ལྗང་མྱུག་གསེབ་ནས་ཕྱུག་འགྱུར་ལམ་བུ་བསྐྲུན།
2021.05.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

དཔྱིད་རླུང་འཇམ་པོ་དལ་གྱིས་ལྡང་ཞིང་འཛིན་མའི་ཁྱོན་གྱི་ལྗང་མྱུག་ལ་སྐྱེ་སྟོབས་ཀྱི་དཔལ་རྒྱས་པའི་དུས་ཀྱི་ཕྱི་དྲོ་ཞིག་ལ། གསར་འགོད་པ་གདོང་སྣ་གྲོང་རྡལ་གྱི་རྩ་འཛུགས་ཨུ་ཡོན་ཚེ་གཟུངས་སྐྱབས་ཀྱི་འགྲོ་རོགས་འོག རྨ་ཀླུང་སྔོན་མོའི་འགྲམ་རྒྱུད་དུ་ཆགས་ཤིང་གཅན་ཚ་རྫོང་མཁར་དང་བར་ཐག་སྤྱི་ལེ22ཙམ་གྱིས་ཆོད་པའི་གདོང་སྣ་གྲོང་རྡལ་མཁར་ཐོག་སྡེ་བར་ཆས་པ་ཡིན། སྡེ་བ་དེའི་སྡེ་ལམ་ཁོད་ཡངས་ཤིང་གྲ་དག་པ་དང་། སྡེ་མི་ཚོས་རང་རང་གི་ཁྱིམ་སྒོའི་ཕྱི་ནང་བར་དུ་ཕྱི་ར་བརྩིགས་པ་དང་ཨར་ལས་སོགས་ཀྱི་ལས་ཀར་བྲེལ་བཞིན་པ་མཐོང་མ་ཐག དེ་ནི་གྲོང་གསེབ་དར་སྤེལ་གྱི་རླུང་བུས་ཕྱོགས་ཀུན་ནས་བསླངས་པའི་ལས་བརྩོན་ཡ་རབས་ཅན་གྱི་སྡེ་བ་ཞིག་ཡིན་པ་ངང་གིས་རྟོགས་ཡོང་།

འཁོར་འགྲོས་དལ་མོའི་ངང་སྡེ་བའི་ལྷོ་ནུབ་མཚམས་སུ་ཡོད་པའི་སྤྲོ་སྐྱིད་ཞིང་རའི་སྔོ་ཚོད་སྤྱིལ་ཁང་གི་མདུན་དུ་སླེབས་སྐབས། མི་མང་པོ་ཞིག་གིས་ལག་གང་མྱུར་དང་གོམ་གང་མགྱོགས་ཀྱིས་སྔོ་ཚོད་ཤོག་སྒམ་རེ་རེ་ཟོང་སྐྱེལ་རླངས་འཁོར་ནང་དུ་རྩིག་བཞིན་པ་མཐོང་། “ལོ་ངོ20ལྷག་ལ་རང་དགར་བསྐྱུར་བའི་ས་རྒོད་སྟེང་སྔོ་ཚོད་སྤྱིལ་ཁང60ལས་ནས། སུར་པན་དང་ཀྲོ་མ་ཀྲུ། ལ་ཕུག ཚལ་ཀྭ་སོགས་སྔོ་ཚོད་ཀྱི་རིགས་དང་། ཆུ་ཀུབ་དང་འབྲི་ཏ་ས་འཛིན་སོགས་སིལ་ཏོག་གི་རིགས་འདེབས་འཛུགས་བྱས་ཏེ། ད་ལྟའི་བར་དུ་ཧ་ལམ་ཡོང་སྒོ་སྒོར་ཁྲི20ཙམ་བླངས་པས། སྔོན་ཆད་ཀྱི་བེད་སྤྱོད་མེད་པའི་ས་སྟོང་དེ་ད་ལྟ་མང་ཚོགས་ཀྱི་ཡོང་སྒོ་འཚོལ་ས་གཙོ་བོར་གྱུར་ཡོད”ཅེས་མཁར་ཐོག་སྡེ་བའི་ཧྲུའུ་ཅི་དང་པོ་ཟུར་པ་ལིའུ་ཀུའེ་མིང་གིས་དགའ་བའི་ཉམས་དང་བཅས་དེ་ལྟར་བཤད།

