བདུན་བདུན་དུས་འགྱུར། ཀྲུང་གོའི་མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་གི་མགོ་རྩོམ་ས།
2021.04.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

ཝན་ཕིང་མཁར་ནི་པེ་ཅིན་ཧྥེང་ཐའེ་ཆུའུ་ཡི་མིན་རྒྱལ་རབས་སྐབས་སུ་བཞེངས་པའི་གནའ་མཁར་ཞིག་ཡིན་ལ། ཐེངས་མང་པོར་ཞིག་གསོ་བྱས་ཀྱང་མཁར་གྱང་ངོས་སུ་སྔར་བཞིན་མདེལ་ཁུང་དང་འགས་གཏོར་བྱུང་བའི་རྗེས་ཤུལ་གྱིས་ཁེངས་འདུག

གནའ་མཁར་དེ་དང་དེའི་ཉེ་འཁོར་གྱི་ཞིག་རོའི་རྗེས་ཤུལ་དག་གིས་ལོ་ངོ་བརྒྱད་ཅུ་ཡར་སྔོན་གྱི་མཚན་མོ་དེའི་ཁྲག་དྲི་འཐུལ་བའི་དོན་རྐྱེན་དངོས་སུ་ར་སྤྲོད་བྱས་ཡོད། ཆིག་སྟོང་དགུ་བརྒྱ་སོ་བདུན་ལོའི་ཟླ་བདུན་པའི་ཚེས་བདུན་ཉིན། འཇར་དམག་གིས་དམག་མི་ཞིག་བོར་བའི་གཡོ་ཟོལ་ལ་བརྟེན་ནས། འཛེམ་བག་མེད་པར་ལུའུ་ཀོ་ཟམ་པ་དང་ཝན་ཕིང་མཁར་གྱི་ཕྱོགས་སུ་དྲག་པོའི་དཔུང་འཇུག་བྱས་པ་དང་། འཇར་པན་གྱིས་ཁྱོན་ཡོངས་ནས་ཀྲུང་གོར་བཙན་འཛུལ་བྱེད་པའི་དམག་འཁྲུག་བསླངས།

ཛ་དྲག་ལྡན་པའི་མེ་སྒྱོགས་ཀྱི་སྒྲས་ཝན་ཕིང་མཁར་གྱི་ལྷིང་འཇགས་དཀྲོགས་ཤིང་། ཀྲུང་ཧྭ་མི་རིགས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བློ་སྟོབས་བསྐྱེད།

ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་རྗེས་དྲན་ཁང་གི་ཞིབ་འཇུག་པ་གཞོན་པ་ལི་ཆིང་ཧུའེ་ཡིས་བདུན་བདུན་དུས་འགྱུར་བསླངས་པ་དེས་འཇར་པན་གྱིས་ཁྱོན་ཡོངས་ནས་ཀྲུང་གོར་བཙན་འཛུལ་བྱེད་མགོ་བརྩམས་པ་མཚོན་ལ། ཀྲུང་གོའི་མི་རིགས་ཡོངས་ཀྱིས་འཇར་འགོག་དམག་འཁྲུག་བསླངས་པའི་མགོ་ཡང་དེ་ནས་བརྩམས་པ་རེད། དེར་མི་རིགས་ཡོངས་གཉིད་ལས་སད་པར་སྐུལ་འདེད་བཏང་བ་དང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་འཇར་འགོག་དམག་འཁྲུག་གི་རྔམ་བརྗིད་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་རླབས་ཆེ་བའི་ལོ་རྒྱུས་དོན་སྙིང་ལྡན་པར་བརྗོད།

ཕིང་ཅིན་ལ་ཉམས་ཉེན་བྱུང་། ཧྭ་བྱང་ལ་ཉམས་ཉེན་བྱུང་། ཀྲུང་ཧྭ་མི་རིགས་ལ་ཉམས་ཉེན་བྱུང་། སྔ་ན་མེད་པའི་རྒྱལ་ཁབ་དང་རིགས་རྒྱུད་རྒུད་པའི་ཉམས་ཉེན་དང་འཕྲད་པས། ཟླ་བདུན་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གིས་འཇར་དམག་གིས་ལུའུ་ཀོ་ཟམ་པར་དཔུང་འཇུག་བྱས་པའི་ཐད་ཡོངས་ཁྱབ་གློག་འཕྲིན》སྤེལ་ཏེ། ཀྲུང་གོའི་སྤུན་ཟླ་ཡོངས་དང་། སྲིད་གཞུང་དང་དམག་དཔུང་གིས་མཐུན་སྒྲིལ་དཔུང་རྡང་སྦྲེལ་ནས་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་ལྕགས་རི་བརྩིགས་ནས་འཇར་པན་དགྲ་དམག་གི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་འབོད་སྐུལ་བཏང་།

