འབྲི་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ལྟ་སྲུང་བ།
2021.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

2004ལོའི་ཟླ11པར། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཆེད། གདང་ལ་གྲོང་རྡལ་གྱི་ཕྱུགས་ལས་སྡེ་བ་དྲུག་གི་འབྲོག་ཁྱིམ་བརྒྱ་དང་ཉེར་བརྒྱད་ཀྱི་འབྲོག་པ་རྣམས་མི་རབས་ནས་མི་རབས་བར་རྩྭ་ཐང་དུ་སྡོད་པའི་འཚོ་བ་མཇུག་རྫོགས་ནས་སྤྱི་ལེ་བཞི་བརྒྱ་དང་ཉི་ཤུའི་ཕྱི་རོལ་དུ་ཡོད་པའི་ན་གོར་མོ་གྲོང་ཁྱེར་ལྷོ་རྒྱུད་དུ་གསར་དུ་འཛུགས་སྐྲུན་བྱས་པའི་འབྲི་ཆུའི་འགོ་ཁུངས་སྡེ་བའི་གཏན་སྡོད་ཁུལ་དུ་གནས་སྤར། དེ་ནས་བཟུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དེ་འབྲི་ཆུ་འགོ་ཁུངས་སྡེ་བའི་མིའི་སེམས་གཏིང་དུ་རྩ་བ་ཚུགས་ཡོད།

འབྲི་ཆུ་འགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཟླ་བ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། འབྲི་ཆུ་འགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་དཔྱོད་བྱེད་སྐབས་གནང་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པ་ནི་ཏང་ཀྲུང་དབྱང་གི་གཏན་འཁེལ་བྱས་པའི་སྲིད་ཇུས་ཆེན་པོ་ཞིག་ཡིན་པ་དང་། སྐྱེ་ཁམས་གནས་སྤོ་ནི་སྲིད་ཇུས་འདི་དངོས་འབེབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ངེས་པར་དུ་རྩ་འཛུགས་དང་ལག་བསྟར་བཟང་བོ་བྱེད་དགོས་ཞེས་པའི་རེ་བ་ལྟར། རྩྭ་ཐང་གི་སྐྱེ་ཁམས་ལྟ་སྲུང་བ་བརྒྱ་དང་གོ་བཞི་དང་། བརླན་སའི་སྐྱེ་ཁམས་ལྟ་སྲུང་བ་སོ་གསུམ་གྱིས་འབད་བརྩོན་བྱས་ནས་ཕྱུགས་བཀག་ལས་འགན་ལག་བསྟར་བྱས་པ་དང་། ས་མུའུ་ས་ཡ་ལྔ་དང་ཁྲི་གཅིག་ལྷག་གི་སྟེང་ཕྱུགས་འཚོ་མཚམས་བཞག་ཏེ། ཕྱུགས་འཚོ་མཚམས་བཞག་པའི་རྩྭ་ཐང་དང་རི་སྐྱེས་སྲོག་ཆགས་ལ་མུ་མཐུད་དུ་སྐོར་ཞིབ་དང་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཞེས་བཤད།

ད་ལྟ་འབྲི་ཆུའི་འགོ་ཁུངས་སྡེ་བའི་ལས་བྱེད་མང་ཚོགས་སྔར་ལས་མང་པོས་སྐྱེ་ཁམས་གནས་སྤོ་ཡི་ཡུན་རིང་དོན་སྙིང་རྟོགས་པ་དང་། སྐྱེ་ཁམས་ལྟ་སྲུང་བ་མང་པོས་འབྲི་ཆུའི་འགོ་ཁུངས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་ལྗིད་མོ་ཕྲག་ཏུ་བླངས་ནས་རང་འགུལ་གྱིས་རང་བྱུང་ཁམས་ལ་ཕྱིར་དྲིན་ལན་འཇལ་བའི་འགུལ་སྐྱོད་སྤེལ་བཞིན་ཡོད།

