ལུས་པོར་ན་ཚས་གདུང་ཀྱང་ལས་གནས་བརྟན་སྲུང་བྱས།
2021.05.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

ན་ནིང་དཔྱིད་ཀར། བསོད་ནམས་དབང་གྲུབ་ཀྱི་ལུས་ལ་ན་ཚ་ཡོད་བཞིན་དུ་གཅན་ཚ་རྗོང་ཁམས་ར་གྲོང་རྡལ་གྱི་གཞི་རིམ་དུ་སོང་བ་དང་། གཞི་རིམ་ནས་བྱ་བ་སྒྲུབ་སྐབས་རྐེད་པར་ཟུག་གཟེར་ལངས་ཀྱང་ཁོས་ཇི་མི་སྙམ་པར་གཞི་རིམ་གྱི་བྱ་བར་བསམ་བློ་གཏད་ནས་ཁ་ཡ་བྱེད་ལོང་མ་བྱུང་། སྟབས་མ་ལེགས་པ་ཞིག་ལ། སྒོ་ཕྱི་རུ་བྱ་བ་སྒྲུབ་སྐབས་ཆར་བ་ཆེན་པོ་བབས་ནས་ལུས་ཡོངས་བརླན་པ་དང་། དེར་ཁག་བཞག་ནས་ན་ཚ་ཇེ་སྡུག་དུ་ཕྱིན་ལ། དེ་མུར་སྨན་ཁང་དུ་སྡོད་དགོས་བྱུང་། ཟླ་བ་གཅིག་ལྷག་ལ་སྨན་ཁང་དུ་སྨན་བཅོས་བརྟག་དཔྱད་བྱས་རྗེས། ཁོའི་ནད་ནི་གློ་བའི་འབྲས་སྐྲན་ཡིན་པར་ངོས་བཟུང་བ་དང་། ནད་ངོ་ཟིན་པ་འཕྱི་དྲགས་པས་བཤག་བཅོས་བྱ་ཐབས་བྲལ།

བསོད་ནམས་དབང་གྲུབ་ནི་གཙན་ཚ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་འཕྲིན་གཏུག་ཁང་གི་ཀྲུའུ་རེན་ཡིན་ལ། ད་དུང་ཚོ་དྲུག་ཡུལ་ཚོ་ཚོ་རྒན་ཁུག་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་ཡང་འཁུར་ཡོད། ལས་གནས་གཉིས་ཀྱི་བྱ་བ་མཉམ་དུ་སྒྲུབ་དགོས་པའི་རྐྱེན་གྱིས་ལས་ཀ་ལྕི་ལ་ཁོ་ནི་བྱ་བ་ལ་ནན་ཏན་བྱེད་མཁན་ཞིག་ཡིན་པས། བྱ་བར་མགོ་འཁོར་ནས་རང་གི་བདེ་ཐང་ལ་མཉམ་འཇོག་མ་བྱས་པས་རང་ཉིད་ཉལ་སར་ལྷུང་བའི་བར་དུ་མ་གཏོགས་ལུས་ལ་ནད་བྱུང་ཡོད་པ་ཡང་མ་ཚོར།

2006ལོར། བསོད་ནམས་དབང་གྲུབ་གཙན་ཚ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དུ་སོང་ནས་བྱ་བ་བསྒྲུབས་པ་དང་། ད་ལྟའི་བར་དུ་ལོ་ངོ15ཡི་རིང་ལ་སྒྲིག་བཤེར་གྱི་ལས་གནས་སྟེང་དུ་འབད་འབུངས་ལྷོད་མེད་ཀྱིས་བྱ་བ་བསྒྲུབས། ཁོའི་ལས་གྲོགས་མ་ཀྲི་ཁྲེང་གིས་བཤད་པ་ལྟར་ན། བསོད་ནམས་དབང་གྲུབ་ནི་སྨྲ་བ་ཉུང་ཞིང་ལས་ཀར་ནན་ཏན་བྱེད་མཁན་ཞིག་ཡིན་ལ། མང་ཚོགས་ཀྱི་ཡར་ཞུ་ཞིག་ཡིན་ཕྱིན་ཁོས་ཐབས་བརྒྱ་ཇུས་སྟོང་གིས་འགྲུབ་ཐབས་བྱེད་པ་ཡིན། ཐ་ན་ང་ཚོའི་ལས་ཀའི་ཁྱབ་ཁོངས་མིན་ཡང་ཁོས་དང་ལེན་བྱས་ཏེ་འབྲེལ་ཡོད་ལས་ཁུངས་ལ་མཚམས་སྦྱོར་བྱས་ནས་འགྲུབ་ཐབས་བྱེད་པ་རེད་ཟེར།

