འཇམ་དཔལ་རྡོ་རྗེའི་རྡོ་བརྐོས་སྒྱུ་རྩལ་དང་ཕྱུག་བསྒྱུར་གཏམ་རྒྱུད།
2021.04.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 214

ཟི་ལིང་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་ཉི་ཤུ་ཙམ་གྱིས་ཆོད་པའི་ཧོང་ཀྲུང་ཆུའུ་ཧྲང་ཞིན་ཀྲོང་གྲོང་རྡལ་པད་ལུང་སྡེ་བ་རུ་མིང་དུ་གྲགས་པའི་མཚོ་སྔོན་ཧོར་བཀའ་བསྟན་རྡོ་བརྐོས་ཀྱི་བཟོ་གྲྭ་ཞིག་ཡོད་ཅིང་། ལོ་འགའི་སྔོན་ལ་ཡུལ་གཞན་ནས་ཟི་ལིང་གྲོང་ཁྱེར་གྱི་ཉེ་འགྲམ་དུ་གནས་སྤར་ཡོང་བའི་བཟོ་གྲྭ་དེས་རྡོ་བརྐོས་རིག་གནས་སྒྱུ་རྩལ་ལ་བྱས་རྗེས་འཇོག་བཞིན་ཐོན་རྫས་མང་པོ་རྒྱལ་ནང་གི་ས་ཆ་སོ་སོར་འཚོང་བཞིན་ཡོད་པས། རྡོ་བརྐོས་རིག་གནས་ཕྱི་ཕྱོགས་སུ་དྲིལ་སྒྲོག་དང་མང་ཚོགས་ཕྱུག་བསྒྱུར་ལམ་དུ་འཁྲིད་མཁན་གྱི་ཁེ་ལས་ཆུང་བ་ཞིག་ཏུ་གྱུར་ཡོད།

ཞིང་ཆེན་རིམ་པའི་གཞུང་ལམ་གྱི་འགྲམ་དུ་ཆགས་ཡོད་པའི་པད་ལུང་སྡེ་བར་སླེབས་པ་ན། རྣ་ལམ་དུ་ཐོས་འོངས་པ་ནི་བཟོ་གྲྭའི་འཕྲུལ་ཆས་ཀྱི་སྒྲ་དང་། མིག་ལམ་དུ་ཤར་ཡོང་བ་ནི་ལས་བཟོ་པའི་བྲེལ་འཚུབ་ཀྱིས་ཁེངས་པའི་རྣམ་པ་རེད། འཁོར་ཁང་གི་ཟུར་ནས་ཕར་བལྟས་པ་ན། ཕལ་ཆེར་དགུང་ལོ་ལྔ་བཅུ་ལ་སླེབས་པའི་ཨ་ཁུ་ཞིག་གིས་ལས་བཟོ་པ་རེ་རེར་སེམས་ཞིབ་མོས་མཛུབ་སྟོན་གནང་བཞིན་པ་མཐོང་ཐུབ། “ཡི་གེའི་ཆེ་ཆུང་དང་། ཡིག་གཟུགས། ཡི་གེའི་ཁ་དོག་སོགས་མ་ནོར་བར་གྱིས”ཞེས་ལས་བཟོ་པ་རྣམས་ལ་གཟབ་ནན་གྱིས་བཤད་རྗེས། འཁོར་ཁང་གི་ལས་རིམ་རྗེས་མའི་ལས་ཀ་སྟེ་གློག་ཀླད་ཀྱི་ནང་དུ་ཡི་གེ་གཏགས་པར་བྲེལ།

ཁོའི་མིང་ལ་འཇམ་དཔལ་རྡོ་རྗེ་ཟེར་ཞིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་ཡུལ་ཚོའི་མི་ཡིན་ལ། ད་ལྟ་རྩེ་ཁོག་རྫོང་གཟུགས་འདས་ཤུལ་བཞག་རིག་གནས་རྡོ་བརྐོས་སྒྱུ་རྩལ་གྱི་རྒྱུན་འཛིན་མི་སྣར་གྱུར་ཡོད།

