དབུལ་ཐར་བྱས་ཟིན་ནའང་ད་དུང་ཚང་མའི་སྣེ་ཁྲིད་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་དགོས།
2021.05.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ད་ལོ་ལོ་ན་ང་གཅིག་ལ་སོན་པའི་ངག་དབང་དྲི་མེད་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་ཟམ་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པར་མ་ཟད་སྡེ་བའི་ནང་གི་ཕྱུག་འགྱུར་གྱི་སྣེ་ཁྲིད་པའང་ཡིན།

ཉིས་སྟོང་ཉི་ཤུ་ལོའི་སྡེ་བ་རིམ་པའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་བྱ་བའི་སྐབས་སུ་ངག་དབང་དྲི་མེད་ཀྱི་ཁྱིམ་མི་རྣམས་ཀྱིས་ཁོ་ལ་ད་ནི་ཁྱོད་ཀྱིས་ངལ་གསོ་རོགས་ཞེས་ཡང་ཡང་སྐུལ་མ་གཏོང་བཞིན་ཡོད།   ངག་དབང་དྲི་མེད་ཀྱིས་སྡེ་བའི་ལས་བྱེད་པའི་འགན་ཁུར་བ་ནས་བཟུང་ཁོས་རང་གི་ནུས་པ་ཡོད་ཚད་སྡེ་བའི་དོན་དུ་ཕུལ་ནས། ཡང་དང་བསྐྱར་དུ་ཁུལ་དང་ཞིང་ཆེན་བཅས་སུ་སོང་སྟེ་ལས་གཞི་སྣ་ཚོགས་ལ་བརྩོན་ལེན་བྱེད་པའི་ལས་ལ་བྲེལ་བཞིན་ཡོད་པས་རང་ཁྱིམ་གྱི་ཁང་པ་གསར་པ་ལས་པར་རོགས་སྐྱོར་ཅི་ཡང་བྱེད་ཐུབ་ཀྱི་མེད། ལོ་ངོ་མང་པོ་ཞིག་གི་རིང་ལ་དཀའ་ཚེགས་ཆེ་བའི་སྡེ་བའི་བྱ་བ་སྣ་ཚོགས་ལྷུར་ལེན་བྱས་པའི་ངལ་དུབ་ཀྱིས་ད་ལྟ་ཁོའི་ལུས་ཕུང་མི་བདེ་བའི་གནས་སུ་གྱུར་ཡོད། དེ་བས་ཁྱིམ་མི་རྣམས་ཀྱིས་ཁོ་ལ་ལེ་བདའ་དང་འཁང་ར་ཡང་བྱེད་ཀྱི་ཡོད། ཡིན་ནའང་སྡེ་མི་རྣམས་ཀྱིས་ཁོ་ལ་གཏད་པའི་རེ་བའི་མིག་ཟུང་རེ་རེ་མཐོང་དུས་ཁོ་རང་ཡང་བསྐྱར་འདེམ་བསྐོའི་ཁྲོད་ཞུགས་རྒྱུ་སེམས་ཐག་བཅད།   འདེམ་ཤོག་མང་བའི་འདེམ་གྲངས་ཀྱིས་ངག་དབང་དྲི་མེད་ཀྱིས་ཡང་བསྐྱར་ཟམ་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་དགོས་བྱུང་།

ད་ལྟ་ཚང་མ་དབུལ་ཐར་བྱས་ཟིན་ཀྱང་ངའི་དམིགས་འདུན་ནི་ཚང་མའི་སྣེ་ཁྲིད་དེ་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་རྒྱུ་དེ་ཡིན། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་རྗེས་སུ་ངག་དབང་འཇིགས་མེད་ཀྱིས་དེ་ལྟར་བཤད།

