ས་འགུལ་བྱུང་ནས་ལོ་བཅུ་གཅིག་འགོར་རྗེས་ཀྱི་ཡུས་ཧྲུའུ་ཡི་རྣམ་པ་གསར་པ།
2021.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

 ལོ་བཅུ་གཅིག་སྔོན་དུ་ས་འགུལ་ཆེན་པོ་ཞིག་གིས་གནའ་བོའི་གྲོང་རྡལ་དེར་སྙིང་རྗེ་མེད་པར་གཏོར་བརླག་ཆེན་པོ་བཏང་།

ལོ་བཅུ་གཅིག་གི་རྗེས་སུ། མཛེས་སྡུག་ལྡན་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་ཡུས་ཧྲུའུ་འདི་ཉིད་གཙང་གསུམ་འགོ་ཁུངས་སུ་འགྱིང་ངེར་གནས་ཡོད།

གནོད་འགོག་རྒུད་སྐྱོབ་དང་།  གནོད་ཤུལ་བསྐྱར་སྐྲུན།  དབུལ་ཐར་མཁྲེགས་གཏོར། ཤེས་དཔལ་གྲོང་ཁྱེར་གསར་སྐྲུན་བཅས་བྱས་པ་བརྒྱུད་ཡུས་ཧྲུའུ་ལ་རྣམ་པ་གསར་བའི་འཕོ་འགྱུར་ཆེན་པོ་བྱུང་ཡོད།

འཚོ་བ་གསར་པ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཡིན།

ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ གནོད་འཚེ་ཆེན་པོའི་རྗེས་སུ་འགྱུར་ལྡོག་ཆེན་པོ་ཡོད་ངེས་རེད། ཁྱེད་ཚོར་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པའི་སྙིང་སྟོབས་ལྡན་པ་དང་། ཏང་ཀྲུང་དབྱང་གི་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་། རྒྱལ་ཡོངས་མི་དམངས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་རྒྱབ་སྐྱོར་གནང་བའི་འོག ཚང་མས་མཉམ་དུ་རང་སྟོབས་རང་སྤེལ་གྱིས་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ཚེ་འབྱུང་འགྱུར་ཡུས་ཧྲུའུ་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ངེས་རེད”ཅེས་གསུངས།

2010ལོའི་ཟླ6པར། བློ་མཐུན་ཞི་ཅིན་ཕིང་ཆེད་དུ་ཡུས་ཧྲུའུ་ས་འགུལ་གྱི་གནོད་ཐེབས་ས་ཁུལ་དུ་ཕེབས་ནས་ས་དེའི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་སྐོར་དང་འཚམས་འདྲི་གནང་བ་རེད། ཡུས་ཧྲུའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ16ཡོད་པའི་སྐར་མདའ་སྡེ་བ་ནི་བློ་མཐུན་ཞི་ཅིན་ཕིང་ཕེབས་མྱོང་བའི་ས་བབ་མཐོ་ཚད་སྨི4000ལྷག་ཟིན་པའི་སྡེ་བ་ཞིག་རེད།

“སྐབས་དེར་སྡེ་བའི་སྡོད་ཁང་95%བརྡིབས་ནས་གནོད་འཚེ་ཚབས་ཆེན་ཐེབས་ཡོད”།   སྐར་མདའ་སྡེ་བའི་བཅའ་སྡོད་ལས་བྱེད་པ་ཡུས་ཧྲུའུ་གྲོང་ཁྱེར་རྩལ་ཤེས་ཁོག་ཁྲོམ་གཞུང་གཞུང་ལས་ཁང་གི་ཀྲུའུ་རིན་བསམ་གཏན་ལྷུན་གྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར།  ས་འགུལ་བྱུང་རྗེས་གཅིག་སྡུད་བཀོད་སྒྲིག་བྱས་པའི་ཁྱིམ་ཚང་ཚང་མ་སྨི་གྲུ་བཞི་མ80ཟིན་པའི་སྡོད་ཁང་གསར་པའི་ནང་སྤར་བ་རེད།