རྩེ་ཁོག་རྫོང་ཧོར་ཡུལ་ཚོ་ནི་ཕྱུགས་ལས་རྐྱང་པ་གཉེར་བའི་ས་ཁུལ་ཞིག་ཡིན་ལ། འཇམ་དཔལ་རྡོ་རྗེ་ཡང་ཆུང་དུས་ནས་ས་གནས་ཀྱི་ལོ་ཚོད་མཉམ་པའི་བྱིས་པ་དག་དང་འདྲ་བར་ཕྱུགས་ཟོག་གི་རྗེས་ནས་ནར་སོན་པ་རེད། ཧོར་སྡེ་བ་རུ་ལོ་ངོ་ཉིས་བརྒྱ་ལྷག་གི་རྡོ་བརྐོས་རིག་གནས་ཀྱི་ལོ་རྒྱུས་ཡོད་པས། སྡེ་བའི་རྒན་གཞོན་ཀུན་ལ་ལག་ཏུ་རྡོ་བརྐོས་ཡོ་བྱད་ཐོགས་ནས་རྡོ་བརྐོས་སྒྱུ་རྩལ་བཞེངས་པའི་གོམས་སྲོལ་ཞིག་ཆགས་ཡོད་མོད། འོན་ཀྱང་རྡོ་ཐོག་ཏུ་ཡི་གེ་དང་ལྷ་རིས་བརྐོ་བ་ནི་ཁོ་ཚོའི་དགའ་ཕྱོགས་ཤིག་ཡིན་པ་ལས་དེ་ལ་དོ་སྣང་བྱེད་མཁན་མང་པོ་མེད།

འཇམ་དཔལ་རྡོ་རྗེ་ནི་ཆུང་དུས་ནས་སྡེ་བའི་ཁ་ཡ་ན་ཟླ་ཚོའི་གྲས་ཀྱི་བློ་རིག་ཆེས་རྣོན་པོ་དེ་ཡིན་པའི་ཁར། བྱ་བ་ཅི་ཞིག་ཡིན་རུང་སེམས་ལ་དྲན་ཕོད་པ་དང་སྒྲུབ་ཕོད་པ་ཞིག་ཡིན་པས། ཕྱུགས་རྫི་བྱས་ཏེ་འཚོ་བ་རོལ་བཞིན་པའི་འཇམ་དཔལ་རྡོ་རྗེའི་སེམས་ལ་རྡོ་བརྐོས་རིག་གནས་དར་སྤེལ་དུ་གཏོང་འདོད་ཀྱི་འདུན་པ་ཞིག་འགོག་མེད་དུ་སྐྱེས་མོད། འོན་ཀྱང་རྡོ་བརྐོས་རིག་གནས་ལ་འཇུག་དགོས་ན་ཡི་གེར་སྦྱངས་པ་དཔྱིས་ཕྱིན་པ་ཞིག་བྱེད་དགོས་པ་དང་། དེ་མིན་ཚེ་རྡོ་བརྐོས་རིག་གནས་ལ་འཇུག་པར་དཀའ་ཁག་ཆེན་པོ་ཞིག་ཡོད་པས། སློབ་གྲྭར་འགྲིམས་ཏེ་རིག་གནས་ཡི་གེར་སྦྱོང་བ་བྱེད་རྒྱུ་དེ་ནི་ཁོའི་ཐོག་མའི་བསམ་འདུན་དུ་གྱུར། བསམ་འདུན་དེ་མངོན་འགྱུར་འབྱུང་ཆེད། འཇམ་དཔལ་རྡོ་རྗེ་ས་གནས་ཀྱི་སློབ་གྲྭར་འགྲིམས་པ་དང་ས་ཆ་ཁ་ཤས་སུ་སོང་ནས་ལྷ་རིས་སྒྱུ་རྩལ་སྐོར་ལ་སྦྱངས་པ་བྱས།

ཞིང་ཆེན་ཕྱི་ནང་དུ་སློབ་གཉེར་བྱས་པ་བརྒྱུད། རྒྱུད་ལ་ཤེས་བྱ་ཡོན་ཏན་མང་པོ་འབྱོར་ཞིང་། སྤྱི་ཚོགས་སྟེང་གི་ཉམས་མྱོང་མང་པོ་ཡང་བསགས་རྗེས། རང་ས་གནས་ཀྱི་ཐུན་མིན་རིག་གནས་ཏེ་རྡོ་བརྐོས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་འབད་འདོད་ཀྱི་འདུན་པ་སེམས་ལ་བཅངས།