འབྲི་ཆུའི་འགོ་ཁུངས་སྡེ་བ་རུ་སྡོད་པའི་ནོར་བུ་བསམ་འགྲུབ་ཡིས་ད་ལྟ་འབྲི་ཆུའི་འགོ་ཁུངས་སྡེ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་དང་། ཀྲི་པུའུ་དྲིལ་སྒྲོག་ཨུ་ཡོན་གྱི་འགན་ཁུར་ཡོད་པ་དང་།  ཁོ་ནི2010ལོར་ཏང་ནང་དུ་ཞུགས་ལ། 2017ལོར། ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཚམས་སྦྱོར་བྱས་པ་བརྒྱུད། སྐྱེ་ཁམས་ལྟ་སྲུང་བའི་དཔུང་ཁག་ནང་དུ་ཞུགས། ཁོས་ནམ་རྒྱུན་སྡེ་བའི་ནང་གི་བྱ་བ་ཡོངས་འགྲུབ་བྱས་རྗེས། ཟླ་རེར་ཐེངས་གཉིས་ལ་སྐོར་ཞིབ་བྱ་རྒྱུ་དེ་བྱ་བའི་ལས་འགན་ནང་དུ་བཞག་ཡོད། ནོར་བུ་བསམ་འགྲུབ་ཀྱིས་འགན་ཁུར་བའི་ལྟ་སྲུང་བའི་ས་ཁོངས་ནི་ཧྥིན་ཧོ་རི་བོ་ཡིན་པ་དང་། འབྲི་ཆུའི་འགོ་ཁུངས་སྡེ་བ་ནས་བསྐྱོད་ན་སྤྱི་ལེ་བཞི་བརྒྱ་ལྷག་ཡོད་ལ། ལྟ་སྲུང་དུ་ཐེངས་གཅིག་ལ་བསྐྱོད་ན་ཉིན་གཉིས་ནས་གསུམ་དགོས། དེ་ལས་གཞན། ཁོ་དང་རུ་མི་ཚོས་ཟླ་རེར་ཐུན་མོང་གིས་སྐོར་ཞིབ་ལྟ་སྲུང་ཐེངས་གཅིག་བྱེད་ལ། ཐུན་མོང་གིས་སྐོར་ཞིབ་ལྟ་སྲུང་བྱེད་པའི་ཉིན་དེར། ཚང་མས་ནངས་ཇ་འཐུང་རྗེས་ལམ་དུ་ཆས་པ་ཡིན། ཁོ་ཚོ་ཕར་འགྲོ་ཚུར་འོང་གི་ལམ་ཐག་ལ་སྤྱི་ལེ་བརྒྱད་བརྒྱ་ལྷག་ཡོད་ཅིང་། ཟ་མ་ཟ་ས་དང་འདུག་ས་ཚང་མ་རི་མགོ་ཡིན་ལ། སྤྱིར་བཏང་གིས་ཕྱི་ཉིན་དགོང་མོར་ད་གཟོད་ཕྱིར་ཡུལ་ལ་ཐོན་ཐུབ།

ནོར་བུ་བསམ་འགྲུབ་ཀྱིས་དབྱར་ཁ་ཆེས་སྐྱིད་པ་རེད། སྟོན་ཁ་དང་དགུན་ཁར་བྱེ་རླུང་ཆེ་བ་དང་། མཚམས་ལན་རེར་ཁངས་མཐུག་པོ་བབས་ན་སྐོར་ཞིབ་བྱེད་པའི་སྐབས་སུ་དཀའ་ངལ་ཆེན་པོར་འཕྲད་སྲིད་ཟེར། ནོར་བུ་བསམ་འགྲུབ་ཀྱི་ཆུང་མ་ཡང་ལྟ་སྲུང་བ་ཞིག་ཡིན་པ་དང་། ལྟ་སྲུང་གི་ས་ཁོངས་ནི་གཡོ་གེ་སྡེ་བ་ཡིན་ལ། གཡོ་གེ་སྡེ་བ་ནི་རི་ཁུལ་དུ་གནས་ཤིང་།  ལམ་མི་བདེ་བས། རླངས་འཁོར་དུས་རྒྱུན་འདམ་ནང་དུ་ཟུག་བཞིན་ཡོད་ཟེར།

ལོ་འདི་འགའི་རིང་ལ། ནོར་བུ་བསམ་འགྲུབ་དང་ཆུང་མ་གཉིས་ནི་སྐྱེ་ཁམས་ལྟ་སྲུང་བའི་ནང་ཞུགས་མཁན་ཡིན་པར་མ་ཟད། རྩྭ་ཐང་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་བདེན་དཔང་པའང་ཡིན་པ་རེད། ནོར་བུ་བསམ་འགྲུབ་ཀྱིས་སྐྱེ་ཁམས་ལྟ་སྲུང་བ་ཞིག་ཡིན་པའི་ཆ་ནས་རྩྭ་ཐང་གི་སྐྱེ་ཁམས་ལ་ལྟ་སྲུང་བྱེད་རྒྱུ་དེ་ནི་ང་ཚོའི་འགན་ཁུར་ཡིན་པ་དང་། དེ་བས་ཀྱང་ང་ཚོའི་འོས་འགན་ཡིན་པར་སྙམ་བཞིན་ཡོད། བུ་རབས་ཚ་རྒྱུད་རྣམས་ཀྱི་ཆེད་དུ། དྭངས་གཙང་གི་ཆུ་མོ་དང་སྔོ་ལྗང་གི་རི་བོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་ནས་འབྲི་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐད་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།

