“ཨོ་ན་རེ།— རྟ་ར་གོང་མ་རྟ་ཡིས་བཀང་། རྟ་མགོ་མ་གཤར་ནས་རྐྱང་ལ་འདྲེས། རྟ་གཞུག་མ་ད་དུང་ར་ན་ཡོད། རྟ་སྟོང་ཁ་འཕེལ་བའི་བཀྲ་ཤིས་ཤོག” འདི་ནི་ཞོན་ཧྭ་བིས་མདོ་ས་ཆའི་བཀྲ་ཤིས་སམ་བཀྲ་ཤིས་གླུ་ཡི་གླུ་ཚིག་ཚན་པ་ཞིག་རེད། སྙན་ངག་གི་ཉམས་ཀྱིས་ཕྱུག་པའི་གླུ་ཚིག་འདིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་འཚོ་བ་འབྱོར་ཕྱུག་གིས་ཁེངས་པར་རེ་ཞིང་སྙེག་པའི་སེམས་འདུན་དེ་གསོན་ཉམས་དང་ལྡན་པར་མཚོན་ཡོད་པ་བལྟས་མ་ཐག་མྱོང་ཐུབ། ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་མ་བྱེད་ཆེད། གསར་འགོད་པ་ཞོན་ཧྭ་བིས་མདོ་ས་ཆར་སོང་ནས་བིས་མདོ་ཡུལ་ཚོ་ཉ་གཤོང་སྡེ་བའི་དམངས་ཁྲོད་རིག་གནས་རྒྱུན་འཛིན་པ་ཚེ་རིང་དོན་འགྲུབ་ལ་བཅར་འདྲི་ཐེངས་ཤིག་བྱས། ལོ་ན་རེ་བདུན་ལ་སོན་པའི་ཚེ་རིང་དོན་འགྲུབ་ནི“བཀྲ་ཤིས་གླུ”ཡི་རྒྱུན་འཛིན་པ་ཞིག་ཡིན་ལ། ང་ཚོ་གསར་འགོད་པ་ཁོ་ཚང་ཐོན་དུས་ཁོས་རང་ཁྱིམ་དུ་བོད་ཀྱི་དམངས་གླུ“བཀྲ་ཤིས་གླུ”ཡི་རྒྱུན་འཛིན་པའི་ཟབ་སྦྱོང་ཞིག་སྤེལ་བཞིན་གདའ། སྣུམ་རྩི་སེར་པོ་བྱུགས་པའི་ཡིད་འོང་ཤིང་ཁང་གི་ནང་དུ་ཟས་སྣའི་སྡེར་ཁ་བཤམས་ཤིང་། ས་གནས་རང་གི་དམངས་ཁྲོད་ཀྱི་གླུ་བ་ཕོ་མོ་རྒན་གཞོན་མང་པོ་གདན་ཐོག་གཅིག་ཏུ་བསྡད་དེ་གླུ་ལེན་གར་རྩེད་ལ་རོལ་བས། ནང་དུ་སླེབས་མ་ཐག་དུས་སྟོན་ཞིག་ལ་རོལ་བ་དང་འདྲ་བར་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད་པར་མ་ཟད་དྲོད་ཁོལ་ཞིག་ཀྱང་ངང་གིས་ལྡང་འོང་། ཚེ་རིང་དོན་འགྲུབ་ཀྱིས“ལོ་སར་བཟང་། མགྲོན་པོ་ནང་དུ་ཕེབས་ཅིག”ཅེས་ང་ཚོའི་མདུན་བསུས་བྱུང་། ཡིན་ནའང་། ང་ཚོས་ཁོ་ཚང་གི་ཟབ་སྦྱོང་ལ་བར་ཆད་ཨེ་ཡོང་སྙམ་པའི་སེམས་ཁྲལ་དང་བཅས་ཡོང་དོན་བརྗོད་པར། ཁོས“བར་ཆད་ཅི་ཡོད། ཁྱོད་ཚོ་སླེབས་པ་ནི་རྟེན་འབྲེལ་ཡག་པོ་ཞིག་རེད། ལོ་སར་གྱི་སྐབས་སུ་འདི་ལྟར་གླུ་ལེན་གར་རྩེད་བྱས་པ་ནི་དམངས་གླུ་སྦྱོང་ཐབས་ཡག་ཤོས་ཤིག་ཡིན་པར་མ་ཟད། ལོ་སར་རོལ་སྟངས་སྐྱིད་པོ་ཞིག་ཀྱང་རེད། རྩེད་ཞོར་དུ་ཟབ་སྦྱོང་དང་ཁ་བརྡ་ཚང་མ་འགྲུབ་ཆོག་པ་རེད”ཟེར། “ཟབ་སྦྱོང”གི་ཁྲོད་ནས། ང་ཚོས་ཚེ་རིང་དོན་འགྲུབ་ནི་ཤིན་ཏུ་རྩེད་དགའ་ཆེ་བའི་མི་ཞིག་ཡིན་པར་མ་ཟད། དམངས་གླུ་ལ་བག་ཆགས་མཐུག་པོ་ཡོད་པ་ཞིག་ཡིན་པ་རྟོགས། ཆུང་དུས་སློབ་གྲྭ་སོགས་འགྲིམ་ནས་རིག་གནས་སྦྱོང་བའི་སྐལ་བ་མ་ལྡན་ཡང་། གླུ་གར་ལ་དགའ་ཞིང་ལྷན་སྐྱེས་ཀྱི་འཇོན་ཐང་ལྡན་པ་དེའི་རྐྱེན་གྱིས། 1978ལོར་ཁོ་རང་ལའོ་ཏུའུ་ནས་བསྡུས་པའི་བོད་ཀྱི་དམངས་གླུ་རིག་རྩལ་དགོངས་ཚོགས་ལ་ཞུགས་མྱོང་བ་དང་། 1980ལོར་ཞིང་ཆེན་རིག་གནས་ཐིན་གྱིས་བསྡུས་པའི་བོད་ཀྱི་གླུ་བ་ཟབ་སྦྱོང་འཛིན་གྲྭར་ཞུགས། 1983ལོའི་ཟླ9བར་པཎ་ཆེན་སྐུ་ཕྲེང་བཅུ་བ་འཁྲུངས་ཡུལ་ལ་ཕེབས་བསུ་ཞུ་སྐབས་ཁོས་དམངས་གླུ་ཡིས་མཆོད་པ་ཕུལ་བར། པཎ་ཆེན་ཚང་ཐུགས་དགྱེས་ཏེ་ཁོ་ལ་བསྟོད་བསྔགས་ཀྱི་གཟེངས་རྟགས་གནང་། དེ་མིན་མཚོ་སྔོན་ཞིང་ཆེན་རླུང་བརྙན་འཕྲིན་ཁང་གིས་བསྡུས་པའི་རིག་རྩལ་དགོང་ཚོགས་དང་ཁ་བརྡའི་ལེ་ཚན་སོགས་སུའང་གདན་ཞུས་བྱས་ཏེ། གླུ་གར་གྱི་འཁྲབ་སྟོན་བྱས་མྱོང་བར་མ་ཟད་དེ་འབྲེལ་གྱི་མྱོང་བའང་བརྗོད་མྱོང་། 2019ལོར་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་བོད་ཀྱི་དམངས་གླུ“བཀྲ་ཤིས་གླུ”ཡི་རྒྱུན་འཛིན་པའི་དཔང་ཡིག་ཐོབ། གླུ་ལེན་གར་རྩེད་ལ་དགའ་བ་ནི་ལས་ཚེགས་ལྕི་བའི་ཞིང་པ་དཀྱུས་མ་ཞིག་ལ་མཚོན་ན་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི“ལས་སུ་བྱ་བ”ཞིག་ཡིན་མི་སྲིད་པར་མ་ཟད། མཚམས་རེར་ལོ་ཏོག་བསྡུ་བའི་བར་ཆད་དང་འཁོར་བ་མི་ཟིན་པའི་མགོ་ཡང་གི་ལས་ཤིག་ཏུ་ལྟ་མཁན་ཡང་ཡོད་མོད། ཚེ་རིང་དོན་འགྲུབ་ལ་ཁོ་རང་གི་ལྟ་ཚུལ་ཡོད་དེ། ཁོས“སྤྱིར་བཤད་ན་གླུ་ལེན་གར་རྩེད་ནི་སྐྱིད་ཀྱི་བྱ་བ་རེད། དེ་ལས་ཀྱང་སྔོན་ཆད་དང་མི་འདྲ་བར་དེང་སང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་ལ། མི་དམངས་མང་ཚོགས་ཀྱི་འཚོ་བ་སྐྱིད་པས། ད་གཟོད་སྐྱིད་ཀྱི་བྱ་བ་འདི་འདྲ་སྤེལ་བའི་སྐལ་བ་འཛོམས་པོ་ལྡན་པ་རེད། ད་སྐབས་ཡུལ་ལུང་གང་དང་སྡེ་བ་གང་ཡིན་ནའང་གླུ་ལེན་གར་རྩེད་དང་ལུས་རྩལ་འགྲན་སྡུར་སོགས་ཀྱི་བྱ་འགུལ་མང་པོ་སྤེལ་བཞིན་ཡོད་པ་རེད། འདི་ཚང་མ་མང་ཚོགས་ཀྱི་འཚོ་བ་དང་སེམས་ཁམས་སྐྱིད་པོ་ཡོད་པའི་རྟགས་ཤིག་རེད། འཚོ་བ་དང་སེམས་ཁམས་སྐྱིད་པོ་མེད་ན་གླུ་བླངས་ནའང་སྐད་སྙན་པོ་ཐོན་པ་མ་རེད། ཁྲོམ་པ་ཚོགས་ནའང་སྐྱིད་ལ་འགོད་དཀའ་ནི་རེད། དེ་ཨེ་རེད”ཟེར་བར། རྒན་པ་གཞན་དག་གིས་ཀྱང་དེ་འདྲ་ཡིན་ཚུལ་སོ་སོའི་མྱོང་བརྒྱུད་དང་འབྲེལ་ནས་གླེང་བར་བྱེད། རྒན་པོ་བློ་བཟང་ཟེར་བས“སྔོན་ཆད་འདི་འདྲའི་ཁྲོམ་པ་ཚོགས་རྒྱུ་ཉུང་ནི་རེད་ཡ། མང་ཚོགས་ཀྱི་འཚོ་བ་ཉམ་ཐག་པ་རེད། ཕལ་ཆེ་བ་དབུལ་བོ་ཡིན་ལ། ཕྱུག་པོ་ཟེར་བའང་དེང་སང་བལྟས་ན་མིང་ཙམ་རེད། དེང་སང་སྡེ་བ་ཞིག་གི་ནང་དུ་དོན་ངོ་མའི་ཁྱིམ་ཚང་དབུལ་བོ་ཞིག་ཡོད་པ་མ་རེད། དངོས་གནས་ཏང་དང་རྒྱལ་ཁབ་ཟེར་བ་འདི་དྲིན་ཆེན་རེད། རླབས་ཆེན་རེད”ཟེར། “ཟབ་སྦྱོང”གི་ཁྲོད་ནས། ང་ཚོས་མང་ཚོགས་ཀྱི་སེམས་གཏིང་ནས་འཕྱུར་བའི་བདེ་སྐྱིད་ཀྱི་ཉམས་སྣང་དེ་མངོན་སུམ་མིག་གིས་མཐོང་བར་མ་ཟད། བོད་ཀྱི་དམངས་གླུའི་ཕུན་སུམ་ཚོགས་པའི་རྣམ་པ་དང་ནང་དོན་ལའང་ངེས་ཤེས་གང་འཚམ་རྙེད། ཚེ་རིང་དོན་འགྲུབ་ཀྱི་གོ་བ་བླངས་པ་ལྟར་ན། “བཀྲ་ཤིས”ནི་ཕོ་གསར་མོ་གསར་གྱིས་ཁྱིམ་གསར་སྒྲིག་དུས་དམིགས་བསལ་དུ་ལེན་རྒྱུའི་གླུ་ཞིག་ཡིན་ལ། དེའི་ནང་དོན་ནི་གསར་དུ་སྒྲིག་པའི་ཁྱིམ་ཚང་གང་ལ་མཐའ་ནས་རྒྱུ་ནོར་གྱི་གཡང་འཁོར་ལ་ནང་ནས་བཟའ་ཟླ་བུ་ཕྲུག་མཐུན་པ། ལས་དགེ་བ་དང་ཡ་རབས་ལ་འཇུག་པ་སོགས་ཀྱི་ཁ་གཡང་འབོད་པ་དང་དྲན་སྐུལ་བྱེད་པ་གཙོ་བོ་ཡིན་པར་འདུག ཁོས་བཤད་རྒྱུར། ཁྱིམ་ཚང་ནི་རྒྱལ་ཁབ་ཀྱི་གྲུབ་ཆ་ཞིག་ཡིན་པས། ཁྱིམ་ཚང་སྐྱིད་པོ་ཡོང་རྒྱུ་དེ་རྒྱལ་ཁབ་བདེ་ཞིང་སྐྱིད་པའི་ཁོར་ཡུག་ཆེན་པོ་འདི་དང་ནམ་ཡང་ཁ་འབྲལ་ཐབས་མེད། ཏང་དང་རྒྱལ་ཁབ་ཀྱིས་ཁྱིམ་ཚང་ཁྲི་མ་འབུམ་ལ་བདེ་སྐྱིད་འཚོ་བ་མངོན་འགྱུར་འབྱུང་བྱེད་ཀྱི་སྲིད་ཇུས་ཡག་པོ་སྤེལ་བས། ད་གཟོད་ཁྱིམ་ཚང་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་བ་དང་། བཀྲ་ཤིས་ཀྱི་གླུ་འདི་ལ་དངོས་གནས་ནང་དོན་ཟབ་མོ་ལྡན་པར་གྱུར། འདིས་མང་ཚོགས་ཀྱི་ཁྱིམ་ཚང་སྐྱིད་པའི་རེ་སྨོན་དང་འདུན་པ་མཚོན་གྱིན་ཡོད་ལ། མི་དམངས་དང་རྒྱལ་ཁབ་སྐྱིད་པའི་ཁ་གཡང་ཡང་འབོད་ཀྱིན་ཡོད་པ་རེད།” དུས་ཚོད་ཀྱི་དབང་གིས་ང་ཚོ་གསར་འགོད་པ་སྐྱིད་པའི“ཟབ་སྦྱོང”བྱེད་ས་དེ་དང་ཁ་འབྲལ་དགོས་བྱུང་། མཇུག་མཐར་གླུ་བ་ཚེ་རིང་དོན་འགྲུབ་ཀྱིས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་ཆེན་ལ་བཀྲ་ཤིས་པའི་གླུ་ཞིག་འབུལ་དགོས་ཟེར་ནས། སྐད་ངག་སྙན་མོའི་ལམ་ནས་བཀྲ་ཤིས་བཞག་བྱུང་། གླུ་དེའི་ཚན་པ་གཅིག་གསར་འགོད་པའི་སེམས་སུ་ཡུན་རིང་བོར་འཇགས་འདུག་པ་འདི་ལྟར་ཏེ། ཨོ་ན་རེ།—རྟ་འདོ་བ་སྐྱེས་སྐྱེས་སྤང་ནས་སྐྱེས། འདི་སྤང་ནས་སྐྱེས་ཏེ་ལམ་ནས་རྒྱུག རྟ་འདོ་བའི་བསམ་དོན་ལམ་ནས་འགྲུབ། འདི་འགྲུབ་པ་ནམ་མཁའི་བཀྲ་ཤིས་ཤོག་ཞེས་པ་དེའོ།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།