འཚོ་བ་གསར་པ། དཔེ་རིས་གསར་པ། ཐོན་ལས་གསར་པ།
2021.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གནས་ཚུལ་བཀོད་པ།

དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་སྤེལ་བ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་ཚིས་འཕེལ་རྒྱས་ཀྱི་དཔེ་རིས་གསར་པ་བྲིས་ཏེ། གངས་ལྗོངས་ས་མཐོར་དབུལ་ཐར་གྱི་ངོ་མཚར་རེ་རེ་བཏོད་ནས་ཁུལ་ཡོངས་ཀྱི་དབུལ་ཕོངས་རྫོང6གི་སྡེ་བ་དབུལ་པོ74ཚང་མ་དབུལ་ཕོངས་ལས་ཐར་བ་དང་།  དབུལ་ཕོངས་མི་གྲངས་ཁྲི་བཞི་སྟོང་བདུན་ཆིག་བརྒྱ་བརྟན་འཇགས་ངང་དབུལ་ཕོངས་ལས་ཐར་སྟེ། 2019ལོའི་ལོ་མཇུག་ཏུ་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཐར་བྱུང་བ་རེད།

ངོ་མཚར་དེ་འདྲ་བཏོད་པར་ས་གནས་མང་ཚོགས་དང་ལས་བྱེད་པས་དཀའ་སྤྱད་འབད་བརྩོན་བྱས་ཡོད་ལ། གསར་གཏོད་རྨང་གཞིར་བྱས་པའི་ལག་ལེན་གྱི་འཚོལ་ཞིབ་ཀྱང་ཡང་ཡང་བྱས་ཡོད།

དབུལ་ཐར་གྱི་འཚོ་བ་གསར་པ་བཏོད་པ།

རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཙ་འགུ་སྡེ་བར་ཁྱིམ་ཚང309དང་མི1123ཡོད་ལ། དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ58ཡོད་ཅིང་། སྡེ་བ་དེ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་རེད།

སྔོན་ཆད་ངེད་ཚང་ལ་ཕྱུགས་ཟོག10ཙམ་ལས་མེད་པ་དང་། ང་དང་བཟའ་ཟླར་ལག་རྩལ་མེད་པའི་ཁར།  ཁྱིམ་མིར་ནད་བྱུང་ཚེ་སྨན་པར་ཡང་སྟོན་དཀའ་ཞེས་སྡེ་མི་ཕུར་བ་ཡིས་སྔོན་ཆད་ཀྱི་དཀའ་ཁག་ཆེ་བའི་འཚོ་བ་ཕྱིར་དྲན་བྱེད་ཞོར་དུ་དེ་ལྟར་བཤད་བྱུང་།

2016ལོར་ཙ་འགུ་སྡེ་བར་དབུལ་སྐྱོར་ཐོན་ལས་མ་དངུལ་འབྱོར་རྗེས། སྡེ་མི་ཚོས་མ་དངུལ་དེ་དག་དབུལ་སྐྱོར་ཐོན་ལས་གླིང་གི་མི་རིགས་ལག་ཤེས་བཟོ་རྩལ་ཀུང་སིར་བཏང་བ་དང་། མ་རྐང་ལ་ཞུགས་རྗེས་ཁྱིམ་ཚང་དབུལ་པོར་རྩལ་ནུས་གསོ་སྦྱོང་བྱས་ནས་ཁོ་ཚོ་ཀུང་སིར་ལས་ཞུགས་བྱས་ཡོད།

ཀུང་སི་དེས་ས་གདན་དང་། འགེལ་རུས། དངུལ་ཁུག་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་སྣ་ཚོགས་བཟོས་ཤིང་། དེ་དག་དེང་རབས་ཀྱི་འཚོ་བའི་དགོས་མཁོ་དང་མཐུན་པས།  མི་རྣམས་ཀྱི་དགའ་བསུ་བྱེད་པའི“དར་སོ་ཆེ་བའི་ཐོན་རྫས་གསར་པར”གྱུར་ཏེ་ཟི་ལིང་དུ་འཚོང་ཐུབ་པ་མ་ཟད། ཧྲང་ཧའེ་སོགས་ས་ཁུལ་གྱི་མངགས་ཐོའང་འབྱོར་ཡོད།

