སྔོན་ཆད་མཉམ་དུ་ཇག་པ་རྩ་མེད་བཏང་། ད་ལྟ་མཉམ་དུ་འབྱོར་འབྲིང་འཚོ་བ་སྐྲུན།
2021.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ལོ་རྒྱུས་ནི་དུས་ཀྱི་འཁོར་བསྐྱོད་ཁྲོད་ནས་ཡིག་གཟུགས་སུ་གྱུར་ཏེ། མིའི་རིགས་ཀྱི་གཏམ་རྒྱུད་ངོ་མ་ཟིན་ཐོར་བཀོད་པ་དང་། མི་རབས་རྗེས་མར་སྙིང་སྟོབས་ཁྱད་པར་བ་ཞིག་བརྒྱུད་སྤྲོད་བྱེད་བཞིན་འདུག

1949ལོའི་ཟླ8པར། མི་རིགས་ཁག་གི་མང་ཚོགས་རྣམས་བཅིངས་འགྲོལ་བཏང་བའི་དགའ་སྤྲོ་ལ་རོལ་བཞིན་པའི་སྐབས་དེར། ཕམ་ཉེས་སུ་བཏང་ཡོད་པའི་མཱ་པུའུ་ཧྥང་དམག་དཔུང་གི་སྟོབས་ཤུགས་ལྷག་མས1949ལོའི་ཟླ12པའི་ཚེས5ཉིན་སྔོན་ལ་ཇུས་ངན་འཐེན་པ་དང་། འཆར་གཞི་ཡོད་པ། རྩ་འཛུགས་ཡོད་པ་བཅས་ཀྱི་གསར་བརྗེའི་ངོ་ལོག་གི་དྲག་པོའི་ཟིང་འཁྲུག་བསླངས་པ་རེད། ཐེངས་དེར་ཇག་པའི་ཟིང་ཆ་ཞི་འཇགས་སུ་གཏོང་བའི་གོ་རིམ་ཁྲོད། ཡའོ་ཏུང་ཀྲོང་སྡེ་བའི་མི་རིགས་ཁག་གི་མང་ཚོགས་ཚོས་རང་འགུལ་ངང་ཏ་ཡ་ཀོའུ་རིའི་སྟེང་གི་ཇག་པ་བཅོམ་པའི་འཐབ་མོ་བར་གྲོ་སོག་དང་། ཇ། ཞོག་ཁོག གོ་རེ་སོགས་བསྐྱལ་བ་དང་། རྨས་ཕོག་པའི་བཀོད་འཐབ་པར་ལྟ་སྐྱོང་བྱས་ལ། བརྩེ་སེམས་ཟབ་མོས་དམག་དམངས་ཚོས་དུས་མཉམ་དུ་ཇག་པ་ཚར་གཅོད་བྱེད་པའི་དམག་འཐབ་ཁྲོད་སྲ་ཞིང་བརྟན་པའི་ལྕགས་རི་ཞིག་བཙུགས་ཞེས་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞུའུ་ཀུག་ཡུལ་ཚོ་ཡའོ་ཏུང་ཀྲོང་ཞོལ་མ་སྡེ་བའི་རིག་གནས་ཐང་ཆེན་གྱི་གྱང་ངོས་སུ་དམག་དམངས་ཀྱི་ཆུ་དང་ཉ་མོ་ལྟ་བུའི་བརྩེ་བ་དང་མཉམ་དུ་ཇག་པ་ཚར་གཅོད་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད།