2019ལོའི་ཟླ9པ་ནས་བསོད་ནམས་དབང་གྲུབ་ཀྱི་རྐེད་པར་ཟུག་གཟེར་ལངས་མགོ་བརྩམས། བྱ་བའི་དབང་གིས་ཉིན་རེར་ཉིན་ཕྱེད་ལ་སྨན་བཅོས་དང་ཉིན་ཕྱེད་ལ་བྱ་བ་སྒྲུབ་ནས་ནད་ཀྱི་ཟུག་གཟེར་གནོན་ཐབས་བྱས་པ་ལས། རྩ་བ་ནས་སྨན་བཅོས་བྱེད་མ་ཐུབ། “སྐབས་དེར་ཕྱོགས་གཅིག་ནས་སྒྲིག་བཤེར་གྱི་ལས་ཀ་མང་པོ་སྒྲུབ་དགོས་པ་དང་། ཕྱོགས་གཅིག་ནས་སྡེ་སྡོད་ཧྲུའུ་ཅིའི་ལས་ཀ་ཡང་སྒྲུབ་དགོས། རླངས་འཁོར་ལ་བསྡད་ནས་འགྲོ་དགོས་པ་མང་ལ། རླངས་འཁོར་ལ་སྡོད་དུས་རྐེད་པ་ལྷག་པར་མི་བདེ་བས། རླངས་འཁོར་ལ་སྡོད་སྐབས་འབོལ་གདན་ཞིག་རྐེད་པར་སྦྱར་ནས་འགྲོ་དགོས།” ལྷག་པར་དུ་རིམས་ནད་ཀྱི་སྐབས་དང་འཁེལ་བའི་རྐྱེན་གྱིས་བསོད་ནམས་དབང་གྲུབ་ལས་གནས་དང་འབྲལ་རྒྱུ་ཁག་པོ་བྱུང་ལ། སྐབས་དེར་ཁོས་རང་གི་ལས་གནས་ཀྱི་ལས་ཀ་སྒྲུབ་དགོས་པར་མ་ཟད། ལས་གནས་ཞིབ་བཤེར་བྱེད་དགོས་པས་འགྲོ་འདུག་ཇེ་མང་དུ་སོང་། ཡིན་ཡང་ཁོས“ང་ཚོ་སྒྲིག་བཤེར་གྱི་བྱ་བ་སྒྲུབ་མཁན་ཡིན་ཕྱིར་སྒྲིག་ཁྲིམས་བརྩི་བ་ནི་ང་ཚོ་རང་ཉིད་ནས་འཛིན་དགོས་པ་དང་། ང་ཚོ་རང་ཉིད་ཀྱིས་ཀྱང་སྒྲིག་ཁྲིམས་བརྩི་མ་ཐུབ་ན་མི་གཞན་ལ་ཇི་ལྟར་ཞིབ་བཤེར་བྱེད”ཅེས་རེ་བ་ནན་པོ་བཏོན་པ་དང་། རང་གི་ལུས་ཕུང་ལ་ལྷོད་གཡེང་གི་སྐལ་བ་ཡེ་ནས་མ་བྱུང་། རྐེད་པའི་ཟུག་གཟེར་བསྲན་ནས་ལས་གནས་བརྟན་སྲུང་བྱས་ཏེ་ཟླ་བ་དགུ་འགོར་རྗེས་བསོད་ནམས་དབང་གྲུབ་གཞི་ནས་ཉལ་སར་ལྷུང་བ་དང་། གློ་བའི་འབྲས་སྐྲན་གྱི་ནད་ངོ་ཟིན་རྗེས་ཁྱིམ་མི་དང་ལས་གྲོགས་དག་གི་ནན་བཤད་འོག་ཁོ་པེ་ཅིན་ལ་སྨན་བཅོས་བྱེད་དུ་ཕྱིན། ཁོའི་ལུས་ལ་ནད་ཀྱིས་མནར་ཡང་བསམ་པ་སྔར་བཞིན་ལས་གནས་སུ་ཡོད། ཚོ་རྒན་ཁུག་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་སྐྱབས་ཀྱིས་བཤད་པ་ལྟར་ན། སྐབས་དེར་ཁོ་ཉལ་ཁྲིའི་སྟེང་ནས་ཡར་ལངས་མ་ཐུབ་ཀྱང་ནམ་རྒྱུན་སྡེ་བའི་རྩ་འཛུགས་ལ་ཁ་པར་བཏང་ནས་བྱ་བ་སྒྲུབ་སྟངས་ལ་བཀོད་འདོམས་བྱེད་བཞིན་ཡོད་ཟེར།

