བ། ལག་ཤེས་བཟོ་བའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་ཞིབ་ཚགས་ཞིབ་བཟོའི་ཐོག་ནས་ཀྲུང་གོའི་བཟོ་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས།

(བཞི།)ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་རྩ་འདི་རྒྱུན་འཁྱོངས་བྱས་ནས་རྒྱལ་ནང་གི་ཁྲོམ་རའི་སྦས་ཤུགས་སྔོག་འདོན་གང་ལེགས་བྱ་དགོས། དམངས་ཚིས་ལེགས་བཅོས་དང་དགོས་མཁོ་རྒྱ་སྐྱེད་གཏོང་བར་དམ་པོར་དམིགས་ནས། འཛད་སྤྱོད་དང་མ་དངུལ་གཏོང་བ་ཕན་ཚུན་ཟུང་འབྲེལ་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་སྟེ། མཁོ་སྤྲོད་སྔར་ལས་ཆུ་ཚད་མཐོ་བའི་འགུལ་རྣམ་དོ་མཉམ་ཡོང་བར་བྱ་དགོས།

འཛད་སྤྱོད་བརྟན་འཇགས་དང་རྒྱ་སྐྱེད་དུ་གཏོང་དགོས། ཐབས་ལམ་མང་པོར་བརྟེན་ནས་སྡོད་དམངས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་དགོས། མཁར་གྲོང་གི་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏོང་བ་དང་། གློག་རྡུལ་ཚོང་དོན་དང་མྱུར་སྐྱེལ་སོགས་ཞིང་སྡེར་མགྱོགས་སུ་གཏོང་བ། རྫོང་དང་ཡུལ་ཚོའི་འཛད་སྤྱོད་རྒྱ་སྐྱེད་དུ་གཏོང་དགོས། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་འཛད་སྤྱོད་ཆེ་རིགས་བརྟན་འཇགས་ངང་འཕར་སྣོན་གཏོང་བ་དང་། རླངས་འཁོར་རྙིང་པའི་ཉོ་འཚོང་ལུགས་མཐུན་མིན་པའི་ཚོད་འཛིན་མེད་པར་བཟོ་དགོས། རླངས་འཁོར་འཇོག་ས་དང་། གློག་གསོག་ཕུར་བུ། གློག་ཁང་བརྗེ་བ་སོགས་ཀྱི་སྒྲིག་བཀོད་འཕར་སྣོན་གཏོང་དགོས། སྒུལ་ཤུགས་གློག་སྨན་ཕྱིར་བསྡུ་དང་བེད་སྤྱོད་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། བདེ་ཐང་དང་། རིག་གནས། ཡུལ་སྐོར། ལུས་རྩལ་སོགས་ཀྱི་ཞབས་ཞུའི་འཛད་སྤྱོད་འཕེལ་རྒྱས་སུ་གཏོང་དགོས། ཁེ་ལས་ཀྱིས་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱེད་པར་བསྔགས་སྐུལ་བྱེད་པ་དང་། ཐོན་རྫས་གསར་པ་ཁྲོམ་རར་ཞུགས་པར་སྟབས་བདེ། རྒྱལ་ནང་གི་ཕྱི་ཕྱོགས་ཉོ་ཚོང་ཐོན་རྫས་ཀྱི་སྤུས་ཚད་དང་ཚད་གཞི་གཅིག་མཚུངས་ཡོང་བར་སྐུལ་སྤེལ་བཅས་བྱ་དགོས། ཚོང་ཁང་ཆུང་གྲས་སོགས་དམངས་བདེའི་ཞབས་ཞུའི་ལས་རིགས་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཡོང་བར་འགན་སྲུང་བྱ་དགོས། “དྲ་སྦྲེལ”བེད་སྤྱོད་ཡག་པོ་བྱས་ནས་དྲ་ཐོག་དང་དྲ་ཕྱི་དེ་བས་རྒྱ་ཆེ་ཞིང་གཏིང་ཟབ་པའི་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་འཕེལ་རྒྱས་བཏང་ནས་འཛད་སྤྱོད་པར་སྟབས་བདེ་ལ་བློ་བདེ་བའི་ཞབས་ཞུ་དང་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་དགོས། ལས་སྟེགས་ཁེ་ལས་ཀྱིས་ཚོང་བའི་ཞབས་ཞུའི་རིན་གོང་ལུགས་མཐུན་ངང་ཇེ་དམའ་རུ་གཏོང་བར་ཁྲིད་སྟོན་བྱ་དགོས། འཛད་སྤྱོད་ནུས་པ་བརྟན་བརླིང་ངང་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཁོར་ཡུག་ལེགས་སུ་བཏང་སྟེ་གྲོང་མིར་འཛད་སྤྱོད་དང་འཛད་སྤྱོད་བྱེད་དུ་བཅུག་ནས་དམངས་འཚོ་ལེགས་བཅོས་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

ཕན་ནུས་ལྡན་པའི་དངུལ་གཏོང་གཞི་ཁྱོན་ཆེ་རུ་གཏོང་དགོས། ད་ལོར་ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར་ཁྲི3.65བཀོད་སྒྲིག་བྱས་ནས་བུན་འཛིན་མ་དངུལ་བེད་སྤྱོད་ཇེ་ལེགས་སུ་གཏོང་བ་དང་། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིར་ སྔོན་ལ་རོགས་སྐྱོར་བྱེད་པ། བེད་སྤྱོད་ཁྱབ་ཁོངས་ལུགས་མཐུན་ངང་རྒྱ་ཆེར་གཏོང་དགོས། ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར6100བཀོད་སྒྲིག་བྱས་ཡོད། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་བཟོ་སྐྲུན་གལ་ཆེན་ལ་མུ་མཐུད་དུ་རྒྱབ་སྐྱོར་དང་།“གསར་བ་གཉིས་དང་གལ་ཆེན་གཅིག་”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད་སོགས་གལ་ཆེའི་བཟོ་སྐྲུན་ལས་གཞི་ཁག་ཅིག་ལག་བསྟར་བྱེད་པ། ཆ་འཕྲིན་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་པ། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཕེལ་རྒྱས་སུ་གཏོང་བ་བཅས་བྱ་དགོས། སྲིད་གཞུང་གིས་མ་དངུལ་གཏོང་ཚད་དེ་ཁྱབ་རྒྱ་ཆེ་བའི་དམངས་ཚིས་ལས་གཞིར་ཆེས་ཆེར་ཕྱོགས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་5སྟོང3གསར་དུ་ལས་འགོ་ཚུགས་པ་དང་སྒྱུར་བཀོད་བྱས་ནས་རྫོང་མཁར་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། མ་དངུལ་གཏོང་བར་ཞིབ་མཆན་འགོད་པའི་གོ་རིམ་སྟབས་བདེར་བཟོ་བ་དང་། ཁེ་ལས་ཀྱི་དངུལ་གཏོང་ལས་གཞིའི་ཁས་ལེན་ལམ་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིར་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། སྤྱི་ཚོགས་ཀྱི་མ་རྩ་ཟབ་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། གོམ་གང་མདུན་སྤོས་སྒོས་དམངས་ཁྲོད་ནས་མ་དངུལ་གཏོང་པར་བར་ཆད་བཟོ་བའི་འགོག་རྐྱེན་སྣ་ཚོགས་སེལ་ཏེ། ཁྱབ་ཁོངས་སྔར་ལས་མང་པོའི་ནང་དུ་སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་ཐུབ་པ་དང་། འཕེལ་རྒྱས་གཏོང་ཐུབ་པ། བྱས་རྗེས་འཇོག་ཐུབ་པ་བཅས་བྱ་དགོས།

(ལྔ།)ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཞིང་ལས་བརྟན་འཇགས་ངང་འཕེལ་རྒྱས་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་སྐྱེད་དམ་འཛིན་ལེགས་པོ་བྱེད་པ། ཞིང་སྡེའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་དགོས།

དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ཞིང་སྡེ་དར་སྤེལ་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱ་དགོས། དབུལ་ཐར་རྫོང་ལ་དབུལ་ཐར་ཉིན་ནས་བཟུང་ལོ་5ཡི་བར་བརྒལ་དུས་ཡུན་བཙུགས་ནས་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱ་རྒྱུ་དགོས། ཡང་བསྐྱར་དབུལ་པོར་མི་འགྱུར་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དབུལ་ཐར་མི་གྲངས་བརྟན་འཇགས་ངང་ལས་ཞུགས་ཐུབ་པར་བྱེད་པ། ནུས་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་ཐར་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ། གནས་སྤོས་རྗེས་མཐུད་ཀྱི་རོགས་སྐྱོར་ལས་དོན་ལེགས་པོར་སྒྲུབ་པ། རིམ་པ་དང་རིགས་བགོས་ནས་ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་རྒྱུན་རྣམ་ཅན་དུ་འགྱུར་བའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ཕོངས་བསྐྱར་དུ་མི་འབྱུང་བར་འགན་ལེན་ཏན་ཏིག་བྱ་དགོས། ནུབ་རྒྱུད་ས་ཁུལ་གྱི་དབུལ་ཐར་རྫོང་ཁྲོད་དུ་གཅིག་བསྡུས་ཀྱིས་ཞིང་སྡེ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ཁག་ཅིག་ལ་རྒྱབ་སྐྱོར་བྱ་དགོས། ཤར་རྒྱུད་དང་ནུབ་རྒྱུད་བར་རོགས་ལས་དང་ཁ་གཏད་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་དབྱང་གི་སྡེ་ཚན་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་རོགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ། དབུལ་ཐར་ས་ཁུལ་གྱིས་ནང་སྐྱེས་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་གཏོང་བར་མུ་མཐུད་དུ་རྒྱབ་སྐྱོར་བཅས་བྱ་དགོས།

འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་མཁོ་སྤྲོད་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས། འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་གནད་འགག་ནི་ས་བོན་དང་རྨོ་ ཞིང་ཡིན།  ས་བོན་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་སོན་བཟང་འདེམས་གསོ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། ཞིང་ལས་ཀྱི་འགག་རྩའི་ལག་རྩལ་མཁྲེགས་གཏོར་བྱེད་དགོས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ཚད་གཞི་དང་སྤུས་ཚད་མཐོ་རུ་གཏོང་བ་དང་། ཆུ་འདྲེན་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། རྨོ་ཞིང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྨོ་ཞིང་“ཞིང་ལས་མིན་པའི་ཕྱོགས་སུ་བསྒྱུར་བ”བཀག་འགོག་དང་།“འབྲུ་རིགས་མིན་པའི་ཕྱོགས་སུ་བསྒྱུར་བ”སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། ཞིང་ལས་འཕྲུལ་ཆས་ཅན་དང་རིག་ནུས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐོན་ལས་ཁུལ་དང་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་དགོས། འབྲུ་འདེབས་ཞིང་པའི་ཁ་གསབ་བརྟན་འཇགས་སུ་གཏོང་བ་དང་། འབྲས་དང་གྲོའི་ཉོ་སྒྲུབ་རིན་གོང་དམའ་བ་འོས་འཚམ་སྒོས་ཇེ་མཐོར་གཏོང་བ། མ་རྩ་ཆ་ཚང་དང་ཡོང་འབབ་ཉེན་ཚབ་ཀྱི་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་གཏོང་དགོས། འབྲུ་རིགས་འདེབས་ཁྱོན་བརྟན་འཇགས་ཡོང་བར་བྱས་ནས་མུའུ་རེའི་ཐོན་ཚད་དང་སྤུས་ཚད་མཐོ་རུ་གཏོང་དགོས། ཐབས་མང་མཉམ་སྤྱོད་ཀྱིས་སྣུམ་རྒྱུ་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་དགོས། སྒོ་ཕྱུགས་དང་ཆུ་ཐོན་གསོ་སྤེལ་འཕེལ་རྒྱས་སུ་གཏོང་བ་དང་། གསོ་ཕག་གི་ཐོན་སྐྱེད་བརྟན་འཇགས་དང་འཕེལ་རྒྱས་སུ་གཏོང་དགོས། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཐོན་རྫས་ཚོང་རའི་མཁོ་སྤྲོད་དང་རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་འགན་སྲུང་བྱ་དགོས། འབྲུ་རིགས་གྲོན་ཆུང་བྱེད་པའི་བྱ་སྤྱོད་སྤེལ་དགོས། བཟའ་བཏུང་གི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་དོན་ཆེན་ཨང་དང་པོ་ཡིན་པས། ང་ཚོས་ངེས་པར་དུ་མི་གྲངས་དུང་ཕྱུར14ཡི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་ནུས་པ་ཡོད་ལ་འགན་ལེན་ཡང་བྱེད་ཐུབ་ངེས་ཡིན།

ཞིང་སྡེའི་བཅོས་སྒྱུར་དང་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས།  ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་པོ་དང་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བྱེད་པ། ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་བརླིང་ཡིན་པར་མ་ཟད་དུས་ཡུན་རིང་བོར་འགྱུར་མི་སྲིད་པ་དང་།     བརྟན་བརླིང་སྒོས་རྣམ་པ་སྣ་ཚོགས་དང་གཞི་ཁྱོན་འོས་འཚམ་ལྡན་པའི་བདག་གཉེར་སྐུལ་འདེད་གཏོང་བ།     ཆེད་ལས་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།     ཞིང་སྡེའི་ཁང་སའི་རྟེན་གཞིའི་ལམ་ལུགས་བསྒྱུར་བཅོས་ཚོད་ལྟའི་གནས་ལ་སྐུལ་འདེད་བརྟན་པོ་དང་གཟབ་ནན་བྱེད་དགོས།     རྣམ་པ་གསར་བའི་ཞིང་སྡེ་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་ཇེ་མགྱོགས་སུ་གཏོང་དགོས།     མཁོ་ཚོང་ཁང་དང་།     ཐུན་མོང་གི་ནགས་ཚལ་བདག་དབང་།     རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་དང་ནགས་ར།     ས་རྒོད་ཕྲུ་སློག་སོགས་ཀྱི་བསྒྱུར་བཅོས་ཟབ་སྤེལ་བྱ་དགོས།     ས་ཞིང་གི་བཤིག་སྤྲོད་ཡོང་འབབ་ཞིང་ལས་དང་ཞིང་སྡེ་རུ་སྤྱོད་པའི་བསྡུར་ཚད་མཐོ་རུ་གཏོང་དགོས།     ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་ཁོངས་ནང་ཁུལ་གྱི་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།     ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྤྱོང་རེམ་འཕར་བྱེད་པའི་ལོ་ལྔའི་འགུལ་སྤྱོད་སྤེལ་འགོ་རྩོམ་དགོས།     ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།     ཞིང་པ་ཞོར་ལས་པའི་ཟླ་ཕོགས་དུས་ལྟར་ཆད་ལྷག་མེད་པར་སྤྲོད་པར་འགན་སྲུང་བྱ་དགོས།     ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་ཆེར་བཏང་ནས།     ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་དང་ཤུགས་སྣོན་བརྒྱབ་སྟེ་ཞིང་པའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས།     ཐབས་བརྒྱ་ཇུས་སྟོང་གིས་ཞིང་པ་དུང་ཕྱུར་མང་པོའི་ཡོང་འབབ་མང་ཙམ་འཕར་བ་དང་དམིགས་ས་ཡོད་པར་བྱེད་དགོས།

དྲུག་པ།      ཆུ་ཚད་མཐོ་བའི་ངང་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པར་ལག་བསྟར་བྱས་ཏེ།     ཕྱི་ཕྱོགས་ཉོ་ཚོང་དང་མ་དངུལ་བརྟན་འཇགས་ཁྲོད་སྤུས་ཚད་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བྱེད་དགོས།     ཁྱབ་རྒྱ་སྔར་ལས་ཆེ་བ་དང་ས་ཁོངས་སྔར་ལས་ཡངས་པ།     རིམ་གྲས་སྔར་ལས་གཏིང་ཟབ་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པར་ལག་བསྟར་བྱས་ཏེ།     སྔར་ལས་ལེགས་པས་སྒོ་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་སུ་ཞུགས་དགོས།

