ལས་ཞུགས་ལ་སྐུལ་འདེད་དང་། སློབ་གསོའི་སྤུས་ཚད་ལེགས་བཅོས། སྡོད་ཁང་འགན་སྲུང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན། རྒན་བཀུར་བྱིས་སྐྱོང་། ཞིང་སྡེ་དར་སྤེལ་བཟོ་འགོད། རིག་གནས་དམངས་ཕན་ཁྱབ་ཁོངས། དམངས་ཕན་ཤར་གཏོང་བཟོ་འགོད། ལྗང་མདོག་ཞིང་དར། ཕྱོགས་བསྡུས་བཅོས་སྐྱོང་བཅས་དམངས་ཚིས་དོན་དངོས་བཅུ་ཁྱབ་བསྒྲགས་བྱས།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉེ་ལམ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་ནས་ཞིང་ཆེན་གྱི2021ལོའི་དམངས་ཚིས་དོན་དངོས་བཟོ་འགོད་ཁྱབ་བསྒྲགས་བྱས་པའི་ནང་དུ། ལས་ཞུགས་ལ་སྐུལ་འདེད་དང་། སློབ་གསོའི་སྤུས་ཚད་ལེགས་བཅོས། སྡོད་ཁང་འགན་སྲུང་བྱེད་པ། རྒན་བཀུར་བྱིས་སྐྱོང་སོགས་རིགས་བཅུ་ཡི་དམངས་ཚིས་དོན་དངོས་45ཚུད་ཡོད་པ་རེད།
“དམངས་ཚིས་དོན་དངོས་ལ་སྤྱི་འདོམས་སྐུལ་སྤེལ་བཏང་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་ཁག་རིམ་བཞིན་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ”རེད། 2021ལོའི་ལོ་འཁོར་གྱི་དམངས་ཚིས་དོན་དངོས་སྒྲུབ་པར་མཚོ་སྔོན་གྱིས་ལས་གཞི་སྡུད་ཁྱོན་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་གཅིག་སྡུད་རེ་ཞུར་དེ་བས་དོ་ཁུར་བྱ་རྒྱུ་ཡིན་ཞེས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲོའུ་ཉིན་གྱིས་དེ་ལྟར་བཤད་བྱུང་།
ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད། མཚོ་སྔོན་གྱིས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་ལས་ཞུགས་གཙོ་གནད་ཚོགས་སྤྱི་དང་། ཁེ་ལས་ཀྱི་ལས་བཟོ་བ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་པར་ཕྱོགས་ནས་མི་ཐེངས་འབུམ་གཅིག་ལ་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་དང་། “བུད་མེད་ཀྱི་ཁྱིམ་ལས་གསོ་སྦྱོང་ལས་གཞི”ལག་བསྟར་དང་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་མོ་གཉེར་བ་བརྒྱུད་དེ་ཕུལ་དུ་བྱུང་བའི་ཁྱིམ་ལས་ཞབས་ཞུའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།