“ཀུང་སིས་དབུལ་སྐྱོར་ཐོན་ལས་གླིང་གི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་ནས་ད་ལྟ་ཐོན་རྫས་སྣ་ཁ20ལྷག་ཏུ་བསླེབས་ཡོད། 2019ལོར་ཀུང་སིའི་ཡོང་འབབ་སྒོར་འབུམ་བརྒྱད་ལས་བརྒལ་བ་དང་། ཁྱིམ་ཚང་དབུལ་པོའི་ལས་ཞུགས་མི་སྣའི་ཟླ་རེའི་གླ་ཕོགས་སྒོར3000ཡན་ཟིན་པའི་ཁར།  ལོ་མཇུག་ཏུ་ད་དུང་བགོ་བཤའ་ཡང་ཡོད”ཅེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དཀོན་མཆོག་གིས་དེ་ལྟར་བཤད་བྱུང་།

“དབུལ་པོའི་འཚོ་བ་མཇུག་རྫོགས་ནས་ད་ལྟའི་འཚོ་བ་སྐྱིད་པོ་འདི་འདྲ་ཞིག་རོལ་ཐུབ་པ་དེ་དངོས་གནས་བསམ་ཡུལ་དུའང་འཁོར་མ་མྱོང་ཞེས་ཕུར་བས་དེ་ལྟར་བཤད་བྱུང་། ད་ལྟ་ཁོ་ལ་གླ་ཕོགས་ཡོད་པ་མ་ཟད། ད་དུང་གླ་གཏོང་རླངས་འཁོར་གྱི་ཡོང་འབབ་ཀྱང་ཡོད་ལ། ཁོའི་བཟའ་ཟླས་ཀུང་སིའི་ཟ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་པས་ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་འབུམ་གཅིག་ཡན་ཟིན་གྱི་ཡོད།

ད་ལྟ་སྡེ་བར་ད་དུང་དཔལ་འབྱོར་མཉམ་ལས་ཁང་བཙུགས་ཡོད་ལ་གཙོ་བོ་དཀར་ཟས་ཐོན་རྫས་ཐོན་སྐྱེད་དང་གཟན་རྩྭ་འདེབས་ཀྱི་ཡོད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ས་ཡ་གཅིག་ལས་བརྒལ་ནས་སྡེ་མི་ཚོའི་འཚོ་བར་རེ་བས་ཁེངས་ཡོད།

ཕྱུག་འགྱུར་གྱི་དཔེ་རིས་གསར་པ་བྲིས་པ།

རིག་རྡོར་ནི་རྨ་སྟོད་རྫོང་མཛོ་རྒན་རྭ་བ་གྲོང་རྡལ་རི་ཕྱོར་སྡེ་བའི་གསོ་སྤེལ་མཉམ་ལས་ཁང་གི་སྤྱིའི་ལས་འཛིན་པ་ཡིན།  སྔོན་ཆད་ཕྱུགས་ཟོག་ཚད་ལས་བརྒལ་ནས་འཚོས་པའི་རྐྱེན་གྱིས་སྐྱེ་ཁམས་ཆེས་ཆེར་ཉམས་ཞན་དུ་གྱུར་ནས་ནོར་ལུག་གི་ཤ་ཤེད་ཉིན་བཞིན་ཇེ་ཞན་དུ་སོང་བ་དང་། ཕྱུགས་རིགས་མང་པོ་ཤི་ནས་ག་བྱེད་འདི་བྱེད་མེད་པར་གྱུར་པ་རེད”ཅེས་རིག་རྡོར་གྱིས་དེ་ལྟར་བཤད་བྱུང་།