སྐར་མདའ་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པའི་བར་དང་། ཐོག་མའི་ཕྱོགས་བསྡུས་སྒོ་རྩིས་ཚོང་ཁང་ནས་རྒྱན་གོས་དང་རྒྱན་ཆ་བཟོ་བ། རྩམ་པ་ལས་སྣོན། འབྲོག་པའི་སྤྲོ་སྐྱིད་ཁང་སོགས་རྣམ་གྲངས་མང་པོར་རིམ་བཞིན་རྒྱ་སྐྱེད་བཏང་བས། གཏན་འཇགས་རྒྱུ་ནོར་སྒོར་ས་ཡ་དགུ་འབུམ་ལྔ་ཟིན་ཡོད། 2020ལོར། སྡེ་བའི་མཉམ་ལས་ཁང་གིས་སྡེ་མི་རྣམས་ལ་ཁེ་སྤོགས་སྒོར་འབུམ་དྲུག་ཁྲི་གཅིག་སྟོང་ལྔ་བགོ་བཤའ་བརྒྱབ་པ་དང་།  2017ལོར་སྐར་མདའ་སྡེ་བའི་ཁྱིམ་ཚང་དབུལ་པོ77དབུལ་ཕོངས་ལས་ཐར་བ་རེད།

ས་འགུལ་བྱུང་རྗེས་རྒྱ་རྗེ་ཉག་སྡེ་བ་སྦྲ་གུར་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཐུབ་བསྟན་ཕུན་ཚོགས་ཀྱིས་གཉེན་ཉེ་རྐྱེན་ལམ་དུ་ཤོར་བའི་སྡུག་བསྔལ་བཟོད་བསྲན་བྱས་ཏེ། མྱུར་དུ་ལས་རྐང་དུ་ལོག་ནས་སྡོད་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་གནོད་འཚེ་ཐེབས་པའི་ཁྱིམ་ཚང273གྱི་མང་ཚོགས་མྱུར་སྐྱོབ་ཀྱི་ལས་ལ་བྲེལ།  སྡོད་ཁུལ་གྱི་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་དེ་མ་ཐག་ཏུ་ཏང་དར་དང་རྒྱལ་དར་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་བཙུགས་པར་མང་ཚོགས་ཀྱིས་ས་འགུལ་ཁྲོད་ཀྱི་བློ་གཏད་ས་ཞེས་བསྔགས་བརྗོད་བྱས།

ལོ་ངོ་དུ་མའི་རིང་། ཁོང་གིས་རང་ཁྱིམ་དོར་ནས་བློ་གཅིག་སེམས་གཅིག་གིས་དམངས་ཀྱི་ཆེད་དུ་ལས་ལ་གཞོལ་ཏེ་སྡོད་ཁུལ་གྱི་ཏང་ཡོན22ཀྱི་སྣེ་ཁྲིད་ནས་ཁྱིམ་གཞིས་བསྐྱར་སྐྲུན་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བས། 2016ལོར་རྒྱ་རྗེ་ཉག་སྡེ་བས་སྔོན་ལ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་རེད།

ཡུས་ཧྲུའུ་གྲོང་ཁྱེར་རག་སྟོད་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་སྐྱིད་བཟང་པོས་གསར་འགོད་པར་བཤད་རྒྱུར། ད་ལོའི་སྐབས་བརྗེའི་འདེམས་བསྐོའི་ནང་ལོ་58ལ་སླེབས་པའི་ཐུབ་བསྟན་ཕུན་ཚོགས་ལོ་ན་མཐོ་བ་དང་ལུས་ཕུང་བདེ་ཐང་མིན་པས་ལས་གནས་ནས་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་བྱས་མོད། འོན་ཀྱང་སྡེ་བའི་ནང་ཚོགས་འདུ་ཐེངས་མང་འཚོགས་རྗེས་སྡེ་མི་ཚང་མས་ཁོ་རང་མུ་མཐུད་དུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བར་རེ་བ་བཏོན་སོང་ཟེར།