སློབ་གསོའི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་ཐད། བྱིས་གཉོར་ཁང21གསར་སྐྲུན་རྒྱས་སྐྲུན་བྱེད་པ་དང་། སྡེ་བ་ཆེན་པོར་ལོགས་སུ་བྱིས་གཉོར་ཁང་འཛུགས་པ་དང་སྡེ་བ་ཆུང་ངུས་མཉམ་འབྲེལ་ཐོག་བྱིས་གཉོར་ཁང་འཛུགས་པ་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ་བྱིས་པའི་སློབ་གསོའི་ཐོན་ཁུངས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁུལ་ཆུང་བ་དག་གི་བྱིས་གཉོར་ཁང་ལ་ཀུན་ཕན་རང་བཞིན་གྱི་ཞབས་ཞུ་མཁོ་འདོན་བྱས་ནས། བྱིས་པ་བྱིས་གཉོར་ཁང་དུ་བསྐྱེལ་དཀའ་བའི་གནད་དོན་རིམ་བཞིན་ཐག་གཅོད་བྱ་རྒྱུ་རེད།
སྡོད་ཁང་འགན་སྲུང་བཟོ་འགོད་ཐད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁུལ་ཆུང་བ་རྙིང་གྲས་ཀྱི་སྡོད་ཁང་ཁྲི་ལྔ་སྟོང་གཅིག་ལྔ་བརྒྱ་སྒྱུར་བཀོད་བྱ་རྒྱུ་དང་། སྤྱི་པའི་བོགས་གཏོང་ཁང་པ་བཀོད་སྒྲིག་དང་གཉེར་སྐྱོང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དངོས་པོའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་དཀོན་པའི་ཁྱིམ་ཚང6753ལ་སྡོད་ཁང་བོགས་ལེན་གྱི་ཁ་གསབ་སྤྲོད་པ་དང་། རོང་འབྲོག་ཁྱིམ་ཚང་ཁྲི4ཡི་སྡོད་ཁང་ཆ་རྐྱེན་ཕྱོགས་བསྡུས་ལེགས་བཅོས་ལས་གཞི་སྐྲུན་འགོ་རྩོམ་རྒྱུ་རེད།
བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད། མཚོ་སྔོན་གྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་སྤྱོད་ལ་མུ་མཐུད་དུ་སྐུལ་སྤེལ་བཏང་ནས་སྨན་ཡོན་མི་དགོས་པར་སྨན་བཅོས་དང་གཤགས་བཅོས་བྱེད་པ་བརྒྱུད་དེ་གསར་དུ་ཐོན་པའི་ཐུམ་འབུའི་ནད་པ་ཚང་མ་སྐྱོབ་བཅོས་དང། འདུས་འདྲིལ་གཅོང་ནད་ཀྱི་གཙོ་གནད་མི་ཚོགས་ཁྲི་གཅིག་སྟོང་ལྔ་ལ་གྲལ་བཤེར་བྱས་ནས་འདུས་འདྲིལ་གཅོང་ནད་ཀྱི་ནད་པ་3000ལ་ཚད་ལྡན་དོ་དམ་དང་སྨན་བཅོས་བྱེད་པ་དང་། ལོ65དང་དེའི་ཡན་གྱི་རྒན་པ་རྣམས་ལ་རིན་མེད་བདེ་ཐང་བརྟག་དཔྱད་བྱ་རྒྱུ་རེད།
རྒན་བཀུར་བྱིས་སྐྱོང་ཐད། ཞིང་སྡེའི་བདེ་སྐྱིད་རོགས་རེས་གླིང30གསར་སྐྲུན་དང་རྒྱས་སྐྲུན་བྱེད་པ་དང་། དབང་པོ་སྐྱོན་ཅན་གྱི་བྱིས་པ3200ལ་རོགས་སྐྱོབ་ཞབས་ཞུ་མཁོ་འདོན་བྱེད་པ། དབང་པོ་སྐྱོན་ཅན་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་ལ་གཞི་རྩའི་རམ་འདེགས་ཡོ་བྱད་སྤྲོད་པའི་ཞབས་ཞུ་དང་བཅོལ་གཉོར་ཞབས་ཞུ་མཁོ་འདོན་བྱེད་པ་མ་ཟད། ད་དུང་ཉེར་མཁོའི་ལག་རྩལ་གསོ་སྦྱོང་བྱ་རྒྱུ་རེད།