སྡེ་སྡོད་ལས་བྱེད་པ་དང་ཧྲུའུ་ཅི་དང་པོའི་འགན་འཁུར་སྐབས་ཀྱང་བསོད་ནམས་དབང་གྲུབ་ཀྱིས་རང་ཉིད་ལ་ཆ་རྐྱེན་ནན་མོ་བཏོན་ནས་སྡེ་བའི་གནས་ཚུལ་ལེགས་བསྒྱུར་ཐད་ཧུར་བརྩོན་བྱས་ལ། 2012ལོར་ཁོས་ལས་ཞོར་དུ་ཚོ་རྒན་ཁུག་སྡེ་བའི་སྡེ་སྡོད་ལས་བྱེད་པའི་འགན་འཁུར་པ་དང་། སྡེ་སྡོད་ལས་བྱེད་པའི་འགན་ཁུར་རྗེས་ཁོས་དེ་མ་ཐག་ཏུ་སྡེ་བའི་རྩ་འཛུགས་དང་མཐུན་སྦྱོར་བྱས་ཏེ། སྡེ་བའི་གོམས་སྲོལ་བཅོས་བསྒྱུར་བྱེད་མགོ་བརྩམས། སྐབས་དེར་ཚོ་རྒན་ཁུག་སྡེ་བར་མ་ཅང་དང་ཤོ་རྒྱག་པའི་སྣང་ཚུལ་དར་ཁྱབ་ཆེ་བར་དམིགས་ནས། ཚོ་རྒན་ཁུག་སྡེ་བ་དང་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་མཉམ་འབྲེལ་གྱིས་ཤོ་རྒྱག་ཁང་རྩ་མེད་བཟོས་པ་དང་། དེ་དང་མཉམ་དུ་སྡེ་བའི་ནང་གི་སྙན་གྲགས་ཆེ་བའི་མི་སྣ་ཆེད་དུ་ཞུས་ནས་སྡེ་དམངས་ལ་ཁ་ཏ་སློབ་གསོ་བཏང་། ཕྱི་ནང་མཉམ་འབྲེལ་དང་ཞི་དྲག་མཉམ་སྤྱོད་ཀྱི་ཐབས་ལ་བརྟེན་ནས་ཁྲིམས་འགལ་ལ་རྡུང་རྡེག་དང་སྲོལ་བཟང་དར་སྤེལ་བཏང་སྟེ། ཚོ་རྒན་ཁུག་སྡེ་བ་ནི་སྐབས་དེའི་སྡེ་སྲོལ་བཅོས་བསྒྱུར་ཐད་མི་རྣམས་ཀྱི་བསྟོད་པའི་མཐེ་བོང་སྒྲེང་ཡུལ་དུ་གྱུར།