ཕྱིར་གཏོང་ནང་འདྲེན་བརྟན་བརླིང་ཁྲོད་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས།     ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཆུང་འབྲིང་གི་ཡིད་རྟོན་དངུལ་བུན་གཏོང་བར་ཤུགས་བསྣན་ཏེ།     ཕྱིར་གཏོང་ཡིད་རྟོན་འགན་བཅོལ་གྱི་ཁེབས་རྒྱ་དང་སྐྱིན་ཚབ་ཀྱི་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ།     གཏིང་ཟབ་པའི་སྒོ་ནས་ཉོ་ཚོང་ཕྱི་ནོར་གྱི་ཡོང་འབབ་དང་གཏོང་སྒོ་སྟབས་བདེ་ཅན་གྱི་ཚོད་ལྟའི་གནས་གཏིང་ཟབ་ཏུ་གཏོང་དགོས།     ལས་སྣོན་དང་ཉོ་ཚོང་གཏན་འཇགས་ཡོང་བར་བྱེད་པ་དང་།     རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་ར་སོགས་ལས་རྣམ་གསར་བ་དང་དཔེ་དབྱིབས་གསར་བ་འཕེལ་རྒྱས་སུ་གཏོང་དགོས།     ཁེ་ལས་གསར་སྤེལ་དང་སྣ་མང་ཅན་གྱི་ཚོང་ར་སོགས་ལ་རྒྱབ་སྐྱོར་བྱས་ཏེ།     རྒྱལ་མཚམས་ཀྱི་ཉོ་ཚོང་དང་ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་སུ་གཏོང་དགོས།     །     ནང་འདྲེན་དཔྱ་ཁྲལ་བསྡུ་བའི་སྲིད་ཇུས་ལེགས་སྒྲིག་དང་ལེགས་བསྒྱུར་བྱས་ཏེ།     སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་ནང་འདྲེན་ཇེ་མཐོར་འཕར་དགོས།     ཉོ་ཚོང་ལ་ཤུགས་སྣོན་དང་ཞབས་ཞུར་སྐུལ་འདེད་བཏང་ནས།     ནང་འདྲེན་བཤམས་སྟོན་ཚོགས་པ་དང་ཀྲུང་གོའི་ཉོ་ཚོང་བརྗེ་རེས་གྲོས་ཚོགས།     གྱོན་གོས་དང་ཉོ་ཚོང་ཚོགས་པ།     ཀྲུང་གོའི་སྐབས་དང་པོའི་རྒྱལ་སྤྱིའི་མཛད་སྤྱོད་དངོས་མང་བཤམས་སྟོན་ཚོགས་པ་སོགས་བབཤམས་སྟོན་ཚོགས་པ་གལ་ཆེན་དག་སྤེལ་བར་ཤུགས་སྣོན་དགོས།     རྒྱལ་སྤྱིའི་དངོས་བོའི་སྐྱེལ་འདྲེན་བདེ་བགྲོད་ལ་སྐུལ་འདེད་དང་།     གྲུ་ཁའི་དངུལ་ལེན་ཚད་ལྡན་དུ་བཏང་ནས།     གྲུ་ཁ་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་རིམ་འཕར་བྱེད་དགོས།

ཕྱི་རྒྱལ་གྱི་མ་དངུལ་ཕན་འབྲས་ལྡན་པའི་སྒོ་ནས་བེད་སྤྱོད་བྱེད་པར་འབད་བརྩོན་བྱ་དགོས།     གོམ་གང་མདུན་སྤོས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་ཆོག་འགུལ་གྱི་ལྡོག་ཕྱོགས་ཞིབ་ཐོ་ཉུང་འཕྲི་བྱེད་དགོས།     ཞབས་ཞུའི་ལས་རིགས་གོ་རིམ་ལྡན་པའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་བཏང་ནས།     ཞབས་ཞུའི་ལས་རིགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཕྱོགས་བསྡུས་ཚོད་ལྟའི་གནས་མང་ཙམ་འཛུགས་དགོས་པ་དང་།     རྒྱལ་མཚམས་ལས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་ལྡོག་ཕྱོགས་ཞིབ་ཐོ་གཏན་ཕབ་བྱེད་དགོས།     ཧའེ་ནན་རང་མོས་ཉོ་ཚོང་གི་གྲུ་ཁ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་།     རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་བཅོས་བསྒྱུར་སྒོ་འབྱེད་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ།     མཚོ་འགག་གི་དམིགས་བསལ་ལྟ་སྐུལ་དོ་དམ་ས་ཁོངས་དང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གཅིག་གྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ།     གསར་སྤེལ་ཁུལ་གྱི་སྒོ་འབྱེད་ལས་སྟེགས་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།     ཕྱི་རྒྱལ་མ་དངུལ་ཁེ་ལས་ཀྱི་འགྲན་རྩོད་འདྲ་མཉམ་ངང་སྤེལ་བར་སྐུལ་འདེད་བཏང་ནས།     ཕྱི་རྒྱལ་མ་དངུལ་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།     ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོར་མ་དངུལ་གཏོང་པ་རྒྱ་ཆེ་རུ་བཏང་ནས།     ཀྲུང་གོས་སྒོ་འབྱེད་བྱས་པའི་ཚོང་ར་ཆེན་པོ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་ལོངས་སུ་སྤྱོད་པར་དགའ་བསུ་ཞུ།

སྤུས་ཚད་མཐོ་བའི་སྒོ་ནས་“རྒྱུད་གཅིག་ལམགཅིག”མཉམའཛུགས་བྱེད་དགོས།     མཉམ་ཚོང་དང་མཉམ་སྐྲུན།     མཉམ་སྤྱོད་རྒྱུན་འཁྱོངས་བྱེད་པ་དང་།     ཁེ་ལས་གཙོ་བོ་ཡིན་པ་དང་།     ཚོང་རའི་རྩ་དོན་བརྩི་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།     སྣ་མང་ཅན་གྱི་མ་དངུལ་འཇོག་པའི་མ་ལག་འཐུས་ཚང་དང་ལས་གཞི་གལ་ཆེན་དག་མཉམ་ལས་བྱེད་པར་སྐུལ་འདེད་དང་།     བཅའ་ཁྲིམས་ཞབས་ཞུའི་འགན་སྲུང་ཇེ་དམ་དུ་གཏོང་བ།     གོ་རིམ་ལྡན་པའི་སྒོ་ནས་གལ་ཆེའི་རྣམ་གྲངས་དང་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་ལ་སོགས་སྐུལ་འདེད་གཏོང་དགོས།     ཕྱི་ཕྱོགས་སུ་མ་དངུལ་འཇོག་པའི་མཉམ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་དགོས།

ཕྱོགས་མང་ཕྱོགས་གཉིས་དང་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།     བློ་བརྟན་འགྱུར་མེད་ངང་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་སྲུང་སྐྱོང་བྱེད་དགོས།     ས་ཁོངས་ཀྱི་ཕྱོགས་ཡོངས་ནས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་ཡིག་སྔ་མོ་ནས་གོ་ཆོད་པར་ལག་བསྟར་བྱེད་པ་དང་།     ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མ་དངུལ་འཇོག་པའི་གྲོས་ཆོད་ལ་མིང་རྟགས་འགོད་པར་སྐུལ་འདེད་བཏང་ནས།     ཀྲུང་གོ་དང་འཇར་ཕན།     ཁོ་རེ་ཡ་བཅས་ཀྱི་རང་མོས་ཉོ་ཚོང་གྲོས་ཚོགས་ཀྱི་གྲོས་མོས་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས།     ཧུར་ཐག་སྒོས་ཕྱོགས་ཡོངས་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་ནས་རོགས་ཟླའི་འབྲེལ་བའི་གྲོས་མཐུན་དུ་ཞུགས་པར་བསམ་བློ་གཏོང་དགོས།     །     ཕན་ཚུན་བར་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཀྲུང་གོ་དང་ཨ་མེ་རི་ཁའི་འདྲ་མཉམ་གཉིས་ཕན་གྱི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་དགོས།     ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་ཕན་ཚུན་སྒོ་འབྱེད་བྱས་ཏེ།     གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བར་རེ་སྨོན་བཅངས་ཡོད།