2009ལོ་ནས་བཟུང་ཕ་ཡུལ་རྩེ་ཁོག་རྫོང་དུ་རྡོ་བརྐོས་རིག་གནས་ཀྱི་བྱ་བར་ཞུགས། ཕ་ཡུལ་ནས་རྡོ་བརྐོས་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་ཙམ་བྱས་པ་ལས། རྡོ་བརྐོས་རིག་གནས་དེ་ཐོན་རྫས་ཀྱི་རྣམ་པ་ཅན་དུ་བསྒྱུར་བའམ་ཡང་ན་ས་ཁུལ་དང་མི་རིགས་ཀྱི་དབྱེ་བ་མེད་པར་ཁྱབ་གདལ་དུ་གཏོང་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་ཡིན་པས། འཇམ་དཔལ་རྡོ་རྗེས་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ནས་ཟི་ལིང་གྲོང་ཁྱེར་དང་ཐག་མི་རིང་བའི་ཧྲང་ཞིན་ཀྲོང་དུ་མ་དངུལ་འབོར་ཆེན་བཏང་ནས་མཚོ་སྔོན་ཧོར་བཀའ་བསྟན་རྡོ་བརྐོས་ཚད་ཡོད་ཀུང་སི་བཙུགས་པ་རེད།

ཡུལ་གཞན་ནས་ཀུང་སི་ཞིག་འཛུགས་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། ཐོག་མའི་ཁང་མིག་གྱན་འགའ་དང་ལས་བཟོ་པ་དྲུག་ནས་ད་ལྟའི་ཚད་ལྡན་བཟོ་གྲྭ་དང་ལས་བཟོ་པ་སུམ་ཅུ་ལ་སླེབས་པའི་གོ་རིམ་ཁྲོད་དཀའ་ལས་མི་ཉུང་བར་འཕྲད་མྱོང་།

ད་ལྟ་རྩེ་ཁོག་རྫོང་ཧོར་ཡུལ་ཚོ་རུ་རྡོ་བརྐོས་ལས་གྲྭ་གཉེར་བཞིན་པའི་དོན་གྲུབ་ཀྱིས་བཤད་པ་ལྟར་ན། འཇམ་དཔལ་རྡོ་རྗེ་ནི་རྡོ་བརྐོས་རིག་གནས་ལ་དགའ་ཞེན་ཆེ་ཞིང་མང་ཚོགས་ཕྱུག་བསྒྱུར་གྱི་ལམ་དུ་ཁྲིད་མཁས་པའི་མི་འཇོན་ཐང་ཅན་ཞིག་ཡིན་པས། ཕ་ཡུལ་གྱི་ཡུལ་མི་འགའ་གནའ་མཁར་ཟི་ལིང་དུ་ཁྲིད་ཡོང་ནས་ལག་རྩལ་སྦྱངས་ཏེ་ཡོང་སྒོ་བཙལ་ཅི་ཐུབ་བྱས་ལ། རྒྱུ་དངོས་གང་རུང་གི་རོགས་སྐྱོར་མང་པོ་ཐོབ་མྱོང་བའི་དོན་གྲུབ་ཀྱིས་ཀྱང་དེ་ལ་བརྟེན་ནས་རྡོ་བརྐོས་འཕྲུལ་ཆས་ཉོ་མ་དགོས་པར་བཟོ་གྲྭ་འཛུགས་ཐུབ་པ་བྱུང་བས། འཇམ་དཔལ་རྡོ་རྗེ་ནི་ས་གནས་མང་ཚོགས་ཕྱུག་བསྒྱུར་ཕྱོགས་སུ་བསྐྱོད་པའི་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད།

ཁོས་ཕ་ཡུལ་ནས་ཟི་ལིང་དུ་ཁྲིད་ཡོང་བའི་ལས་བཟོ་པའི་ཁྲོད་དུ། ད་ལྟ་ཕྱིར་རྩེ་ཁོག་རྫོང་དུ་སོང་ནས་ཁེ་ལས་དང་དགེ་རྒན། གཞུང་ཞབས་པའི་བྱ་བ་གཉེར་མཁན་མང་དུ་བྱུང་ཡོད།