ནམ་ཟླ་རིམ་གྱིས་ཇེ་དྲོར་སོང་བ་དང་བསྟུན་ནས། སྔོ་ཚོད་སྤྱིལ་ཁང་ནང་གི་དྲོད་ཚད་ཆེས་ཆེར་རྒྱས་ཡོད་ལ། ནང་དུ་འཛུལ་མ་ཐག་ཚ་རླབས་དྲོན་མོ་ཞིག་གདོང་ལ་འཚང་འོངས་ཞིང་། མི་འགའ་རེས་ཚོད་ལག་གཟེབ་བཟུང་ནས་རང་རང་ས་ན་སྨིན་ཐག་ཆོད་པའི་ཀྲོ་མ་ཀྲུ་དང་འབྲི་ཏ་ས་འཛིན་སོགས་འཐོག་བཞིན་པའི་ཚུལ་ལ་བལྟས་ན། དངོས་གནས་རོང་ཕྱོགས་ས་ཆའི“སྟོན་ལས”ཀྱི་རྣམ་པ་དེ་ཡིད་ལ་ངང་གིས་དྲན་འོངས།

སྤྱིལ་ཁང་གི་གཞོགས་ཤིག་ཏུ་སུར་པན་འཐོག་བཞིན་པའི་ཨ་ཅེ་ལིའུ་མེ་ཡིས་བཤད་རྒྱུར། སྔོན་ཆད་སྔོ་ཚོད་དང་སིལ་ཏོག་ཟ་འདོད་ན་ངེས་པར་དུ་ལེ་དབར་བཞི་ལྔ་རེའི་ལམ་ཐག་བརྒྱུད་ནས་ཡུལ་ཚོ་དང་གྲོང་རྡལ་ལ་ཉོ་རུ་འགྲོ་དགོས། ད་ལྟ་རང་གི་སྒོ་མདུན་ནས་རྫས་སྐྱོན་གྱི་སླད་མ་འདྲེས་པའི་སྔོ་ཚོད་དང་སིལ་ཏོག་གསར་པ་ཟ་ཐུབ་པ་འདི་ནི་དངོས་གནས་སྐྱིད་ཅིག་རེད་ཟེར།

སྔོ་ཚོད་སྤྱིལ་ཁང་འདི་ནི2016ལོར་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང19ལ་ཐོབ་པའི་ཐོན་ལས་མ་དངུལ་བསྡོམས་པས་སྒོར་མོ་འབུམ་བཞི་དང་ཁྲི་བདུན་ཡོད་པ་ཧྲག་བསྡུས་བྱས་ནས་དངོས་སུ་ལས་མགོ་བརྩམས་པ་ཡིན་ཞིང་། ད་ལྟའི་བར་གྱི་ལོ་ལྔའི་རིང་ལ་མ་རྐང་བཞག་པའི་ཁྱིམ་ཚང་ཡོངས་ལ་ལོ་མཇུག་ཏུ་མ་དངུལ་གྱི་བསྡུར་ཚད10%ལྟར་ཁེ་སྤོགས་བགོ་བྱ་བརྒྱབ་ཅིང་། 2020ལོར་བསྡོམས་པས་ཁེ་སྤོགས་སྒོར་མོ་ཁྲི་བཞི་དང་སྟོང་བདུན་བགོས་པ་དེ་ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྒོར་མོ་སྟོང་གསུམ་རེ་ཐོབ་པ་དང་། དེ་ལས་གཞན་ད་དུང་སྡེ་མི་ཚོར་ཁོམ་ལོང་ཅུང་ཟད་རེ་བྱུང་ཚེ་སྔོ་ཚོད་སྤྱིལ་ཁང་ནང་དུ་གླ་རྒྱག་ཏུ་ཡོང་ཆོག་ལ། མི་རེར་དུས་ཚོད་རེར་སྒོར10རེ་ཡི་གླ་ཆ་སྤྲོད་བཞིན་ཡོད་པས། སྡེ་མི་ཚོས་ཁྱིམ་གྱི་སྒོ་ཁ་ནས་ཡོང་སྒོ་བཙལ་ཐུབ་པའི་འདུན་མ་དེའང་མངོན་འགྱུར་བྱུང་འདུག