ཏང་ཡོན་གྱི་སྣེ་ཁྲིད་ལ་བརྟེན་ནས་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ནོར་བུ་བསམ་འགྲུབ་ཀྱིས་བཤད་རྒྱུར། ལོ་འདི་དག་གི་རིང་ལ། སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་འགྱུར་བ་དང་རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་དུ་སོང་ཡོད། སྔོན་ཆད་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་ད་ལྟ་རྒྱུན་ལྡན་ངང་མཐོང་རྒྱུ་ཡོད། དེའི་རྐྱེན་གྱིས་མི་སྔར་ལས་མང་པོས་སྐྱེ་ཁམས་ཁོར་ཡུག་གིས་འཕེལ་རྒྱས་ལ་ཐེབས་པའི་གལ་ཆེན་རང་བཞིན་རྟོགས་ཡོད་པས། རང་འགུལ་གྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་ནང་ཞུགས་བཞིན་ཡོད་ཟེར། གདང་ལ་གྲོང་རྡལ་གྱི་མགོ་གཙོ་སྐར་འཚོ་ལྷ་མོ་ཡིས་ཉེ་བའི་ལོ་འགའི་རིང་ལ། གདང་ལ་གྲོང་རྡལ་གྱིས་དངོས་གནས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་དོ་དམ་ལྟ་སྲུང་མཁན་གྱི་སྔོན་ཐོན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཀྱིན་ཡོད་པ་དང་། དུས་གཏན་འཁེལ་གྱི་ནང་སྡེ་བ་ལས་ཁུངས་བྱས་ཏེ། གད་སྙིགས་སྐྱེལ་འདྲེན་དང་། སྡོང་འཛུགས་ནགས་སྐྲུན། རྩྭ་ཐང་ལ་སྐོར་ཞིབ་བྱེད་པ་སོགས་ཀྱི་རྣམ་པས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཞེས་མཚམས་སྦྱོར་བྱས་པ་དང་། སྐར་འཚོ་ལྷ་མོ་ཡིས་ང་ཚོས་ཏང་འཛུགས་ཀྱི་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ལ་བརྟེན་ནས་གྲོང་རྡལ་འཛུགས་པའི་བསམ་ཕྱོགས་བཙུགས་པ་དང་།  སྐྱེ་ཁམས་ལྟ་སྲུང་བའི་སྣེ་ཁྲིད་འོག འབྲོག་པ་མང་ཚོགས་སྔར་ལས་མང་པོ་རང་འགུལ་གྱིས་ནང་དུ་ཞུགས་པས། དམངས་ཡོངས་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་སྐྲུན་ཡོད་ཟེར།

ཕྱུགས་འཚོ་མཁན་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་དང་། རྩྭ་ཐང་སྔར་ལས་གཙང་མར་གྱུར། འབྲི་ཆུའི་འགོ་ཁུངས་ཀྱི་སྐོར་ཞིབ་སྲུང་སྐྱོབ་ཀྱི་ཉིན་མོར་ནོར་བུ་སྒྲོལ་མས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་བདེན་དཔང་བྱས་ཡོད།

ནོར་བུ་སྒྲོལ་མ་ད་ལོ་ན་ཉེར་བརྒྱད་ཡིན་པ་དང་། གདང་ལ་གྲོང་རྡལ་ནོར་སྦ་སྡེ་བས་ཡིན་ཞིང་། ཁོ་མོ་ལྟ་སྲུང་མི་སྣ་ཞིག་ཡིན་ལ། ཏང་ཡོན་ཞིག་ཀྱང་ཡིན་པ་རེད། ཁོ་མོས་དོ་དམ་ལྟ་སྲུང་བྱེད་པའི་ས་ཁོངས་ནི་ཐོག་ཐོག་ཆུ་བོའི་བྱང་རྒྱུད་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་ཡིན་པ་དང་། ཕྱུགས་བཀག་ས་ཁུལ་གྱི་ཁོངས་སུ་གཏོགས། སྐོར་ཞིབ་ལྟ་སྲུང་བྱེད་ཐེངས་རེ་རེར་ནོར་བུ་སྒྲོལ་མས་སྔོན་ལ་ལྟ་སྲུང་ཁུལ་ཉེ་འགྲམ་གྱི་ས་ཁོངས་སུ་ལྟ་སྲུང་བྱེད་པ་དང་། དེ་ནས་འཕྲུལ་རྟར་ཞོན་ནས་སྐོར་ཞིབ་བྱེད་དུ་འགྲོ་ལ། འཕྲུལ་རྟ་འགྲོ་མི་ཐུབ་པའི་ལམ་དུ་རྐང་ཐང་ལ་འགྲོ་བཞིན་ཡོད། སྐོར་ཞིབ་བྱེད་སྐབས་རྩྭ་སར་གཏོར་བརླག་བཟོས་ཡོད་མེད་ཀྱི་གནས་ཚུལ་ལ་ལྟ་དགོས་པར་མ་ཟད། ད་དུང་ནམ་ཟླ་དང་རི་སྐྱེས་སྲོག་ཆགས་ལའང་ལྟ་ཞིབ་བྱེད་དགོས། ཁོ་མོས་བཤད་རྒྱུར། ལྟ་སྲུང་བ་ཞིག་ཏུ་གྱུར་བ་དེ་ནི་ངའི་གཟི་བརྗིད་དང་ང་རྒྱལ་ཡིན་པ་དང་། ངའི་ལས་འགན་ཤིན་ཏུ་ཆེ་བ་རྟོགས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་ནས། མེས་རྒྱལ་གྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བཟང་པོ་བྱེད་རྒྱུ་ཡིན་ཟེར།

ཧྥིན་ཧོ་རི་བོ་རྒྱུན་ལྡན་ལྟར་ཡིན་པ་དང་། ཁྲིམས་དང་འགལ་ནས་སྔོག་འདོན་བྱེད་མཁན་མེད་ལ། རྡོ་སོལ་བརྐོ་མཁན་ཡང་མེད་པ་རེད། ད་ལྟ། ནོར་བུ་བསམ་འགྲུབ་དང་ནོར་བུ་སྒྲོལ་མ་ལྟ་བུའི་སྐྱེ་ཁམས་ལྟ་སྲུང་བ་ནི་གདང་ལ་གྲོང་རྡལ་དུ་མི་དྲུག་བརྒྱ་དང་གྱ་དགུ་ཡོད་པ་དང་། ཁོ་ཚོས་བྱ་བར་འགན་ཁུར་བའི་རྣམ་འགྱུར་གྱིས་ཡར་སེམས་ལྡན་པ་དང་གསར་གཏོད་གོང་འཕེལ་གྱི་ཆོད་སེམས་དང་སྙིང་སྟོབས་དེ་སྤྱིར་བཏང་གི་ལས་གནས་སྟེང་མངོན་པར་བྱས་ཏེ། བློ་རྩ་བརྟན་པོས་བྱ་བ་སྒྲུབ་པ་དང་། རང་ཉིད་ཀྱི་ཁྲག་དྲོན་ལ་བརྟེན་ནས་འབྲི་ཆུའི་འགོ་ཁུངས་ཀྱི་རྩྭ་རྐང་རེ་རེར་སྲུང་སྐྱོབ་བྱས་པ་དང་། དངོས་ཡོད་ཀྱི་འགུལ་སྐྱོད་ལ་བརྟེན་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་ལག་བསྟར་བྱེད་བཞིན་ཡོད།

དཔྱིད་ཟླ་བཞི་བར་གྲང་ངར་ཧ་ཅང་ཆེ། ཀྱག་ཀྱོག་གི་ཆུ་ཕྲན་གྱི་འཁྱག་རོམ་དང་། མུ་མཐའ་མེད་པའི་གངས་རི་རྩྭ་ཐང་གང་ཡིན་ཡང་། སྐྱེ་ཁམས་ལྟ་སྲུང་བའི་གཟུགས་བརྙན་དེ་གནས་དེ་རུ་རྒྱུ་བཞིན་ཡོད་ལ། རང་ཉིད་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཕ་མེས་ནས་བརྒྱུད་འོངས་པའི་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཅིང་། སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་ལ་བདེན་དཔང་བྱེད་བཞིན་ཡོད། སྐར་འཚོ་ལྷ་མོས་ཡིད་ཆེས་ཡོད་པའི་སྒོ་ནས་བཤད་རྒྱུར། རྗེས་ཕྱོགས་གདང་ལ་གྲོང་རྡལ་ཏང་ཀྲི་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས་སོགས་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་དང་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་ནས་མཐོ་སྒང་གི་མཁའ་དབྱིངས་སྔར་ལས་སྔོན་པོ་དང་། རི་བོ་སྔར་ལས་ལྗང་བ། ཆུ་མོ་སྔར་ལས་དྭངས་མོར་བསྒྱུར་བར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།