འོ་ཏུང་ཀྲོང་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧུའུ་ཧྲིན་ཧྲིག་གིས་ཇག་པ་བཅོམ་པའི་བརྒྱུད་རིམ་ཡི་གེར་བཀོད་པའི་གྱང་ངོས་དེ་ནི2017ལོར་སྡེ་བས་མཛེས་སྡུག་ལྡན་པའི་ཞིང་སྡེའི་ལས་གཞི་ལག་བསྟར་བྱེད་སྐབས་ཆེད་དུ་བཟོས་པ་ཞིག་རེད་ཞེས་བཤད། སྐབས་དེ་དུས་སྡེ་བས་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོ་ལ་བརྟེན་ནས་འཕེལ་རྒྱས་དགའ་འོས་པ་བྱུང་ཡོད། དམིགས་བསལ་གྱི་དུས་སྐབས་དེར་དམིགས་བསལ་གྱི་གསར་བརྗེའི་རྗེས་དྲན་དེ་ནི་གནས་དེ་གར་ལས་ཀ་བྱེད་པའི་སྡེ་བའི་ལས་བྱེད་པའི་སྐུལ་ལྕག་ཤིག་ཡིན་པ་དང་། དེ་ཡིས་དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོར་མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་བསྐྱོད་པའི་ཐོག་མའི་བསམ་འདུན་དྲན་སྐུལ་བྱེད་བཞིན་ཡོད།

ཞུའུ་ཀུག་ཡུལ་ཚོ་ཡའོ་ཏུང་ཀྲོང་ཞོལ་མ་སྡེ་བ་དང་ཡའོ་ཏུང་ཀྲོང་གོང་མ་སྡེ་བ་གཉིས་ལོ་རྒྱུས་ཐོག་སྡེ་བ་གཅིག་ཡིན་པ་དང་། དེའི་རྗེས་སུ་སྡེ་བ་གཉིས་སྲིད་འཛིན་ཐོག་ལོགས་སུ་ཕྱེས་ཡོད་མོད། འོན་ཀྱང་ས་ཁོངས་ལྟར་ན་ཁྱིམ་མཚེས་ཡིན་པ་དང་བརྩེ་བ་ཟབ་པས་སྡེ་བ་གཉིས་ཀྱིས་འབྲེལ་བ་ཤིན་ཏུ་ཟབ། དབུལ་ཐར་གྱི་བགྲོད་ལམ་སྟེང་དུ། སྡེ་བ་གཉིས་ཀྱིས་མཐུན་སྒྲིལ་ལྡན་པའི་སྒོ་ནས་ཕན་ཚུན་རོགས་རམ་བྱས་པས། སྔ་གཞུག་ཏུ་དབུལ་ཐར་བྱེད་ཐུབ་པ་བྱུང་།

ཡའོ་ཏུང་ཀྲོང་གོང་མ་དང་ཡའོ་ཏུང་ཀྲོང་ཞོལ་མའི་པའོ་མུའུ་ལུང་བའི་ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་གླིང་དུ་ཤིང་ལས་བཟོས་པའི་ལམ་བུ་ཞིག་རི་འདབས་ནས་ཀྱག་ཀྱོག་ངང་རི་རྐེད་དུ་འཐེན་པ་དང་། གཞོགས་གཉིས་ཀྱི་གནའ་བོའི་བབ་ཆགས་པའི་ཤིང་ཁང་ཆུང་ཆུང་དེ་དག་ལ་ཞིང་སྡེའི་ཉམས་འགྱུར་གྱིས་ཕྱུག་ཡོད་ཅིང་། མིག་གིས་རྒྱང་རིང་ལ་ལྟོས་ན། ཏ་ཐུང་རྫོང་གི་ཉིང་ཉིང་རི་བོའི་ཤར་ཕྱོགས་སུ་ལྷིང་འཇགས་ཀྱིས་གནས་པའི་སྔོ་ཐིང་ཐིང་གི་ཡུལ་ལྗོངས་དེ་ཁྲ་ཆུང་མིག་གི་དགའ་སྟོན་དུ་མངོན་ཡོང་།