གནས་ཚུལ་དེར་དམིགས་ནས་རྨ་སྟོད་རྫོང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དུ་གཏན་འཁེལ་བྱས་ནས་དབུལ་ཐར་གྱི་དྲོད་རླུང་གངས་ལྗོངས་ས་མཐོར་ལྡང་ཞིང་།  རྩྭ་སའི་གནོན་ཤུགས་སེལ་བ་དང་ཕྱུགས་གྲངས་ཚད་བཀག་གི་སྔོན་འགྲོའི་ཆ་རྐྱེན་འོག 2014ལོ་ནས་བཟུང་། རྨ་སྟོད་རྫོང་གིས་བོད་ལུག་གསོ་སྤེལ་ཚོད་ལྟ་ཁྱབ་གདལ་བཏང་བས་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་འགོ་བརྩམས།

རི་ཕྱོར་སྡེ་བ་ནི་རྨ་སྟོད་རྫོང་གིས་བོད་ལུག་གསོ་སྤེལ་ཚོད་ལྟ་ཐོག་མར་སྤེལ་བའི་སྡེ་བ་ཞིག་ཡིན་ཞིང་།  བོད་ལུག་གི་ཤ་ཞིམ་པས་ཚོང་ཧ་ཅང་བཟང་ཞེས་རིག་རྡོར་གྱིས་བོད་ལུག་གསོ་སྤེལ་བྱས་པའི་ལོ་དང་པོར་མཉམ་ལས་ཁང་གི་ཁེ་སྤོགས་སྒོར་འབུམ་བཞི་ཁྲི་བདུན་ལ་བསླེབས་པའི་གནས་ཚུལ་ཕྱིར་དྲན་བྱེད་ཞོར་དུ་དེ་ལྟར་བཤད་བྱུང་།

འཕེལ་རྒྱས་ཁྲོད་ནས་ཕན་ཁེ་ཐོབ་པའི་རི་ཕྱོར་བས་གསོ་སྤེལ་གྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་སྟབས། མཉམ་ལས་ཁང་གི་ཁེ་སྤོགས་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ནས་འབྲོག་པའི་ཡོང་འབབ་ཡང་འཕར་སྣོན་བྱུང་ཡོད།

“ནོར་ལུག་གསོ་སྟངས་བསྒྱུར་བ་དང་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལའང་འགྱུར་ལྡོག་བྱུང་ཡོད”།   ད་ལྟ་རྨ་སྟོད་རྫོང་གི་སྡེ་བ30ཡི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་བོད་ལུག་གསོ་སྤེལ་རྟེན་གཞི་བསྐྲུན་ནས་སྐྱེ་ཁམས་ཕྱུགས་ལས་འཁོར་རྒྱུག་གི་ཐོན་ལས་སྦྲེལ་ཐག་བཙུགས་ཡོད་པས།    འབྱུང་འགྱུར་འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་ཇེ་ཡངས་ཡིན་ངེས།

བདེ་སྐྱིད་ལྡན་པའི་ཐོན་ལས་གསར་པ་བཏོད་པ།

དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་དུ་གནས་པའི་ལུང་མཚེ་སྡེ་བར་ཁྱིམ་ཚང255དང་མི་གྲངས803ཡོད་པའི་ཁྲོད་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང77དང་མི་གྲངས234ཡོད། ནོར་ལུག་གསོ་སྤེལ་དང་དབྱར་རྩྭ་དགུན་འབུ་བརྐོ་བ་ནི་ས་དེའི་མང་ཚོགས་ཀྱི་ཡོང་སྒོ་གཙོ་བོ་རེད། 2016ལོར་སྡེ་བ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཚང་མ་རྫོང་མཁར་དུ་དབུལ་སྐྱོར་གནས་སྤོ་བྱས་ཡོད།