ཀྲུང་གོ་གུང་ཁྲན་ཏང་གིས་འབད་བརྩོན་གྱིས་སྐུལ་འདེད་བྱས་པ་བརྒྱུད། གུང་ཁྲན་ཏང་དང་གོ་མིན་ཏང་མཉམ་འབྲེལ་རྨང་གཞི་ཡིན་པའི་མི་རིགས་འཐབ་ཕྱོགས་གཅིག་གྱུར་དངོས་སུ་གྲུབ་ལ། འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆའི་འོག་བཙན་འཛུལ་ལ་འགོག་རྒོལ་དང་མི་ཉམས་གནས་ཐབས་བྱེད་པ་དེ་ཀྲུང་གོའི་ཏང་ཁག་སོ་སོ་དང་། མི་རིགས་སོ་སོ། གྲལ་རིམ་སོ་སོ། རིམ་པ་སོ་སོ། ཚོགས་པ་སོ་སོ། ད་དུང་ཕྱི་སྡོད་ཀྲུང་གོ་པ་དག་གི་ཐུན་མོང་གི་བློ་སྟོབས་དང་བྱ་སྤྱོད་དུ་གྱུར།

ལི་ཆིང་ཧུའེ་ཡིས་ཀྲུང་གོ་གུང་ཁྲན་ཏང་ནི་ཁྱོན་ཡོངས་འཇར་འགོག་དམག་འཁྲུག་གི་ལྟེ་བའི་སྟོབས་ཤུགས་སུ་གྱུར་པས། གདུང་འདེགས་ཀྱི་ཀ་བ་ལྟ་བུའི་ནུས་པ་བཏོན་པ་དང་། དེར་རྒྱུ་རྐྱེན་གཙོ་བོ་གསུམ་ཡོད་དེ། དང་པོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་འཛུགས་པའི་རེ་འབོད་བྱེད་བཞིན་ཡོད་ལ། དེ་ནི་འཇར་པན་བཙན་འཛུལ་པ་ཕམ་པར་རྒྱག་པའི་རྩ་བའི་འགན་སྲུང་ཡིན། གཉིས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཁྱོན་ཡོངས་ནས་འཇར་འགོག་དམག་འཁྲུག་རྒྱག་པ་དང་མི་དམངས་མང་ཚོགས་ལ་སྐུལ་སློང་ཆེན་པོ་དང་རྒྱབ་རྟེན་བྱེད་པའི་འབོད་སྐུལ་བཏང་ཞིང་། ཁྱོན་ཡོངས་ནས་འཇར་འགོག་དམག་འཁྲུག་གི་རྩ་དོན་བཏོན་པ་དང་། རྒྱུན་བསྲིངས་དམག་འཁྲུག་གླེང་བའི་བྱེད་ཕྱོགས་དང་དམག་འཐབ་བྱེད་ཕྱོགས་ཆ་ཚང་བའི་རྩ་དོན་བཏོན། དེ་ནི་སྐབས་དེའི་དགྲ་བོའི་རྒྱབ་ཕྱོགས་གཡུལ་སའི་གཞུང་ལུགས་མཛུབ་སྟོན་ཡིན་ལ། འཇར་པན་བཙན་འཛུལ་པ་ཕམ་པར་བརྒྱབ་ནས་མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་འགན་སྲུང་གལ་ཆེན་ཞིག་ཀྱང་ཡིན། གསུམ་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་མི་དམངས་དྲག་ཤུགས་ཀྱིས་འཇར་འགོག་སྐོར་རྡུང་དམག་འཁྲུག་ཤུགས་ཆེན་པོས་སྤེལ་བ་དང་། རྒྱ་ཆེ་བའི་དགྲ་བོའི་རྒྱབ་ཕྱོགས་གཡུལ་ས་བཟུང་ནས། ཧྲན་ཀན་ཉིང་དང་ཅིན་ཁྲ་ཅི་སོགས་འཇར་འགོག་གནས་གཞིའི་ས་ཁུལ་གཙོ་བོ་བཅུ་དགུ་གསར་འཛུགས་བྱས་ཞེས་བརྗོད།