ཐུབ་བསྟན་ཕུན་ཚོགས་ཀྱིས་གསར་འགོད་པར་བཤད་རྒྱུར། “ས་འགུལ་ཁྲོད་མི་མང་པོ་ཞིག་གི་ཁྱིམ་གཞིས་མེད་པར་བཟོས་མོད། ཏང་དང་སྲིད་གཞུང་གི་རོགས་རམ་འོག  ད་ལྟ་ཚང་མ་ཁང་པ་ཡག་པོ་འདི་འདྲ་ཞིག་ཏུ་སྡོད་ཐུབ་སོང་། སྡེ་མི་ཚོའི་ཁས་ལེན་ནི་ངའི་སྒུལ་ཤུགས་ཆེ་ཤོས་དེ་ཡིན། ངས་མུ་མཐུད་དུ་རང་ནུས་ཡོད་ཚད་བཏོན་ནས་སྡོད་ཁུལ་གྱི་མང་ཚོགས་ལ་དོན་དངོས་མང་པོ་བསྒྲུབ་རྒྱུ་ཡིན”ཟེར།

སྐལ་བཀྲས་རག་སྟོད་ཡུལ་ཚོའི་ཡུལ་གཙོ་ཡི་འགན་འཁུར་མྱོང་བ་དང2014ལོ་ནས་2020ལོ་བར་རག་སྟོད་ཡུལ་ཚོར་བྱ་བ་སྒྲུབ། ཁོས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་ཕྱུགས་འཚོ་བ།   ཕྱུགས་རྒྱུད་ལེགས་བསྒྱུར།  སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་པར་སྡེ་མི་ཚོས་ཁོ་ལ“  ཕྱུགས་རྫི་ཡུལ་གཙོ”ཞེས་འབོད་ཀྱིན་ཡོད།

ཚན་རིག་གི་བྱེད་ཐབས་གཞིར་བཟུང་ནས་རྩྭ་སར་གཞིགས་ནས་ཕྱུགས་རིགས་གཏན་འཁེལ་བྱེད་པ་དང་ཕྱུགས་རིགས་གསོ་ཁ་ནས་འབུད་ཚད་ཇེ་མང་དུ་གཏོང་བ། སྲིད་གཞུང་གིས་ནོར་ལུག་ལ“ཉེན་ཚབ”སྤྲོད་པ་བཅས་བྱས་པས།   ཡང་བསྐྱར་དབུལ་པོར་འགྱུར་ཚད་ཇེ་ཉུང་དུ་སོང་ཡོད།

ཡུས་ཧྲུའུ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྐལ་བཟང་དོན་འགྲུབ་ཀྱིས“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་།  རིམ་རྩིས་བྱས་ན་ཡུས་ཧྲུའུ་ཡིས་རིགས་ཁག་གི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར177བཏང་སྟེ།  སྔ་རྗེས་སུ་ད་ཡོད་ཚད་གཞིའི་འོག་གི་ཆེས་དབུལ་བའི་གྲོང་ཁྱེར་དང་རྫོང6གི་དབུལ་ཞྭ་ཕུད་པ་དང་། ཆེས་དབུལ་བའི་སྡེ་བ104དང་དབུལ་ཕོངས་མི་གྲངས་འབུམ་གཅིག་ཁྲི་གཉིས་སྟོང་དགུ་ལྷག་དབུལ་ཕོངས་ལས་ཐར་ནས། དབུལ་པོར་འགྱུར་ཚད34%ནས་0.3%དུ་ཇེ་དམའ་རུ་སོང་བ་དང་། ལོ་རེའི་དབུལ་ཕོངས་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་དེ2015ལོའི་སྒོར2970ནས་མིག་སྔའི་སྒོར9260ལྷག་ཏུ་འཕར་ཡོད།