2015ལོར་བསོད་ནམས་དབང་གྲུབ་ཀྱིས་ཁང་དབྱང་གྲོལ་རྡལ་ཞང་ཏོ་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་འཁུར་ལ། “ཞང་ཏོ་སྡེ་བ་ནི་ཧུའེ་རིགས་གཙོ་ཆེ་བའི་སྡེ་བ་ཞིག་ཡིན་པ་རེད། ཐོག་མར་ངས་ཧུའེ་རིགས་ཀྱི་འཚོ་བའི་གོམས་སྲོལ་དང་བསམ་བློའི་འདུ་ཤེས་སོགས་ལ་སློབ་སྦྱོང་བྱས་པ་ཡིན”ཞེས་བསོད་ནམས་དབང་གྲུབ་ཀྱིས་སློབ་སྦྱོང་གི་མིག་རྒྱང་ལ་བརྟེན་ནས་ཁོའི་ཧྲུའུ་ཅི་དང་པོའི་འགན་འཁྲི་ཕྲག་ཏུ་བླངས། ཁོས་བརྟག་དཔྱད་བྱས་པ་བརྒྱུད་ཞང་ཏོ་སྡེ་བའི་བྱིས་པ་སློབ་གྲྭར་མི་སྐྱེལ་བའི་གནད་དོན་དང་ཕོ་མཆོག་མོ་དམན་གྱི་བསམ་བློའི་གནད་དོན་གཉིས་དུས་ལྟར་དུ་ཐག་གཅོད་དགོས་པ་རྟོགས་ལ། གནད་དོན་དེ་གཉིས་ཀྱི་འབྱུང་རྩ་ནི་སྡེ་དམངས་བྱིངས་ཀྱི་རིག་གནས་ཆུ་ཚད་དམའ་བའི་རྐྱེན་ཡིན་པར་དབྱེ་ཞིབ་བྱས། བསོད་ནམས་དབང་གྲུབ་ཀྱིས་དེ་མ་ཐག་ཏུ་སྡེ་བའི་རྩ་འཛུགས་དང་མཉམ་འབྲེལ་སྒོས་མང་ཚོགས་ཀྱི་ཡིག་རྨོངས་སེལ་བའི་ཟབ་སྦྱོང་བསྡུས་པ་དང་། སྡེ་དམངས་མཉམ་འཛོམས་ཀྱི་གོ་སྐབས་དང་བསྟུན་ནས་སྲིད་ཇུས་དྲིལ་སྒྲོག་དང་ཁ་ཏ་སློབ་གསོ་ཡང་ཞོར་དུ་འགྲུབ་པར་བྱས། “ད་ལྟ་སྡེ་དམངས་ཀྱི་བསམ་བློ་དང་གོ་རྟོགས་ཇེ་མཐོར་སོང་ཡོད་པ་དང་། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་མི་སྐྱེལ་མཁན་གཅིག་ཀྱང་མེད་ཅེས་ངས་ཁ་ཚོན་གཅོད་ཐུབ”ཅེས་བསོད་ནམས་དབང་གྲུབ་ལ་སྤོབས་པས་ཁེངས་འདུག

བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་པ་ལྟར། སྨན་བཅོས་བྱས་པ་བརྒྱུད་བསོད་ནམས་དབང་གྲུབ་ཀྱི་ལུས་པོའི་གནས་ཚུལ་ཇེ་ལེགས་སུ་གྱུར་ཏེ་སྨན་ཁང་ནས་བུད་པ་དང་། ད་ལོའི་ཟླ་གཉིས་པར་ཁོས་སྨན་འཐུང་ཞོར་དུ་སླར་ཡང་ལས་གནས་སུ་ཐོན། བསོད་ནམས་དབང་གྲུབ་ཀྱིས་སྔར་བཞིན་ལས་གནས་གཉིས་ཀྱི་འགན་གཅིག་ལྕོགས་སུ་འཁུར་བ་དང་། ཕྱོགས་གཅིག་ནས་འགན་འཁྲི་ལྕི་བའི་འཕྲིན་གཏུག་ཁང་གི་བྱ་བ་དང་ཕྱོགས་གཅིག་ནས་ལས་ཚེགས་ཆེ་བའི་སྡེ་སྡོད་ཧྲུའུ་ཅིའི་བྱ་བ་སྒྲུབ་བཞིན་ཡོད། ཕལ་བའི་མི་ཡིས་ཕལ་བའི་ལས་གནས་སུ་ལོ་དང་ཟླ་བ་བརྩེགས་ནས་རྒྱུན་འཁྱོངས་ལྷོད་མེད་བྱེད་ཐུབ་པ་ནི་མ་གཞི་ནས་རླབས་ཆེ་བ་ཞིག་ཡིན་ལ། ཁྱད་པར་དུ་ལུས་ཀྱི་གདུང་བ་ལ་ཡང་ཇི་མི་སྙམ་པར་ལས་གནས་སུ་སླར་ཡང་ལོག་ཐུབ་པ་ནི་བསོད་ནམས་དབང་གྲུབ་ཀྱི་སྙིང་སྟོབས་དང་སེམས་རྒྱ་ཡིན་ལ། དེ་ལས་ཀྱང་གུང་ཁྲན་ཏང་ཡོན་ཞིག་གི་དད་འདུན་དང་རང་གཤིས་རེད།

                                                                            རྩོམ་སྒྲིག་པ། གཡང་འབུམ་རྒྱལ།