བདུན་པ།     སྦགས་བཙོག་འགོག་བཅོས་དང་སྣོད་བཅུད་འཛུགས་སྐྲུན་ལ་ཤུགས་བསྣན་ནས།     ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས།     རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གཏིང་ཟབ་པའི་སྒོ་ནས་ལག་བསྟར་བྱས་ཏེ།     གནམ་སྔོན་པོ་དང་།     ཆུ་དྭངས་མོ།     ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་ཐབ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས།     ཐོན་སྐྱེད་དང་འཚོ་བ་བྱེད་སྟངས་དེ་ལྗང་མདོག་གི་རིགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་བཅས་སྐྱོང་གི་ནུས་ཤུགས་ཇེ་ཆེར་གཏོང་དགོས།     རླུང་ཁམས་ཆེན་པོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་དང་མཉམ་འགོག་མཉམ་འཛིན་གྱི་ཤུགས་ཆེ་རུ་བཏང་ནས།     ཕྲ་རྡུལ་དང་དབྱང་རླུང་མཐུན་སྦྱོར་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་བྱང་ཕྱོགས་ས་ཁུལ་གྱི་དྭངས་གཙང་དྲོད་ལེན་བྱེད་ཚད་70%ལ་སླེབས་དགོས།     གཙང་བོ་དང་རྒྱ་མཚོའི་ནང་བཞུར་བའི་བཙོག་འབུད་དང་གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་ལ་བཅོས་སྐྱོང་བྱས་ཏེ།     གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གླིང་ཁུལ་བཟོ་ལས་ཀྱི་བཙོག་ཆུ་གཙང་བཅོས་བྱེད་ནུས་ཆེ་རུ་གཏོང་བ་དང་།     ས་རྒྱུ་སྦགས་བཙོག་འབྱུང་རྐྱེན་སྔོན་འགོག་དང་ཚོད་འཛིན་དམ་པོ་བྱེས་ཏེ།     ཞིང་ལས་ཕྱོགས་ཀྱི་སྦགས་བཙོག་བཅོས་སྐྱོང་ཤུགས་སྣོན་བྱེད་དགོས།     མུ་མཐུད་དུ་ཕྱི་རྒྱལ་གྱི་གད་སྙིགས་རྒྱལ་ནང་དུ་ཡོང་བར་གཏན་འགོག་བྱེད་དགོས།     གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གོ་རིམ་ལྡན་པར་རིགས་དབྱེ་ཐག་གཅོད་བྱེད་དགོས།     མྱུར་སྐྱེལ་ཐུམ་སྒྲིལ་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།     ཉེན་ཁའི་སྙིགས་རོ་དང་སྨན་བཅོས་སྙིགས་རོ་འཚོལ་བསྡུ་དང་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་དགོས།     སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་སྲོལ་ཡིག་ལ་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱ་དགོས།     འབྲི་ཆུའི་ནང་དུ་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པ་དང་།     སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ལས་གཞི་གལ་ཆེན་ལག་བསྟར་བྱས་ཏེ།     མྱ་ངམ་ཐང་དུ་འགྱུར་བ་དང་།     བྱེ་རྡོ་ཅན་དུ་འགྱུར་བ།     ས་ཆུ་ཤོར་བ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་།     རྒྱལ་ཁོངས་སྔོ་ལྗང་ཅན་དུ་འགྱུར་བའི་འགུལ་སྤྱོད་མུ་མཐུད་དུ་རྒྱ་ཆེར་སྤེལ་དགོས།     རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་།     སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཞིག་གསོ་བྱེད་པར་སྐུལ་འདེད་གཏོང་དགོས།     ང་ཚོ་གནས་པའི་ཁྱིམ་གཞིས་འདི་སྔར་ལས་ལྷག་པའི་གནམ་སྔོན་པོ་དང་དྭངས་གཙང་གི་ཆུ་བོ་ཞིག་ཡོད་པར་འབད་དགོས།

ཏན་ཏིག་སྒོས་ཐཱན་རྩེར་སོན་པ་དང་ཐཱན་སྙོམས་པོར་འགྱུར་བའི་ལས་དོན་ཡག་པོ་སྒྲུབ་དགོས་།     2030ལོའི་སྔོན་དུ་ཐཱན་ཕྱིར་གཏོང་རྩེར་སོན་གྱི་འགུལ་སྤྱོད་ཇུས་གཞི་གཏན་ཕབ་བྱེད་དགོས།     ཐོན་ལས་སྒྲིག་གཞི་དང་ནུས་ཁུངས་སྒྲིག་གཞི་ཇེ་ལེགས་སུ་གཏོང་དགོས་།     རྡོ་སོལ་དག་གཙང་ལས་ཕྱོད་མཐོ་བའི་ངང་བེད་སྤྱོད་ཡག་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་།     ནུས་ཁུངས་གསར་བའི་འཕེལ་རྒྱས་ཤུགས་ཆེན་གཏོང་བ།     བདེ་འཇགས་ཁག་ཐེག་གི་ཆ་རྐྱེན་འོག་ཏུ་ཉིང་རྡུལ་གློག་གོ་རིམ་ལྡན་པ་དང་ཧུར་ཐག་གི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས།     ཁོར་ཡུག་སྲུང་སྐྱོབ་དང་ནུས་ཁུངས་གྲོན་ཆུང་།     ཆུ་གྲོན་ཆུང་སོགས་ཁེ་ལས་ཀྱི་འབབ་ཁྲལ་གཟིགས་སྐྱོང་་དཀར་ཆག་གི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་།     དཔེ་དབྱིབས་གསར་བའི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་རྩལ།     སྒྲིག་ཆས་ཐོན་རྫས་གསར་སྤེལ་དང་བཀོལ་སྤྱོད་ལ་ཞིབ་འཇུད་བྱེད་པར་སྐུལ་འདེད་བཏང་ནས།     ནུས་ཁུངས་གྲོན་ཆུང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་གསོ་སྐྱོང་རྒྱ་ཆེར་སྤེལ་ཏེ་ཐོན་ཁུངས་གྲོན་ཆུང་ལས་ཕྱོད་མཐོ་བའི་ངང་བེད་སྤྱོད་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།     རྒྱལ་ཡོངས་ཀྱི་ནུས་ཁུངས་སྤྱོད་དབང་དང་ཐཱན་འབུད་དབང་ཆའི་ཉོ་ཚོང་གི་ཁྲོམ་རའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།     ནུས་ཁུངས་འཛད་སྤྱོད་དང་ཚོད་འཛིན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།     དངུལ་རྩས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་སྲིད་ཇུས་ལག་བསྟར་བྱས་ཏེ།     ཐཱན་ཉུང་གཏོང་བར་རྒྱབ་སྐྱོར་བྱེད་པའི་ལག་ཆ་འཛུགས་དགོས།     སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་ཤུགས་གོང་འཕེལ་གཏོང་དགོས་།     ཀྲུང་གོ་ནི་སའི་གོ་ལའི་སྟེང་གི་གྲོང་ཚོ་ཞིག་ཡིན་པའི་ཆ་ནས།     ལག་ལེན་དངོས་ཀྱི་སྟེང་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཏེ།     དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས།