གནས་སྤར་རྗེས་ཀྱི་འཚོ་བར་འགན་སྲུང་བྱ་ཆེད།  ལུང་མཚེ་སྡེ་བས་བཟའ་བཏུང་ལས་རིགས་དང་ཞག་སྡོད་ལས་རིགས་གཉེར་ནས་ཡུལ་མི་ལས་ཞུགས་ཐུབ་པར་བྱས་པ་མ་ཟད། ཁྱིམ་ཚང་ལ་སྤྲོད་པའི་དབུལ་སྐྱོར་ཆེད་དོན་མ་དངུལ་བཀོལ་ནས་འགྱིག་ཤོག་དྲོད་ཁང་ཆེན་པོ4ལས་བ་དང་།  ལུང་མཚེ་དབུལ་སྐྱོར་སྔོ་ཚོད་རྟེན་གཞི་བསྐྲུན་ཞིང་། དྲོད་ཁང་ཆེན་པོ་ལས་བྱུང་བའི་ལོའི་ཡོང་འབབ་ཀྱི40%ཁྱིམ་ཚང་དབུལ་པོར་བགོ་བཤའ་བརྒྱབ་པ་དང་ཁྱིམ་ཚང་དབུལ་པོ་ཁག་གཅིག་ལས་ཞུགས་ཀྱང་ཐུབ་པར་བྱས་ཡོད།

དྲོད་ཁང་དུ་སྔོ་ཚོད་བཏབ་པའི་ལོ་དང་པོར་ཡུལ་མི་ཕལ་ཆེ་བ་ཞིག་གི་ཡིད་ཚིམ་མེད་པ་རེད་ཅེས་རྒྱུད་སྨད་གྲོང་རྡལ་གྱི་འགོ་གཙོ་གཞོན་པ་ཞའོ་ཀྲེང་པའོ་ཡིས་གསར་འགོད་པར་དེ་ལྟར་བཤད་པ་དང་། ཁོས་ཡུལ་མི་ཚོ་ཕྱུགས་འཚོ་བར་ཤིན་ཏུ་མཁས་ཀྱང་། ཞིང་ལས་ལ་དེ་འདྲ་བྱང་ཆུབ་པོ་མེད་ཅེས་བཤད།

ལས་བྱེད་པའི་རོགས་རམ་འོག་ལུང་མཚེ་སྡེ་བས་དྲོད་ཁང་དུ་ཧོང་ཀྭ་དང་། སྒོག་གསར། ཀྲོ་མ་ཀྲུ།  ཚོད་ནག་སོགས་སྔོ་ཚོད་སྣ་ཚོགས་བཏབ་པ་དང་། དེ་དག་ཕྱིར་བཙོངས་ནས་ ཡོང་འབབ་ཇེ་མང་དུ་སོང་ཡོད།

“སྔོ་ཚོད་འདེབས་པ་ནི་བྱིས་པ་སྐྱོང་བ་བཞིན་ཞིབ་ཚགས་ཀྱི་ལས་ཀ་ཞིག་ཡིན་ལ། ཏང་གི་དབུལ་སྐྱོར་སྲིད་ཇུས་ཀྱིས་ང་ཚོར་ཕན་ཁེ་བསྐྲུན་པའང་དེ་ལྟར་རེད”ཅེས་དྲོད་ཁང་དུ་ལས་ཀ་ལས་བཞིན་པའི་ཐུབ་བཀྲ་ཡིས་དེ་ལྟར་བཤད་བྱུང་།  ཁོས་མུ་མཐུད་དུ་བཤད་རྒྱུར། འབྲོག་ཁུལ་དུ་སྔོ་ཚོད་འདེབས་ཐུབ་པ་ནི་དངོས་གནས་བློ་ཡིད་དུ་འཆར་དཀའ། ད་ལྟ་མི་ཚང་མས་སྔོ་ཚོད་ཟ་ཐུབ་ལ་ཡོང་འབབ་ཀྱང་གསོག་རྒྱུ་ཡོད་ཟེར།

ཞའོ་ཀྲེང་པའོ་ཡིས་དགའ་སྤྲོའི་ངང་གསར་འགོད་པར་བཤད་རྒྱུར། ཕ་ཡུལ་གྱི་འཚོ་བ་སྔར་བས་ཇེ་སྐྱིད་ཡིན་པ་དང་སློབ་གྲྭ་ཆེ་མོ་བ་མང་པོ་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལ་བརྩོན་བཞིན་ཡོད་པས།  ལུང་མཚེ་སྡེ་བའི་འབྱུང་འགྱུར་སྔར་བས་ཇེ་བཟང་ཡིན་ངེས་རེད་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།