འཇམ་དཔལ་རྡོ་རྗེའི་བཟོ་གྲྭ་དེ་ད་ལྟ་སྲོལ་རྒྱུན་གྱི་རྡོ་བརྐོ་བྱེད་སྟངས་ལས་འགོངས་ཏེ་དེང་རབས་འཕྲུལ་ཆས་ཅན་གྱི་རྡོ་བརྐོ་ལམ་བུར་སྙེག་བཞིན་ཡོད། ཀོང་ཏུང་དང་ཧོ་པེ་སོགས་ནས་ལག་རྩལ་པ་ནང་འདྲེན་བྱས་ཏེ་ས་གནས་མང་ཚོགས་དང་མཉམ་དུ་ལག་རྩལ་ལ་སློབ་སྦྱོང་བྱེད་པ་དེ་དེང་རབས་ཀྱི་ཁེ་ལས་གཉེར་སྟངས་དང་མཐུན་པར་མ་ཟད། མི་རིགས་མཐུན་སྒྲིལ་གྱི་བྱ་བ་ལེགས་པོར་སྒྲུབ་པ་དང་ཡང་མཐུན་ལ། ས་གནས་མང་ཚོགས་ཀྱི་དཔལ་འབྱོར་དང་ཐོན་སྐྱེད་འཚོ་བའི་ཐད་ལའང་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་འདོན་བཞིན་ཡོད་པས། ས་གནས་རིམ་པའི་མགོ་ཁྲིད་དང་མང་ཚོགས་ཀྱི་ཁས་ལེན་དང་གདེང་འཇོག་ཆེན་པོ་ཐོབ་ཡོད།

ལྷ་ས་གྲོང་ཁྱེར་གྱི་ཡན་ལག་དཔེ་མཛོད་ཁང་དང་ཧྲན་ཞི་ཞིང་ཆེན་གྱི་འཛམ་གླིང་རིག་གནས་ཤུལ་བཞག་ས་ཁུལ་དུ་སྤྱི་ཕན་རང་བཞིན་གྱི་ཚུལ་དུ་རིན་གོང་སྒོར་མོ་བྱེ་བ་གཅིག་དང་འབུམ་བདུན་ཁྲི་དྲུག་ལྷག་གི་རྡོ་བརྐོས་དཔེ་ཆ་རིན་མེད་སྒོས་ཞལ་འདེབས་སུ་ཕུལ་ཡོད།

ཧོ་པེ་ཞིང་ཆེན་ནས་ཡོང་བའི་ལས་བཟོ་པ་སུང་ཡུང་ཅུས་ནི་གློག་ཀླད་ཀྱི་ནང་དུ་ཐང་ཀ་དང་ཡིག་གཟུགས་ཇུས་འགོད་བྱེད་པར་མཁས་པའི་རྒྱ་རིགས་བུད་མེད་ཅིག་ཡིན་ལ། ཁོ་མོ་བཟོ་གྲྭ་དེར་ཡོང་ནས་ལས་ཀ་གཉེར་ཏེ་ལོ་ངོ་གཉིས་ལྷག་འགོར་བའི་རིང་ལ་ས་གནས་ཀྱི་བོད་རིགས་ལས་བཟོ་པ་དག་གི་བར་ལ་ཕུ་ནུ་ལྟ་བུའི་བརྩེ་བ་ཟབ་མོ་ཆགས་ཡོད།

སུང་ཡུང་ཅུས་ཀྱིས་བཤད་རྒྱུར། ངས་ཁོ་ཚོར་གློག་ཀླད་ལ་འཇུག་ཐབས་སྐོར་ནས་སློབ་ཁྲིད་བྱེད་བཞིན་ཡོད་མོད། འོན་ཀྱང་ང་ཚོའི་བར་གྱི་འབྲེལ་བ་ནི་དགེ་སློབ་ཀྱི་འབྲེལ་བ་ཙམ་དུ་མ་ཟད་པར་དུས་རྒྱུན་ཕན་ཚུན་གྱི་ཁྱིམ་དུ་སོང་ནས་ཟ་མ་གཡོས་སྦྱོར་བྱེད་པ་དང་། མཉམ་ཟ་མཉམ་འཐུང་བྱེད་བཞིན་ཡོད་པས་ང་ཚོའི་བར་དུ་མིང་སྲིང་ལྟ་བུའི་བརྩེ་འདང་ཆགས་ཡོད།

མིག་སྔའི་བར་དུ། མཚོ་སྔོན་ཧོར་བཀའ་བསྟན་རྡོ་བརྐོས་ཚད་ཡོད་ཀུང་སིའི་བརྩམས་ཆོས་མང་པོ་ཞིང་ཆེན་ནང་ཁུལ་གྱི་རྨ་ལྷོ་དང་། མཚོ་ལྷོ། མགོ་ལོག ཡུས་ཧྲུའུ་སོགས་ལ་ཕྱིར་འཚོང་བྱས་ཡོད་པར་མ་ཟད། ལྷ་ས་དང་ཧྲན་ཞི་སོགས་སུའང་ཕྱིར་འཚོང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།