ཞིང་སྡེ་དར་སྤེལ་གཏོང་བའི་བཟོ་འགོད་ཐད། “ མཐོ་སྒང་གི་མཛེས་སྡུག་ཞིང་གྲོང”295དང་། སྤྱི་ལེ་གྲུ་བཞི་མ300ཡི་ས་ཆུ་ཤོར་བ་བཅོས་སྐྱོང་། སྡེ་བ20ཡི་འཚོ་བའི་བཙོག་ཆུ་བཅོས་སྒྲིག ཞིང་སྡེའི་གློག་དྲ་བརྟན་གཏོང་མཐོར་འདེགས་ལས་གཞི། འཚོ་སྡོད་ཁོར་ཡུག་ལེགས་བཅོས། “གསང་སྤྱོད་གསར་བརྗེ”། ཞིང་སྡེའི་གཞུང་ལམ་བདག་སྐྱོང་དོ་དམ་སོགས་ཀྱི་ལས་གཞིར་སྤྱི་འདོམས་སྐུལ་སྤེལ་བྱ་རྒྱུ་རེད།
རིག་གནས་དམངས་ཕན་ཁྱབ་ཁོངས་ཐད། རབ་མཛེས་མཚོ་སྔོན་གྱི་རིག་རྩལ་རྟ་དམག་རུ་ཁག་གཞི་རིམ་དུ་བསྐྱོད་དེ་འཁྲབ་སྟོན་ཐེངས700བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ཐད་གཏོང་སྲུང་སྐར་ས་ངོས་བསྡུ་ལེན་གྱི་ཁྱིམ་སྤྱོད་སྒྲིག་བཀོད་སྒྲིག་ཆས་ས་ཡ་གཅིག་ལྷག་ལ་ཉམས་གསོ་ཞབས་ཞུ་མཁོ་འདོན་བྱེད་པ་དང་། སྤྲོ་གསེང་ཞིང་ལས་དང་ཞིང་སྡེའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི20སྐྱེད་སྲིང་བྱེད་པ། ཞིང་སྡེའི་ཡུལ་སྐོར་གྱི་མཛེས་ལྗོངས་ལམ་ཐིག་རྩེ་གྲ8འོས་སྦྱོར་བྱ་རྒྱུ་རེད།
དམངས་ཕན་ཤར་གཏོང་བཟོ་འགོད་ཐད། སྤྱི་པའི་རླངས་འཁོར་འཇོག་ས་ལས་བ་དང་། སྡོད་ཁུལ་ཆུང་བ་མང་པོ་ཡོད་པའི་ལམ་རྒྱུད་དུ་གནས་སྐབས་ཀྱི་རླངས་འཁོར་འཇོག་ས་ལས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྡོད་ཁུལ་དུ་རླངས་འཁོར་འཇོག་ས་དཀོན་པའི་གནད་དོན་ཞི་ལྷོད་དུ་གཏོང་བ་དང་། རླངས་འཁོར་འཇོག་ས3090ཇེ་མང་དུ་བཏང་ནས་དམངས་ལ་སྟབས་བདེ་བཟོ་རྒྱུ་རེད།
ལྗང་མདོག་ཞིང་དར་ཐད། མུའུ་འབུམ་གསུམ་གྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། རྫས་ལུད་དང་ཞིང་སྨན་ཇེ་ཉུང་དུ་བཏང་ནས་ཕན་འབྲས་ཆེ་རུ་གཏོང་བའི་ཚོད་ལྟའི་བྱ་སྤྱོད་མུ་མཐུད་དུ་སྤེལ་བ་དང་། ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་དང་། ལྕི་བ་དང་བྱ་བྲུན་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་ཚད། ཞིང་སྤྱོད་འགྱིག་ཤོག་རྙིང་པ་ཚུར་བསྡུ་བེད་སྤྱོད་བྱེད་ཚད་བཅས་སོ་སོར85%དང་། 82%། 90%བཅས་ཟིན་པར་བྱ་རྒྱུ་རེད།
ཕྱོགས་བསྡུས་བཅོས་སྐྱོང་ཐད། དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ་སྔར་བས་ཇེ་ལེགས་སུ་བཏང་ནས། མང་ཚོགས་ཀྱི་རེ་ཞུ་དང་འགལ་བ་སོགས་ལ་སྔར་བས་ནུས་ཆེ་དང་སྟབས་བདེའི“གཅིག་འཐུས་རྣམ་པའི”ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།