ཡུས་ཧྲུའུ་ཁུལ་གྱི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧི་པོ་ཡིས་བཤད་རྒྱུར། “ང་ཚོས་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཀྱི་བསྡུར་ཚད་མཐོ་ཤོས་དང་། དབུལ་ཐར་གྱི་མ་རྩ་མཐོ་ཤོས། དབུལ་ཐར་གྱི་དཀའ་གནད་ཆེ་ཤོས་བཅས་ཀྱི་རྙོག་འཛིང་དང་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག  དབུལ་ཕོངས་ཁྱིམ་ཚང་གིས་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ཐུབ་པ་དང་།  དབུལ་ཕོངས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ཐུབ་པ། ཐོན་ལས་གླིང་ཁུལ་དུ་ལས་གནས་ཡོད་ལ་ལས་ཞུགས་ཐུབ་པ་མངོན་འགྱུར་བྱུང་ནས། དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ཡོད”།

2010ལོའི་ཟླ4ཚེས14ཉིན་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་ས་འགུལ་རིམ་པ7.1བྱུང་ནས་གནོད་འཚེ་ཚབས་ཆེན་ཐེབས།

ས་འགུལ་བྱུང་ནས་ལོ་ངོ11འགོར་རྗེས་ཀྱི་ཡུས་ཧྲུའུ་རུ། མཛེས་སྡུག་རྣམ་པར་བཀྲ་བའི་སྡོད་ཁང་དང་སློབ་གྲྭ    ཚོང་ཟོག་ཁྲོམ་ར་བཅས་གང་སར་རྣམ་པ་གསར་པ་མངོན་ཡོད་ལ།

གེ་སར་རིག་གནས་ཐང་ཆེན་དང་། རྟེན་རྫས་བཤམས་མཛོད་ཁང་། ཁམས་པའི་སྒྱུ་རྩལ་ལྟེ་གནས་བཅས་ལས་གྲོང་ཁྱེར་གསར་པ་དེར“རིག་གནས་དང་སྒྱུ་རྩལ་གྱི་རྣམ་པས”ཡོངས་སུ་ཁེངས་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་ཀྱི་འགོ་གཙོ་ཐུབ་བསྟན་འཆི་མེད་ཀྱིས“ས་འགུལ་མ་བྱུང་གོང་། ཡུས་ཧྲུའུ་གྲོང་ཁྱེར་དུ་གཞུང་ལམ་གཙོ་བོ་གསུམ་ལས་མེད་ལ། དེའི་ཁར་སྲང་ལམ་གྱི་ངོས་མི་སྙོམས་པས།  རླུང་གཡུག་ཚེ་གང་སར་ས་རྡུལ་གྱིས་ཁེངས་བ་རེད” ཅེས་དེ་ལྟར་བཤད་བྱུང་།

ལོ་གསུམ་གྱི་བསྐྱར་སྐྲུན་ནི་པེ་ཅིན་གྱི་དཔེ་དབྱིབས་དང་ཚད་གཞི་ལེགས་ཤོས་ཀྱི་རྣམ་པ་གཞིར་བཟུང་ནས་བསྐྲུན་པ་ཡིན་པས་ཡུས་ཧྲུའུ་ཡི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ལོ20ཡི་མཆོང་སྐྱོད་བྱུང་ཡོད།  གསོན་ཤུགས་ཀྱིས་ཕྱུག་པའི་དེང་རབས་ཀྱི་ཡུས་ཧྲུའུ་གསར་པ་ཞིག་མཚོ་བོད་ས་མཐོར་འགྱིང་ངེར་གནས་ཡོད།

“ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག གཞི་ནས་དེང་རབས་ཅན་གྱི་ཡུས་ཧྲུའུ་གསར་པ་བྱུང་ཡོད་ལ། དེང་རབས་ཅན་གྱི་གྲོང་ཁྱེར་གསར་པ་འདི་དོ་དམ་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱེད་པའི་ལས་འགན་ལྕི་ལ་ཉམས་སད་ཆེན་པོ་ཞིག་ཀྱང་རེད”ཅེས་ཐུབ་བསྟན་འཆི་མེད་ཀྱིས་དེ་ལྟར་བཤད་བྱུང་།

ལོ་ངོ་དུ་མའི་རིང་། ཡུས་ཧྲུའུ་ཡིས་གནོད་ཤུལ་བསྐྱར་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་། ལེགས་བསྒྱུར། མཐོར་གཏོང་བཅས་བྱེད་པ་དང་། བསྐྱར་སྐྲུན་ལས་གཞི་གཉེར་སྐྱོང་ཡག་པོ་དང་། སྲུང་སྐྱོབ་ཡག་པོ། དོ་དམ་ཡག་པོ་བཅས་བྱེད་པ། གྲོང་ཁྱེར་འཛུགས་སྐྲུན་གྱི་ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་འཁོར་སྐྱོད་ཀྱི་དོ་དམ་ཆུ་ཚད་མཐོར་འདེགས་དང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད།

ད་ལྟ་ཕྱི་ནས་སློབ་སྦྱོང་དང་གཅིག་སྡུད་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ཡུས་ཧྲུའུ་རུ་ཆེད་ལས་ལག་རྩལ་ཤེས་ལྡན་པ་དང་གཉེར་སྐྱོང་གཙོ་གཉེར་མི་སྣ་ཁག་གཅིག་གསོ་སྦྱོང་བྱས་པ་དང་། གྲོང་ཁྱེར་གཉེར་སྐྱོང་དོ་དམ་ཐད་རང་ས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་མ་ཟད། རིག་ནུས་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་རིམ་གྱིས་སྐྱོད་བཞིན་ཡོད།

2018ལོར་ཡུས་ཧྲུའུ་ཡིས“གྲོང་ཁྱེར་གཏོད་པའི”བྱ་སྤྱོད་སྤེལ་འགོ་བརྩམས་ནས། ཁུལ་དང་གྲོང་ཁྱེར་མཉམ་འགུལ་དང་། མཉམ་ཤུགས་མཉམ་སྐྲུན། དམངས་ཡོངས་ཟབ་ཞུགས་བཅས་ཀྱི་རྣམ་པ་གྲུབ་ཡོད། ལོ་གསུམ་གྱི་གསར་སྐྲུན་བརྒྱུད་ཡུས་ཧྲུའུ་གྲོང་ཁྱེར་གྱི་ནུས་པ་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་ནས་གྲོང་ཁྱེར་གྱི་རྣམ་པ་གསར་རྐྱང་དུ་གྱུར་བ་དང་། ཞིག་རོའི་ཁྲོད་བསྐྱར་སྐྲུན་བྱས་པའི་ས་མཐོའི་གྲོང་གསར་དེ་རང་རྒྱལ་གྱི་ཤེས་དཔལ་གྲོང་ཁྱེར་གྱི་གྲས་སུ་ཚུད་ཡོད།

ཁྲ་འགུ་སྡེ་བ་དེ་ཡུས་ཧྲུའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ3ཙམ་གྱི་སར་ཡོད་པ་དང་སྐབས་དེར་ས་འགུལ་གྱི་གནོད་འཚེ་ཚབས་ཆེན་ཕོག་པའི་སྡེ་བའི་གྲས་ཤིག་རེད། ཟླ་4ཚེས་7ཉིན་ ཁྲ་འགུ་སྡེ་བ་ནས་ཡུས་ཧྲུའུ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གཉིས་པའི་བར་སྤྱི་སྤྱོད་རླངས་འཁོར་དངོས་སུ་ཤར་གཏོང་བྱས་པ་རེད།