བརྒྱད་པ།      དམངས་ཚིས་བདེ་སྐྱིད་ཏན་ཏིག་ངང་ཆེ་རུ་བཏང་ནས།     སྤྱི་ཚོགས་འཛུགས་སྐྲུན་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས།     དམངས་ཀྱི་སེམས་ཁྲལ་བ་དང་དམངས་ཀྱི་དཀའ་ངལ་སེལ་རྒྱུར་མཐོང་ཆེན་བྱས་དེ།     མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་སློག་པ་དང་མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས།      སྔར་ལས་དྲང་སྙོམས་དང་སྤུས་ཚད་མཐོ་བའི་སློབ་གསོ་འཕེལ་རྒྱས་གཏོང་དགོས།     སྤྱོད་ཤེས་ལུས་མཛེས་དང་ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱས་པའི་སློབ་གསོའི་མ་ལག་བསྐྲུན་དགོས།     འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་གོང་དུ་སྤེལ་བ།     གྲོང་ཁྱེར་དང་ཞིང་སྡེ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།     ཞིང་སྡེའི་སློབ་བསྒྲུབ་ཆ་རྐྱེན་གྱི་ཞན་ཆ་མྱུར་དུ་ཁ་གསབ་དང་།     དགེ་རྒན་གྱི་གླ་ཕོག་འགན་སྲུང་གི་ལམ་ལུགས་ཆ་ཚང་དང་ཞིང་སྡེ་དགེ་རྒན་གྱི་ཐོབ་ཐང་ལེགས་བཅོས་བྱེད་དགོས།     གོམ་གང་མདུན་སྤོས་ཀྱིས་སློབ་སྔོན་སློབ་གསོས་ཞུགས་ཚད་ཇེ་མཐོ་དང་ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོའི་འགན་སྲུང་གི་ལམ་ལུགས་ཆ་ཚང་དུ་བཏང་ནས།     སྤྱི་ཚོགས་ནུས་ཤུགས་ལ་བསྟེན་ནས་སློབ་གྲྭ་འཛུགས་པར་རྒྱབ་སྐྱོར་བྱེད་དགོས།     མཐོ་འབྲིང་རིམ་པའི་སློབ་གྲྭ་སྣ་འཛོམས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ་རྫོང་རིམ་པར་མཐོ་འབྲིང་འཛུགས་པར་ཤུགས་སྣོན་བྱ་དགོས།     ལས་རིགས་སློབ་གསོའི་མཚམས་མཐུན་རང་བཞིན་ལ་ཤུགས་སྣོན་དང་གཏིང་ཟབ་སྒོས་ཐོན་ལས་དང་སློབ་གསོ་མཉམ་འབྲེལ་བྱེད་དགོས་པར་མ་ཟད།     སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་བྱས་ཏེ་ལས་རིགས་ནུས་རྩལ་རིམ་པའི་འཛིན་ཡིག་གི་སྒྲིག་ལམ་གཏིང་ཟབ་དུ་ལག་བསྟར་བྱེད་དགོས།     དམིགས་བསལ་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་ཡག་པོ་བསྒྲུབ་ནས་དམངས་སྒྲུབ་སློབ་གསོ་ཚད་ལྡན་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས།     རིགས་བཀར་ནས་རྩེ་གྲས་སློབ་ཆེན་དང་རིག་ཚན་འཛུགས་བསྐྲུན་བྱས་ཏེ།     རིག་ཚན་ཆེད་ལས་ཀྱི་སྒྲིག་གཞི་སྤུས་ལེགས་སུ་གཏོང་དགོས་པ་དང་།     རྨང་གཞིའི་རིག་ཚན་དང་སྔོན་ཐོན་རིག་ཚན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས།     གསར་དར་ཕན་སྦྲེལ་གྱི་རིག་ཚན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།     ཀྲུང་གོའི་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་དགོས།     རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སྤྱོད་རྒྱ་ཇེ་ཆེ་དང་དྲ་ངོས་སློབ་གསོའི་བཟང་ཆ་ཕྱིར་འདོན་བྱས་ནས་ཚེ་གང་སློབ་སྦྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས།      སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པ་དར་སྤེལ་གཏོང་བ།     སློབ་གསོའི་གདེང་འཇོག་བསྒྱུར་བཅོས་ཟབ་སྤེལ་དང་།     སློབ་གྲྭ་དང་ཁྱིམ་ཚང་།     སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།     སློབ་ཕྱིའི་གསོ་སྦྱོང་ཚད་ལྡན་དུ་གཏོང་དགོས།     །     དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལ་ཤུགས་སྣོན་རྒྱག་པ།     སློབ་གསོ་འདྲ་མཉམ་ཡོང་བའི་གོམ་སྟབས་སྔར་ལས་ཆེ་བ་སྤོས་ཏེ།     གྲོང་ཁྱེར་གྱི་ལས་མིའི་བུ་ཕྲུག་གི་སློབ་ཞུགས་གནད་དོན་ཐག་གཅོད་བཟང་པོ་བྱེད་པ།     མཐོ་རིམ་སློབ་གྲྭའི་སློབ་བསྡུ་མུ་མཐུད་དུ་དབུས་ནུབ་རྒྱུད་ས་ཁུལ་དང་།     ཞིང་སྡེ་ས་ཁུལ་དུ་ཁ་ཕྱོགས་པ།     ཧུར་ཐག་གིས་རྒྱ་ཆེའི་སློབ་བུ་རྣམས་བདེ་ཐང་དང་སྤྲོ་སྐྱིད་ལྡན་པའི་ངང་འཚར་ལོངས་བྱུང་བ།    བྱིས་པ་རེ་རེར་མི་ཚེ་མཚར་སྡུག་ལྡན་པའི་གོ་སྐབས་ཡོད་པ་བཅས་བྱ་དགོས།

འཕྲོད་བསྟེན་དང་བདེ་ཐང་གི་མ་ལག་འཛུགས་སྐྲུན་བྱེད་པ་སྐུལ་འདེད་གཏོང་བ།     སྔོན་འགོག་རྒྱུན་འཁྱོངས་བྱེད་པ་གཙོར་བཟུང་ནས།     བདེ་ཐང་ཀྲུང་གོའི་འགུལ་སྐྱོད་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།     རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་གཏིང་ཟབ་ངང་སྤེལ་བ།     ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་སྒྱུར་བཅོས་ཟབ་སྤེལ་དང་།     གཞི་རིམ་སྤྱི་པའི་འཕྲོད་བསྟེན་མ་ལག་ཤུགས་ཆེར་གཏོང་བ།     སྨན་བཅོས་སྔོན་འགོག་མཉམ་སྒྲུབ་རྐྱེན་སྲོལ་གསར་གཏོད་དང་།     སྤྱི་པའི་འཕྲོད་བསྟེན་གྱི་མཁོ་བསྟུན་ཐག་གཅོད་དང་དངོས་ཟོག་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས།

སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་མ་དངུལ་འཇོག་པའི་རྐྱེན་སྲོལ་བརྟན་པོ་འཛུགས་དགོས།     བསམ་པའི་འཕྲོད་བསྟེན་དང་སེམས་ཁམས་བདེ་ཐང་གི་ཞབས་ཞུར་ཤུགས་སྣོན་རྒྱག་དགོས།     གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་དང་རྒྱལ་ཁབ་གསོ་རིག་ལྟེ་གནས་དང་།     ས་ཁོངས་སྨན་བཅོས་ལྟེ་གནས་སུ་ཚོད་ལྟའི་གནས་ཡུལ་འཛུགས་སྐྲུན་བྱེད་པར་རྒྱ་བསྐྱེད་པ།     ཚན་ཁག་ཧྲིལ་པོའི་སྨན་པ་དང་།     ཞིང་སྡེའི་སྨན་པའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཏེ།     རྫོང་རིམ་པའི་སྨན་བཅོས་ཞབས་ཞུའི་ནུས་པ་རིམ་འཕར་དང་།     རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་འཛུགས་པ་ཇེ་མགྱོགས་སུ་གཏོང་དགོས།     ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་འཛིན་རྒྱུན་འཁྱོངས་བྱས་ཏེ།     ཀྲུང་ལུགས་གསོ་རིག་དར་རྒྱས་ཀྱི་ལས་གཞི་གལ་ཆེན་ལག་བསྟར་བྱེད་དགོས།     སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བར་རྒྱབ་སྐྱོར་དང་།     “མཉམ་འབྲེལ་དྲ་བ་དང་སྨན་བཅོས་བདེ་ཐང”ཚད་ལྡན་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པ།     ཟས་རིགས་དང་སྨན་རྫས།     རིམས་འགོག་སྨན་ཁབ་བཅས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་རྒྱག་པ།     སྨན་བཅོས་ཐོ་འགོད་སོགས་དམངས་ཕན་ཐབས་ཇུས་ལེགས་བཅོས་གཏོང་བ།     ཧུར་ཐག་གིས་ནད་གཞི་ཚབས་ཆེན་གྱི་ནད་པ་མགྱོགས་མྱུར་ངང་སྨན་བཅོས་བྱེད་ཐུབ་པ།     སྡོད་དམངས་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་མི་རེའི་ནོར་སྲིད་ཁ་གསབ་ཚད་གཞིའི་ཐོག་ད་དུང་སོ་སོ་སྒོར30དང་སྒོར5སྣོན་པ།     གཞི་རྩའི་སྨན་བཅོས་འགན་སྲུང་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏོང་བ།     སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་ལས་བརྒལ་ཡང་རྩིས་རྒྱག་ཐུབ་པ།     སྒོ་བསྟེན་སྨན་བཅོས་ཀྱི་མཉམ་སྐྱོབ་འགན་ལེན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས།     སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་རིམ་བཞིན་གཅིག་གྱུར་འཆར་འགོད་ཐེབས་རྩའི་རྩིས་ཞུའི་ནང་འཇུག་པ།     སྨན་རྫས་དཀོན་པའི་རིགས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ།     དེ་ལས་མང་བའི་ནད་རྙིང་དང་རྒྱུན་མཐོང་ནད་ཀྱི་སྨན་རྫས།     སྨན་སྤྱོད་རིན་ཐང་ཆེ་བའི་རྒྱུ་ཆ་གཅིག་སྡུས་ཐོག་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ།     ནད་པའི་སྨན་བཅོས་འཁུར་པོ་སྔར་ལས་ཀྱང་མངོན་གསལ་དོད་པོས་ཇེ་དམའ་རུ་གཏོང་དགོས།     མང་ཚོགས་ཀྱི་སྡོད་ཁང་དགོས་མཁོ་འགན་སྲུང་ཡག་པོ་བྱ་དགོས།     ཁང་པ་ནི་སྤྱོད་གོ་ཆོད་པའི་སྡོད་གནས་ཤིག་ཡིན་པ་ལས་ཉོ་ཚོང་རྒྱག་བྱེད་མིན་པ།     གནས་བབ་བརྟན་པོ་དང་།     ཁང་རིན་བརྟན་པོ།     སྔོན་དཔག་བརྟན་པོ་བཅས་ཡོང་བ་བྱེད་དགོས།     གྲོང་ཁྱེར་ཆེན་པོའི་སྡོད་ཁང་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་ས་ཆའི་མཁོ་སྤྲོད་མང་དུ་གཏོང་བ་དང་།     ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱེད་པ།     གཅིག་སྡུས་འཛུགས་སྐྲུན་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་དང་ཐུན་མོང་གི་ཐོན་དབང་སྡོད་ཁང་མཁོ་སྤྲོད་མང་དུ་གཏོང་བ།     ཡུན་རིང་གི་བོགས་གཏོང་ཁང་པའི་ཁྲོམ་ར་ཚད་ལྡན་ངང་འཕེལ་རྒྱས་གཏོང་བ།     སྡོད་ ཁང་གི་ཁྲལ་གྲོན་ཁུར་པོ་དམའ་རུ་གཏོང་བ།     ནུས་ཤུགས་ཡོད་རྒུས་གྲོང་མི་གསར་པར་རོགས་རམ་བྱེད་པ་དང་ན་གཞོན་སོགས་ཀྱི་སྡོད་ཁང་གི་དཀའ་ངལ་ཞི་ལྷོད་དུ་གཏོང་བ་སོགས་བྱེད་དགོས།