གདོང་སྣ་གྲོང་རྡལ་གྱི་རྩ་འཛུགས་ཨུ་ཡོན་གྱིས་དབུལ་ཐར་གྱི་བྱ་བ་འདི་མཐའ་འཁྱོལ་དགོས་ཚེ། ངེས་པར་དུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཕྱོགས་སུ་བསམ་བློ་གཏོང་དགོས་ལ། དབུལ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་སྒོས་མང་ཚོགས་ཀྱི་བརྩོན་སེམས་ལ་ཡར་སྐུལ་བྱས་ནས་རང་སྟོབས་རང་སྤེལ་གྱི་ནུས་པ་མཐོར་འདེགས་བཏང་ན། ད་གཟོད་དབུལ་ཐར་ངོ་མ་ཞིག་དང་འཕེལ་རྒྱས་ཡག་པོ་ཞིག་ཡོང་ངེས་ཤིང་། དེང་ཕྱིན་སླར་དབུལ་ཕོངས་སུ་མི་འགྱུར་བར་ཡང་ཁག་ཐེག་བྱེད་ཐུབ་ཟེར།

མཁར་ཐོག་སྡེ་བ་ནི་རྒྱ་རིགས་དང་ཧུའེ་རིགས་ཀྱི་ཁྱིམ་ཚང་བརྒྱ་ལྷག་འདུས་སྡོད་བྱས་པའི་སྡེ་བ་ཞིག་ཡིན་པ་དང་། དེ་སྔ་ཞིང་ལས་གཙོ་བོར་གཉེར་བའི་ཐོན་སྐྱེད་རྣམ་པ་གཅིག་རྐྱང་ཅན་གྱི་སྲོལ་རྒྱུན་སྡེ་བ་ཞིག་ཡིན་མོད། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཡོངས་སུ་དབུལ་ཐར་མཁྲེགས་གཏོར་གྱི་ཚ་རླབས་འཕྱུར་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་བཏོན་པར་བརྟེན། སྡེ་བ་དེས་རང་ས་གནས་ཀྱི་གནའ་བོའི་མཁར་རྙིང་དང་ལྷ་མོའི་མཆོད་ཁང་སོགས་ཀྱི་ཡུལ་སྐོར་ཐོན་ཁུངས་གྱ་ནོམ་པ་སྔོག་འདོན་བྱས་ཤིང་། ཐོན་ལས་དབུལ་སྐྱོར་གྱི་ཕྱོགས་སུ་ཤུགས་བསྣན་ནས། སྡེ་བའི་ཕྱིའི་རྣམ་པ“བཙོག་ཟིང་ཞན་གསུམ”ནས་སྐྱེ་ཁམས་འཚོ་སྡོད་ལ་འཚམས་པའི་སྤྲོ་གསེང་སྡེ་བ་ཞིག་ཏུ་བསྒྱུར་ཞིང་། དཔལ་འབྱོར་གྱི་ཡོང་སྒོ་སྣ་རྐྱང་བ་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཡོང་སྒོ་སྣ་མང་དུ་གྱུར་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་ལམ་བུའི་ཁྲོདཞིང་ཁྱིམ་དང་ཐོན་ལས། རིག་གནས། ཡུལ་སྐོར་བཅས་ཀྱི་འཕེལ་རྒྱས་དཔེ་དབྱིབས་ཤིག་འཚོལ་རྙེད་བྱུང་ཡོད་ལ། དཔེ་དབྱིབས་དེ་སྔ་མོ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་འབད་པ་བྱེད་བཞིན་པའི་སྒང་རེད།

                                                                                                 རྩོམ་སྒྲིག་པ། གཡང་འབུམ་རྒྱལ།