སྡེ་མི་མཱ་ཧྲན་ཧྥུའུ་ཡིས་ཚོར་སྣང་ཟབ་མོའི་ངང་ནས་སྔོན་ཆད། འཇོར་འཁུར་ནས་ལས་ཀར་འགྲོ་དགོས་པ་དང་། ནོར་ལུག་གསོས་ནས་ལོ་གཅིག་ལ་དཀའ་བ་སྤྱད་ཀྱང་སྒོར་མོ་ཁ་ཤས་ལས་བཙལ་མི་ཐུབ། ད་ལྟ་དེ་འདྲ་མ་ཡིན་པར། སྡེ་བའི་ནང་ཐོན་ལས་ར་བ་བསྐྲུན་པ་དང་ར་བའི་ནང་གི་ཞབས་ཞུ་བ་དང་། གཙང་སྦྲ་བ། བདེ་སྲུང་བ་སོགས་མི་ཉེར་བརྒྱད་ཡོད་པ་ཚང་མ་རང་སྡེ་བའི་མི་ཡིན་ལ། དེའི་ནང་གི་མི་མང་ཆེ་བ་ནི་ཁྱིམ་ཚང་དབུལ་བོས་ཡིན་ཞིང་། ཟླ་ཕོགས་ཀྱང་སྒོར་མོ་སྟོང་གཉིས་དང་བརྒྱ་ཡས་མས་ཡོད་པ་རེད་ཞེས་བཤད།

ཧུའུ་ཧྲིན་ཧྲིག་གིས་བཤད་པ་ལྟར་ན། ལོ་འགའི་སྔོན་ལ། རི་ཁུལ་དུ་གནས་པ་དང་། སའི་ཆགས་ས་མི་བཟང་བ། རང་བྱུང་ཆ་རྐྱེན་ཞན་པ་སོགས་རྒྱུ་རྐྱེན་གྱིས་ཚོད་འཛིན་བྱས་པར་བརྟེན། སྡེ་མིས་གནམ་ལ་བརྟེན་ནས་ཟས་ལ་རེ་བ་དང་། ཡོང་སྒོ་སྣ་གཅིག་རྐྱང་ཡིན་ལ། སྡེ་བར་ཐུན་མོང་དཔལ་འབྱོར་གཅིག་ཀྱང་མེད་པས། སྡེ་མིའི་འཚོ་བའི་ཐད་ལའང་དཀའ་ངལ་ཡོད་པ་རེད་ཟེར།

རྣམ་པ་དེར་འགྱུར་ལྡོག་གཏོང་བ་དང་། སྡེ་བའི་རྣམ་པ་བསྒྱུར་བ། ཞིང་སྡེ་དར་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད། ཞུའུ་ཀུག་ཡུལ་ཚོས་ཤར་ནུབ་རྒྱུད་མཉམ་ལས་ལས་གཞིའི་འཕེལ་རྒྱས་དེ་གོ་སྐབས་སུ་བརྩིས་ཏེ། རང་བྱུང་ཐོན་ཁུངས་དང་། ལས་གཞིའི་མ་དངུལ། ཐུན་མོང་དཔལ་འབྱོར། དབུལ་ཐར་ཕྱུག་འགྱུར་གྱི་འཕེལ་རྒྱས་བསམ་ཕྱོགས་བཅས་གཏན་འཁེལ་བྱས་ཏེ། ཞུའུ་ཀུག་ཡུལ་ཚོ་པའོ་མུའུ་ལུང་བའི་ཡུལ་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པར་མ་དངུལ་བཏང་བ་དང་། ཡའོ་ཏུང་ཀྲོང་གོང་མ་སྡེ་བའི་དབུལ་སྐྱོར་ཐོན་ལས་གླིང་དང་། ཡའོ་ཏུང་ཀྲོང་ཞོལ་མ་སྡེ་བའི་དབུལ་སྐྱོར་ཐོན་ལས་ར་བ་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་བྱས་ཏེ། ཡུལ་ཚོ་ཡོངས་ཀྱི་སྡེ་བ་བདུན་གྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས་པ་རེད། ཉེ་བའི་ལོ་ཁ་ཤས་ཙམ་གྱི་རིང་ལ་འཕེལ་རྒྱས་བཏང་བ་བརྒྱུད། མཉམ་དུ་ལྟ་སྐོར་དང་། བཟའ་བཏུང་། རོལ་རྩེད་བཅས་ལ་རོལ་ཆོག་པའི་གཞི་གཅིག་ཅན་གྱི་མཐོ་སྒང་གི་མི་རིགས་ཡུལ་སྲོལ་གོམས་གཤིས་ར་བ་དང་། དབུལ་སྐྱོར་ཐོན་ལས་ར་བ། དམངས་སྲོལ་རིག་གནས་འགྲེམས་ཚོང་ལྟེ་གནས་བཅས་སྐྲུན་ཏེ། སྡེ་བའི་རྣམ་པ་དང་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