ཁྲ་འགུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་འབྲུག་གྲགས་རྡོ་རྗེ་ཡིས་བཤད་རྒྱུར། སྤྱི་སྤྱོད་རླངས་འཁོར་ཡོད་པས་ཁྱིམ་བདག་ཚོས་ཉིན་ལྟར་བྱིས་པ་སྐྱེལ་བསུ་བྱེད་པར་སེམས་ཁྲལ་བྱེད་མི་དགོས་ལ།  སྡེ་བའི་ནང་བྱིས་སྐྱོང་ཁང་བཙུགས་ཡོད་པས་བྱིས་པ་ཚོས་སློབ་སྔོན་སློབ་གསོ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་ཟེར།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་གསར་དུ་བསྐྲུན་པའི་ཁྱུང་ལུང་སྤྱི་གླིང་དུ་ལོ45ལ་སླེབས་པའི་རྟེན་ཡག་གིས་རྡོ་ཧྲུག་བསྒྲུགས་ནས་ནགས་སྲུང་བ10ལྷག་དང་མཉམ་དུ་སྡོང་འཛུགས་ཀྱི་ལས་ལ་བྲེལ་བཞིན་ཡོད་པ་རེད།

ནགས་སྲུང་བས་བཤད་པ་ལྟར་ན། ས་མཐོར་སྡོང་བོ་རྐང་གཅིག་གསོ་སྐྱོང་བྱེད་པ་ནི་ཕྲུ་གུ་གཅིག་གསོ་སྐྱོང་བྱེད་པ་དང་གཉིས་སུ་མ་མཆིས། དཔྱིད་དུས་སྡོང་བོ་འཛུགས་པ་དང་། དབྱར་དུས་བདག་སྐྱོང་། སྟོན་དུས་རྩིས་ལེན། དགུན་དུས་འགོག་སྲུང་བཅས་བྱས་ནས་དུས་ཚིགས་བཞི་བོར་འདི་ལྟར་སྲུང་སྐྱོབ་བྱེད་དགོས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པའི་ཡུས་ཧྲུའུ་འདི་ཉིད་མཛེས་སྡུག་གི་ཀྲུང་གོའི་སྣང་བརྙན་མཚོན་པའི་སྐར་ཁུང་དང་མིང་བྱང་དུ་གྱུར་ཡོད།

ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཕྱོགས་བསྡུས་ཁོའོ་ཡི་འགོ་གཙོ་བསམ་གྲུབ་ཀྱིས་བཤད་རྒྱུར།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟ་ཞིབ་ཚད་ལེན་མཚམས་ཚིག27ལ་བརྟེན་ནས་གཞུང་སྒྲུབ་ཁང་ནས་ཀྱང་ཡུས་ཧྲུའུ་ཁུལ་ཁོངས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་མང་པོར་ལྟ་ཞིབ་བྱེད་ཐུབ་ཟེར།

ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། 2020ལོར་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཁོར་ཡུག་གི་མཁའ་དབུགས་གཙང་ཚད100%ཟིན་པ་དང་། དྭངས་གཙང་གི་ཆུ་དང་མཁའ་དབུགས་ལེགས་པོ་ལས་ཡུས་ཧྲུའུ་བས་སྐྱེ་ཁམས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་བཞིན་ཡོད།

མིག་སྔར། ཁུལ་དེར་རྟེན་ཡག་དང་འདྲ་བའི་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་དྲུག་དགུ་བརྒྱ་ང་བརྒྱད་ཡོད་པ་དང་།  མི་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་ཡོད།

ཉེ་བའི་ལོ་ལྔའི་ནང་། ཡུས་ཧྲུའུ་ཁུལ་གྱི་ནགས་ཚལ་ཁྱབ་ཚད3.97%བར་ཇེ་མཐོར་ཕྱིན་པ་དང་། རྩྭ་སའི་སྔོ་ཁེབས་ཀྱི་ཚད61.8%བར་ཇེ་མཐོར་ཕྱིན་པ། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་སླར་གསོ་བྱུང་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པ་རེད།

ད་ལྟ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།