ཡང་ཅིང་ཡུས་ཀྱིས་སྲིང་བལ་ཟོས་ཤིང་སྡོང་ཤུན་བཏོགས་ཏེ། རང་སྲོག་བློས་མ་བཏང་བར་དུ་ཞུམ་མེད་འཐབ་འཛིང་བྱས། ཀྲའོ་དབྱི་མན་གྱིས་གདུག་རྩུབ་ཀྱི་ཁྲིམས་གཅོད་ལ་འཇིགས་པ་མེད་པར་དྲང་བདེན་གྱི་དོད་དུ་རང་སྲོག་ཕངས་མེད་བཏང་། བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་བུད་མེད་འཐབ་མོ་པ་བརྒྱད་དང་ལང་ཡ་རི་བོའི་དཔའ་རྟུལ་ལྔ་སོགས་ཆུ་ཆེན་པོ་དང་གཡང་གཟར་མོར་མཆོང་དགོས་ཀྱང་དགྲ་བོར་མགོ་མི་སྒུར་བ་སོགས་དཔའ་རྟུལ་དག་གི་དཔའ་རྟགས་རེ་རེ་ཡིས་ཀྲུང་ཧྭ་མི་རིགས་ཀྱི་རྡོག་རྩ་གཅིག་སྒྲིལ་དང་འཇར་པན་དགྲ་དམག་འགོག་རྒོལ་གྱི་རྔམ་བརྗིད་སྟོབས་ཤུགས་གཅིག་ཏུ་བསྡུས།

བཙན་འཛུལ་པ་ཡི་གཏུམ་སྤྱོད་དང་རྡོག་བརྫིས་ལ་ཁ་གཏད་ནས། གཙང་པོའི་ཕར་ཚུར་དང་ལྕགས་རིའི་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚང་མས་དགྲ་བོའི་མེ་སྒྱོགས་ལ་མ་འཛེམས་པར་མདུན་དུ་མཆོངས་ནས་རྒྱལ་ཁབ་ཀྱི་ཉེན་ཁ་མཉམ་འཁུར་བྱས་པ་དང་། རྒྱལ་གཅེས་དཔའ་རྒོད་ཁྲི་སྟོང་མང་པོས་རང་ཉིད་ཀྱི་སྲོག་ཤོར་བ་ལ་ཡང་བག་ཚ་བ་མེད་པར་གཡུལ་དུ་ཞུགས་ནས་འཐབ་འཛིང་བྱས་ལ། ཀྲུང་གོའི་འཛིན་མའི་ཁྱོན་ཡོངས་སུ“ཨ་མས་བུ་ཕྲུག་དམག་ལ་འགྲོ་བར་འདོད། །ཆུང་མས་ཁྱོ་ག་གཡུལ་སར་འགྲོ་བར་སྐྱེལ། །”ཞེས་པའི་མི་སེམས་འགུལ་བའི་སྣང་ཚུལ་གྱིས་ཁེངས་ཤིང་། གླིང་ལྔ་མཚོ་བཞི་དང་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོ་བ་དང་ཀྲུང་ཧྭ་མི་རིགས་ཀྱིས“ཕྱི་དགྲ་འགོག་པ་དང་ཉམས་ཉེན་སེལ་བའི་རྒྱབ་རྟེན་བྱེད”ཅེས་པའི་རང་རྟོགས་ཀྱི་བྱ་སྤྱོད་གང་སར་མཐོང་ཐུབ།

ལི་ཆིང་ཧུའེ་ཡིས་མུ་མཐུད་དུ་ལུའུ་ཀོ་ཟམ་པའི་སྟེང་གི་སྒྱོགས་མདེལ་གྱི་སྒྲ་དེ་ཀྲུང་ཧྭ་མི་རིགས་ཀྱི་འཇར་འགོག་དམག་འཁྲུག་གི་སྐུལ་སློང་དམག་བརྡ་རུ་གྱུར་པ་དང་། ཀྲུང་ཧྭ་ས་གཞི་ཆེན་པོའི་སྟེང་དུ་ཁོང་ཁྲོའི་མེ་ལྕེ་མཆེད། འདི་ལྟ་བུའི་རི་སྒུལ་མཚོ་སྐྱོམ་དང་དཔའ་མཛངས་མདུན་སྐྱོད་ཀྱི་སྟོབས་ཤུགས་ཀྱིས་གཉིད་དུ་ཡུར་བའི་མི་རིགས་ཤིག་གི་རྣམ་ཤེས་གཉིད་ལས་བསླངས་ཞེས་བརྗོད།

ད་སྐབས། དམག་འཁྲུག་གི་དུ་ཞགས་ཡལ་ཟིན་ན་ཡང་། “རལ་གྲི་འཕྱར་ནས་འདྲེ་དམག་གཉའ་ནས་གཅོད”པའི་དཔའ་སྤོབས་དེ་ཀྲུང་ཧྭའི་ཡུལ་གྲུ་ཆེན་པོའི་སྟེང་ནམ་ཡང་ཡལ་མི་སྲིད། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་རྗེས་དྲན་ཁང་གི་ཐང་ཆེན་དུ། ཀྲུང་ཧྭ་མི་རིགས་གཉིད་ལས་སད་པའི་མཚོན་རྟགས་ཀྱི་བརྐོས་རིས་ཏེ།“ལུའུ་ཀོ་སེང་གེ”བརྗིད་ཉམས་ངང་ཀྲོང་ངེར་འགྱིང་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།