གཞི་རྩའི་དམངས་ཚིས་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས།     ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་དང་།     གཟིགས་སྐྱོང་བྱ་ཡུལ་གྱི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ།     གཟིགས་སྐྱོང་བྱ་ཡུལ་གྱི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་གཏོང་བ།     ཚད་ལྡན་ངང་སྲོག་ཤིང་གསུམ་པ་རྒན་གསོའི་འགན་བཅོལ་འཕེལ་རྒྱས་གཏོང་དགོས།     རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་སྤྱི་བའི་ཞབས་ཞུ་ལས་སྟེགས་འཐུས་ཚང་དུ་གཏོང་བ།     དམག་མི་དང་དམག་མིའི་ཁྱིམ་མི།     དམག་ཁོང་ནས་ཕྱིར་ལོག་པའི་དམག་མི་བཅས་ཀྱི་གཟིགས་སྐྱོང་བྱ་ཡུལ་གཞན་དག་གི་གཟིགས་སྐྱོང་བྱ་བར་ཤུགས་སྣོན་རྒྱབ་སྟེ་དམག་ཁོང་ནས་ཕྱིར་ལོག་པའི་དམག་མིའི་བྱ་བའི་མ་ལག་དང་།     འགན་སྲུང་མ་ལག་འཐུས་སྒོ་ཚང་བར་བྱ་དགོས།     ་མུ་མཐུད་དུ་ལས་ཤོར་འགན་བཅོལ་འགན་སྲུང་རྒྱ་བསྐྱེད་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ།     སྨན་བཅོས་དང་ལུས་གསོ་མཉམ་འབྲེལ་སྐུལ་འདེད་གཏོང་བ།     ཡུན་རིང་གི་ནད་སྐྱོང་འགན་བཅོལ་ལམ་ལུགས་ཀྱི་ཚོད་ལྟའི་གནས་ཡུལ་བརྟན་པོའི་ངང་སྤེལ་བ།     ཀུན་ཕན་ཅན་གྱི་རྒན་གསོའི་ཞབས་ཞུ་དང་ཕན་ཚུན་རོགས་རེས་ཅན་གྱི་རྒན་གསོ་འཕེལ་རྒྱས་གཏོང་དགོས།     ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་བྱེད་པའི་ཞབས་ཞུ་འཕེལ་རྒྱས་གཏོང་བ།     སྡེ་ཁུལ་གྱི་རྒན་གསོ་དང་།     བུ་བཅོལ་ཁང་།     ཟ་མ་ཟ་བ།     གཙང་སྦྲ་སོགས་སྣ་མང་ཅན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་བ་དང་།     ཆ་འགྲིག་སྒྲིག་བཀོད་དང་གེགས་མེད་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།     གཟིགས་སྐྱོང་སྲིད་ཇུས་སྔར་ལས་ཡག་པོ་ལག་བསྟར་བཅས་བྱས་ཏེ་སྡེ་ཁུལ་གྱི་འཚོ་བ་སྔར་ལས་ཀྱང་སྟབས་བདེ་ཡོང་བར་བྱ་དགོས།     སྲོལ་རྒྱུན་གྱི་ཞབས་ཞུའི་འགན་ལེན་བྱ་ཐབས་འཐུས་ཚང་དུ་བཏང་ནས།     རྒན་རྒོན་སོགས་ཀྱི་ཚོགས་པར་དེ་བས་འཐུས་སྒོ་ཚང་བ་དང་དེ་བས་སྙིང་ཉེ་བའི་ཞབས་འདེགས་ཞུ་དགོས།     རིག་ནུས་ཅན་གྱི་ཞབས་ཞུར་སྐུལ་འདེད་གཏོང་བར་རྒན་རྒོན་དང་དབང་པོ་སྐྱོན་ཅན་གྱི་དགོས་མཁོ་དང་འཚམ་པ་བྱེད་དགོས་པ་མ་ཟད།     རིག་ནུས་ཡོ་བྱད་ཀྱིས་ཁོ་ཚོའི་རྒྱུན་གཏན་འཚོ་བར་འགོག་རྐྱེན་མི་བཟོ་བར་བྱེད་དགོས།     དབང་པོ་སྐྱོན་ཅན་དང་དྭ་ཕྲུག་སོགས་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཕན་བདེའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།     དབང་པོ་སྐྱོན་ཅན་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ།     དབང་པོ་སྐྱོན་ཤོར་བའི་ལུས་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ།     རིམ་པ་དང་རིགས་དབྱེ་ནས་སྤྱི་ཚོགས་ཀྱི་རོགས་སྐྱོབ་ཡག་པོ་བྱས་ཏེ།     རིམས་ནད་ཀྱི་གནོད་འཚེའི་ཤུགས་རྐྱེན་ཕོག་པས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོར་བྱས་ནས་དམངས་ཚིས་མཐའ་ཚད་མཐའ་གཅིག་ཏུ་འགན་ལེན་བྱེད་དགོས།

མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས།     སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ནས།     རླབས་ཆེན་གྱི་རིམས་ནད་འགོག་པའི་སྙིང་སྟོབས་དང་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་དར་སྤེལ་དུ་བཏང་སྟེ་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།     གསར་འགྱུར་དཔེ་སྐྲུན་དང་།     རླུང་འཕྲིན་གློག་བརྙན་བརྙན་འཕྲིན།     རྩོམ་རིག་སྒྱུ་རྩལ།     མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པ།     ཡིག་ཚགས་ལ་སོགས་པའི་བྱ་གཞག་དར་རྒྱས་སུ་གཏོང་དགོས།     འཕྲིན་སྦྲེལ་དྲ་བའི་ནང་དོན་འཛུགས་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱི་དྲ་བའི་རིག་གནས་འཕེལ་རྒྱས་སུ་གཏོང་དགོས།     ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ།     རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་དངོས་པོ་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱ་དགོས།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།     རིག་གནས་དམངས་ཕན་ལས་གཞི་གསར་གཏོད་དང་ལག་བསྟར་བྱེད་པ།     དམངས་ཡོངས་ཀྱིས་དཔེ་ཀློག་བྱ་རྒྱུ་དར་སྤེལ་གཏོང་བ་བཅས་བྱ་དགོས།     ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་ཆོས་སྤེལ་རེས་ཟབ་སྤེལ་བྱ་དགོས།     དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས།     པེ་ཅིན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་སོགས་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་གྲ་སྒྲིག་ཞིབ་ཚགས་བྱེད་དགོས།

སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་དགོས།     གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་།     གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁུལ་བཅས་བཅོས་སྐྱོང་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ།     གྲོང་ཁྱེར་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཚོད་ལྟ་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས།     སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།     སྤྱི་ཚོགས་ཀྱི་ལས་དོན་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།     སྤྱི་ཚོགས་ཀྱི་རྩ་འཛུགས་དང་།     མི་ཆོས་རོགས་སྐྱོབ།     དང་བླངས་ཞབས་ཞུ།     སྤྱི་ཕན་དགེ་སྒྲུབ་བཅས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས།     བུད་མེད་དང་།     བྱིས་པ།     རྒན་པ།     དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས།     ཡིག་བསྐུར་ངོ་བཅར་ལམ་ལུགས་མུ་མཐུད་འཐུས་ཚང་དུ་བཏང་ནས་འགལ་ཟླ་དང་རྩོད་གཞི་སྣ་མང་ཅན་གྱིས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།     བཅའ་ཁྲིམས་རོགས་སྐྱོར་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་“བརྒྱད་ལྔ་”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འཆར་འགོད་ལག་བསྟར་བྱེད་འགོ་འཛུགས་དགོས།     མཁོ་བསྟུན་རོགས་སྐྱོབ་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གེགས་འགོག་གེགས་སེལ་དང་གནོད་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་བཏང་སྟེ་ཆུ་ལོག་དང་།     ཞོད་སྐྱོན།     ཐན་སྐྱོན་བཅས་དང་།     ནགས་ཚལ།     རྩྭ་ཐང་གི་མེ་སྐྱོན།     ས་གཤིས་གནོད་འཚེ།     ས་ཡོམ་སོགས་སྔོན་འགོག་དང་གནམ་གཤིས་ཀྱི་ཞབས་ཞུ་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།     བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་ལོ་གསུམ་གྱི་འགུལ་སྐྱོད་གཏིང་ཟབ་སྤེལ་ནས་ལས་འཛོལ་ཚབས་ཆེན་ཐོན་རྒྱུར་མཐའ་གཅིག་ཏུ་བཀག་འགོགབྱེད་དགོས།     སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་།     ནག་འཇོམས་ངན་སེལ་གྱི་འཐབ་རྩོད་རྒྱུན་ལྡན་ཅན་དུ་སྤེལ་བ་དང།     ཉེས་གསོག་སྣ་ཚོགས་ལ་དོགས་ཟོན་དང་རྡུང་རྡེག་བཏང་ནས་སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་བྱེད་དགོས།

འཐུས་མི་རྣམས་པ།

ལས་འགན་དང་འགྲན་སློང་གསར་པའི་མདུན་དུ།     རིམ་པ་སོ་སོའི་སྲིད་གཞུང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།     “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ།     “སྲུང་སྐྱོབ་གཉིས”བྱེད་ཐུབ་པ་བཅས་བྱས་ནས་རང་རྟོགས་ངང་བསམ་བློ་དང་།     ཆབ་སྲིད།     བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནངས་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ།     མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།     ཆབ་སྲིད་ཀྱི་རྟོགས་ནུས།     ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བླང་བྱ་དོན་འཁྱོལ་ཡོང་བ་དང་།     ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་ངང་སྤེལ་དགོས།     ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཏན་ཏིག་གིས་ཁྲིམས་ལྟར་སྲིད་འཛིན་དང་སྲིད་དོན་ཡོངས་བསྒྲགས་རྒྱུན་འཁྱོངས་བྱ་དགོས།     དྲང་གཞག་ཚུལ་མཐུན་ཀྱི་ཁྲིམས་བསྟར་ནན་པོ་དང་ཚད་ལྡན་དུ་གཏོང་དགོས།     རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཁྲིམས་མཐུན་ལྟར་དང་ལེན་དང་།     མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཞུ་བ།     རང་འགུལ་ངང་སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱེད་པ།     རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།     བཟོ་ཚོགས་དང་།     གུང་གཞོན་སྡེ་ཚོགས།     བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་དགོས།     ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་།     རུལ་སུངས་ལ་རྒོལ་བའི་འཐབ་རྩོད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།     ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱ་དགོས།     སྲིད་གཞུང་གི་ལས་བྱེད་མི་སྣས་རང་རྟོགས་ཀྱིས་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་།     ལྟ་ཞིབ་ཀྱི་ལྟ་སྐུལ།     མི་དམངས་ཀྱི་ལྟ་སྐུལ་བཅས་དང་ལེན་བྱ་དགོས།     སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཚུལ་མིན་སྤྱོད་ཡན་དང་རུལ་སུངས་སུ་གྱུར་པའི་གནད་དོན་རྒྱུན་མཐུད་ཀྱིས་བཅོས་སྐྱོང་བྱ་དགོས།

ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད་མོད།   ཕྱོགས་ཡོངས་ནས་དེང་རབས་ཅན་མངོན་འགྱུར་བྱུང་བར་ད་དུང་ལམ་ཐག་རིང་པོ་ཞིག་ལ་སྐྱོད་དགོས་པས།   སྔར་བཞིན་དཀའ་སྤྱད་འབད་བརྩོན་བྱེད་དགོས།   སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་རྒྱལ་ཁབ་ཀྱི་གཞི་རྩིའི་གནས་ཚུལ་ལ་ངེས་པར་དུ་རྐང་བཙུགས་ནས་ཅི་ནུས་སྒོས་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།   ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་དབུས་མཐོ་སར་བཞག་ནས་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ།   བདེན་འཚོལ་དངོས་སྒྲུབ་ཀྱིས་འཕེལ་རྒྱས་ལ་དོན་གཉེར་དང་དམངས་འཚོ་ལ་ཕན་པ་བསྐྲུན་དགོས།   ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བཅོས་སྒྲིག་ནན་མོ་བྱས་ཏེ།   བྱ་བའི་ཁྲོད་དབྱེ་བ་གང་ཡང་མི་འབྱེད་པའི་སྐྱོན་ངན་སེལ་ནས།   གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས།   བདེ་དུས་ཉེན་ཁ་མི་བརྗེད་པར།   སེམས་ཁྲལ་འདུ་ཤེས་ཆེར་བཏང་ནས།   དཀའ་བའི་དོན་ལ་མི་སྐྲག་ཅིང་།   ལྗིད་པའི་འགན་ལ་མི་གཡོལ་བར།   ཉེན་ཁ་དང་མི་མངོན་རྐྱེན་ངན་སྣ་ཚོགས་ལྡོག་ཐུབ་པའི་ནུས་པ་ཇེ་མཐོར་གཏོང་དགོས།  སྐུལ་སློང་བྱེད་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་དང་།   བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་དང་།   ཚོང་རའི་གྲུབ་ཆ་གཙོ་བོའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་བྱེད་ནུས་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་གཏོང་ཐབས་ལ་བརྟེན་ནས་འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱ་དགོས།   འགན་ཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པ།   བྱ་བ་དངོས་སྒྲུབ་དང་དཀའ་སྒྲུབ་བྱས་ཏེ་མུ་མཐུད་དུ་མི་དམངས་ཀྱི་འདོད་བློ་ཚིམ་པའི་གྲུབ་འབྲས་གཟེངས་ཐོན་ལེན་དགོས།