རང་ཁྱིམ་གྱི་འགྱུར་ལྡོག་གླེང་སྐབས། ཡའོ་ཏུང་ཀྲོང་གོང་མ་སྡེ་བའི་དབུལ་ཐར་བྱུང་བའི་སྡེ་མི་མཱ་ཧྥུའུ་མིན་གྱི་གདོང་ལ་དགའ་སྤྲོས་བརྟས་བཞིན་བཤད་རྒྱུར། ཏང་དང་སྲིད་གཞུང་གི་དབུལ་སྐྱོར་སྲིད་ཇུས་བཟང་པོ་ལག་བསྟར་བྱས་པར་བརྟེན་ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། རི་འདབས་ཀྱི་ར་སྐོར་ནས་ད་ལྟ་ལམ་འགྲམ་གྱི་མུས་གྲུ་བཞི་མ་བརྒྱ་དང་བཅུ་ལྷག་ཡོད་པའི་ཁང་བ་གསར་བའི་ནང་གནས་སྤར་བ་དང་། ད་དུང་རླངས་འཁོར་ཆུང་བ་ཞིག་ཀྱང་ཉོས་ཡོད། ད་ལྟ་ང་དང་ངའི་བུ་མོ་གཉིས་ཀྱིས་ཡུལ་ལྗོངས་ཁུལ་དུ་ཞོར་ལས་གཉེར་བཞིན་ཡོད་པ་དང་། བརྟན་འཇགས་ཀྱི་ཡོང་སྒོ་ཡོད་ལ། ཆུང་མས་ཁྱིམ་དུ་སེམས་བདེ་མོས་ཚ་བོ་གཉོར་བཞིན་ཡོད་ཟེར།

ཡའོ་ཏུང་ཀྲོང་གོང་མ་སྡེ་བའི་ཧྲུའུ་ཅི་དང་པོ་བང་ཆང་གིས་བཤད་རྒྱུར། ལོ་འདི་འགའི་རིང་ལ་སྡེ་བར་བསྡད་དེ་བྱ་བ་སྒྲུབ་པ་དེས་ཁོ་རང་ལ་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངེས་ཤེས་ཟབ་མོ་སྐྱེས་སུ་བཅུག་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་བ། མང་ཚོགས་ཀྱི་ཁྲོད་དུ་རྩ་བ་བརྟན་པོར་ཚུགས་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྙིང་སྟོབས་ཆེར་བསྐྱེད་དང་བློ་སྤོབས་ཆེན་པོ་ཟུང་འཛིན་བྱས་ཟེར། ལོ་གསར་བའི་ནང་དུ། བང་ཆང་དང་སྡེ་བར་སྡོད་པའི་བྱ་བའི་རུ་ཁག་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཞིང་བ་ཁྱིམ་ཚང་གི་ཕྱི་གྱང་ལ་དྲོད་སྲུང་སྦྱོར་བ་དང་། ཆུ་ལམ་བཅོས་སྐྱོང་། སྡེ་བའི་ལམ་བཅོས་སྐྱོང་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། ཡའོ་ཏུང་ཀྲོང་གོང་མ་སྡེ་བའི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།