འཐུས་མི་རྣམ་པ།

ང་ཚོས་མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ།   ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་མཐར་ཕྱིན་བྱས་ཏེ།   ཀྲུང་ཧྭ་མི་རིགས་གཞི་གཅིག་ཅན་གྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས།   མི་རིགས་སོ་སོའི་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་ཡར་རྒྱས་གོང་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས།   ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐར་ཕྱིན་བྱས་ཏེ།   རང་རྒྱལ་ཆོས་ལུགས་ཀྱི་ཁ་ཕྱོགས་ཀྲུང་གོ་ཅན་ཡིན་པར་རྒྱུན་འཁྱོངས་དང་།   ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་གོམས་པར་ཁྲིད་སྟོན་བྱེད་དགོས།   ཕྱོགས་ཡོངས་ནས་ཏང་གི་ཕྱི་སྡོད་རང་མིའི་ལས་དོན་སྲིད་ཇུས་མཐར་ཕྱིན་བྱས་ནས།   ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི།   དེ་དག་སོ་སོའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་།   ཀྲུང་ཧྭའི་བུ་དང་བུ་མོའི་གཟི་བརྗིད་མཉམ་བསྐྲུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།   འདས་པའི་ལོ་གཅིག་གི་རིང་།   རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་གྲུབ་འབྲས་གསར་བ་གལ་ཆེན་ཐོབ།   མི་དམངས་དམག་དཔུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཉམས་སད་ཐེག་ཐུབ་པའི་ནུས་པ་དང་སྤྱོད་ཚུལ་བཟང་པོ་བསྟན།   ལོ་གསར་བའི་ནང་།   ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གཏོང་བའི་དགོངས་པ་མཐར་ཕྱིན་གཏིང་ཟབདང་།   དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་མཐར་ཕྱིན་ལག་བསྟར་བྱས་ཏེ།   ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་བྱ་རྒྱུ་རྒྱུན་འཁྱོངས་དང་།   དམག་ཨུའི་ཀྲུའུ་ཞི་འགན་ཁུར་ལམ་ལུགས་དོན་འཁྱོལ་ནན་མོ་བྱ་རྒྱུ།   དམག་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་འབེན་གཅིག་བསྡུས་བྱས་ཏེ།   ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་།   སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ།   ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་སུ་གཏོང་བ།   ཤེས་ལྡན་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ།   ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་ནས།   འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན།   རིག་ནུས་ཅན་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་དགོས།   ཕྱོགས་ཡོངས་ནས་དམག་སྦྱོང་དང་དམག་འཁྲུག་ལ་གྲ་སྒྲིག་སྔར་ལས་ལྷག་པར་བྱས་ཏེ།   ཕྱོགས་དང་ཁོངས་སོ་སོའི་བདེ་འཇགས་གནོད་པའི་ཉེན་ཁར་གཅིག་གྱུར་གྱིས་ལན་སློག་དགོས།   རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས།   ཁེ་ཕན་ཇེ་ཆེར་གཏོང་བའི་འཐབ་ཇུས་ནུས་པར་སྲུང་སྐྱོང་།   རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ།   རྒྱལ་སྲུང་སྐུལ་སློང་མ་ལག་འཐུས་ཚང་དུ་གཏོང་བ།   རྒྱལ་དམངས་ལ་རྒྱལ་སྲུང་སྐོར་གྱི་སློབ་གསོ་ཤུགས་ཆེན་བཏང་སྟེ།   སྲིད་གཞུང་རིམ་པ་སོ་སོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས།   བརྩི་བཀུར་གཉིས་ཀྱི་བྱ་འགུལ་གཏིང་ཟབ་སྤེལ་ཏེ།   ཉ་གསོན་ན་ཆུ་དགོས་པ་ནང་བཞིན་དུས་རབས་གསར་བའི་ལེའུ་ཡག་པོའི་མགོ་རྩོམ་དགོས།

འཐུས་མི་རྣམ་པ།

ང་ཚོས་ཕྱོགས་ཡོངས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་།   ཞང་ཀང་པས་ཞང་ཀང་སྐྱོང་བ་དང་།   ཨའོ་མོན་བས་ཨའོ་མོན་སྐྱོང་བ།   ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་བཅས་དོན་འཁྱོལ་གནད་འཁེལ་བྱས་ཏེ།   དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱི་རྩ་ཁྲིམས་དང་གཞི་རྩའི་ཁྲིམས་ལུགས་ལག་བསྟར་འབྲེལ་ཡོད་སྐོར་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས།   དམིགས་བསལ་སྲིད་འཛིན་ས་ཁོངས་ཀྱིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་དོན་འཁྱོལ་གཏོང་དགོས།   ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་ཞང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་པར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ནས།   ཞང་ཀང་དང་ཨའོ་མོན་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་རྒྱབ་སྐྱོར་དང་།   ཞང་ཀང་དང་ཨའོ་མོན་གཉིས་ཀྱི་ཡུན་རིང་གི་དར་རྒྱས་བརྟན་ལྷིང་ལ་གཅེས་འཛིན་བྱེད་དགོས།

ང་ཚོས་ཐའེ་ཝན་ལས་དོན་གྱི་སྲིད་དོན་གལ་ཆེན་ཐད་བཟུང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།   ཀྲུང་གོ་གཅིག་གི་རྩ་དོན་དང་དགུ་གཉིས་ཐུན་མོང་ལྟ་བ་མཐའ་འཁྱོངས་སྒོས།   ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་མ་གཏོང་དགོས།   ཐེ་ཝན་རང་བཙན་གྱི་ཁ་ཕྲལ་སྟོབས་ཤུགས་ལ་ཚད་མཐོའི་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།   ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་དང་སྐམ་ས་ཆེན་པོའི་ཐོག་ནས་ལམ་ལུགས་དང་སྲིད་ཇུས་འདྲ་མཉམ་ལོངས་སྤྱོད་བྱེད་པའི་ཐོབ་ཐང་འཐུས་ཚང་དང་འགན་སྲུང་བྱས་ཏེ།   མཚོ་འགག་ངོགས་གཉིས་ཀྱི་འབྲེལ་འདྲིས་དང་མཉམ་འདྲེས་གོང་འཕེལ་ཆེར་སྐུལ་ཏེ།   སེམས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་དགོས།   ང་ཚོས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ།   གོ་ལ་ཧྲིལ་བོའི་སྤུན་ཟླའི་འབྲེལ་བ་ཧུ་ར་བརྩོན་གྱིས་གོང་འཕེལ་དང་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་དང་།   མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་མ་གཏོང་དགོས།   སྒོ་འབྱེད་མཉམ་ལས་ལ་རྒྱུན་འཁྱོངས་དང་།   གོ་ལ་ཧྲིལ་བོར་བཅོས་སྐྱོང་གི་མ་ལག་དྲང་བདེན་དང་ཚུལ་མཐུན་གྱི་འཕེལ་རྒྱས་ཁ་ཕྱོགས་སུ་སྐུལ་འདེདགཏོང་དགོས།   རྒྱལ་སྤྱི་དང་ས་ཁུལ་བར་གྱི་འབྲེལ་བ་མུ་མཐུད་ཇེ་དམ་དུ་བཏང་སྟེ།   འགོས་ནད་ཚབས་ཆེན་ལ་འགོག་སྲུང་དང་ཚོད་འཛིན་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་སུ་ཞུགས་དགོས།   ཀྲུང་གོས་རྒྱལ་ཁབ་ཡོངས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་།    འདྲ་མཉམ་མཉམ་ཁེའི་རྨང་གཞིའི་ཐོག་ཞི་བདེ་མཉམ་གནས་དང་།   ཐུན་མོང་འཕེལ་རྒྱས་ཀྱི་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་བོ་རང་བཞིན་གྱི་འགྲན་སློང་ནང་ཞུགས་ཏེ།   འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

འཐུས་མི་རྣམ་པ།

འགན་ཁུར་ཆེན་པོ་ཕྲག་སྟེང་དུ་བབས་ན།   ལྷག་ཏུ་མདུན་བསྐྱོད་བྱེད་པར་སྐྲག་མི་རུང་།   ང་ཚོས་སྔར་ལས་མཐུན་སྒྲིལ་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་བསྒྲེངས་ཤིང་།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོགསེམས་ཤུགས་གཅིག་སྒྲིལ་དང་གསར་གཏོད་མདུན་སྐྱོད་བྱས་ཏེ།   ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་སྒྲུབ་གང་ལེགས་བྱས་ནས་གྲུབ་འབྲས་ཕུལ་བྱུང་བླངས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༡༠༠་འགོར་བའི་འཁྲུངས་སྐར་ལ་ལེགས་སྐྱེས་སུ་འབུལ་ཞིང་།   རང་རྒྱལ་འབྱོར་ཕྱུག་དང་དམངས་གཙོ།   དཔལ་ཡོན།   འཆམ་མཐུན།   མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དང་།   ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་གཞི་བྱས་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས།

 ཡིག་སྒྱུར་པ། གཡང་འབུམ་རྒྱལ།  ཤ་བོ་རིན་མཚོ། སྒྲོལ་མ་སྐྱིད།  ཨ་བརྟན་རྒྱལ། དངོས་སྦྱོང་སློབ་མ་བཀྲ་ཤིས་སྒྲོལ་མ།                རྣམ་རྒྱལ་འཚོ།  པད་དཀར་ཀླུ་འབུམ།