དེ་སྔ་ནང་ཆེན་རྫོང་གི་དབུལ་ཕོངས་ཀྱི་ཚད་གཞིས་བརྒྱ་ཆའི་སོ་དྲུག་ཟིན་པ་དང་ཟམ་ཆེན་སྡེ་བའི་དབུལ་ཕོངས་མི་གྲངས་བཞི་བརྒྱ་དང་ཞེ་ལྔ་ལ་འབུད། ཆུང་ངུའི་དུས་ནས་དབུལ་ཕོངས་སུ་འགྱུར་བར་སྐྲག་པའི་ངག་དབང་དྲི་མེད་ཀྱིས་རང་ཡུལ་རྒྱབ་ཏུ་བསྐྱུར་ནས་ཕྱི་ཡུལ་འགྲིམ་སྟེ་འབད་འརྩོན་ལྷོད་མེད་བྱེད་རྒྱུའི་ལམ་དེ་བདམས་ཤིང་། ལོ་ངོ་དུ་མའི་རིང་ཕྱི་རོལ་གྱི་ཡུལ་གྲུ་མང་པོ་ཞིག་འགྲིམས། སྐབས་དེར་ཕྱི་རོལ་གྱི་ཡུལ་ལྗོངས་མང་པོ་ཞིག་མཐོང་ཡུལ་དུ་གྱུར་ནའང་ངག་དབང་དྲི་མེད་ཀྱི་སེམས་ལ་ཡང་ཡང་འཁོར་བཞིན་པ་ནི་སྔར་བཞིན་རང་ཡུལ་ལུང་པ་དེ་རེད། ཉིས་སྟོང་བདུན་ལོར་ངག་དབང་དྲི་མེད་སྦྱིན་བདག་ཅིག་ནས་ཟམ་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅུ་རུ་གྱུར། ཕྱི་ལོར་ངག་དབང་དྲི་མེད་ཀྱིས་རང་ཉིད་ཀྱིས་ཚོང་བརྒྱབ་ནས་བཙལ་བའི་སྒོར་མོ་བླངས་ཏེ།མང་ཚོགས་རྣམས་སྐུལ་སློང་བྱས་ཏེ་ལམ་ལས་ནས་ས་དེའི་མང་ཚོགས་ཀྱི་འགྲོ་འོང་སྟབས་བདེ་བཟོས།

ང་ཚོར་ཟམ་ཆེན་སྡེ་བ་ཞེས་འབོད་ཀྱིན་ཡོད་མོད། དོན་གྱིས་ཟམ་པ་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ནི་མི་རབས་དུ་མ་ཞིག་གི་རེ་འདུན་ཡིན་ཞེས་སྔོན་ཆད་ཀྱི་ལོ་ཟླ་རེ་རེར་ཕྱིར་དྲན་བྱེད་སྐབས་ངག་དབང་དྲི་མེད་ལ་སེམས་ཚོར་མང་པོས་ཁེངས་འདུག

ལྕགས་ཟམ་དེ་མིང་དོན་མཚུངས་པའི་ཟམ་པ་ཆེན་པོ་ཞིག་ཏུ་བསྒྱུར་རྒྱུ་ནི་ངག་དབང་དྲི་མེད་ཀྱི་བསམ་འདུན་ཉག་གཅིག་རེད། བསམ་འདུན་དེ་མངོན་འགྱུར་བྱེད་པའི་ཆེད་དུ་ཁོ་རང་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱུག་ནས་སྒོར་མོ་ས་ཡ་དྲུག་ལྷག་ཙམ་གྱི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་བརྩོན་ལེན་བྱས། ཡིན་ནའང་ས་ཆ་བསྡུ་ལེན་བྱེད་པའི་རྩོད་གླེང་གི་དབང་གིས་དུས་ཡུན་རིང་བོ་ཞིག་ལ་ལས་གཞིའི་བཟོ་སྐྲུན་དེའི་མགོ་རྩོམ་མ་ཐུབ། ལམ་འགྲམ་གྱི་སྡེ་མི་རྣམས་དང་མཐུན་སྦྱོར་ཐེངས་མང་བྱས་ཀྱང་ཕན་འབྲས་མངོན་གསལ་མ་ཐོན་པས་ངག་དབང་དྲི་མེད་ཀྱི་སེམས་སུ་བྲེལ་བ་ཆེན་པོ་ལངས་ཤིང་། ཁོས་ཡང་བསྐྱར་རང་ཉིད་མི་སྒེར་གྱི་སྒོར་མོ་ཁྲི་གསུམ་བླངས་ནས་སྡེ་བའི་ས་ཁུལ་བསྡུ་ལེན་གྱི་ཁ་གསབ་ནང་བཞག་པས་ལམ་དེ་གཞི་ནས་ལས་ཐུབ་པར་གྱུར་ཏེ། སྡེ་མི་རྣམས་ཀྱི་འབྱོར་ཕྱུག་འཕེལ་རྒྱས་ཀྱི་ལམ་བུ་སྔར་ལས་ཡངས་པར་གྱུར།

ཟམ་པ་ལེགས་པར་གྲུབ་རྗེས་སུ་ངས་རླངས་འཁོར་ཞིག་ཉོས་པ་ཡིན། རྒྱུ་མཚན་ནི་སྐྱེལ་འདྲེན་ལ་བརྟེན་ནས་སྒོར་མོ་མང་པོ་བཙལ་འདོད་པ་ཡིན་ཞེས་སྡེ་མི་ཆོས་དབྱིངས་ཀྱིས་བཤད། བསམ་ཚུལ་འདི་འདྲ་ཅན་གྱི་སྡེ་མི་ད་དུང་མང་པོ་ཞིག་ཡོད་མོད། ཡིན་ནའང་དེའི་སྐོར་གྱི་ཐོན་ཁུངས་མེད་པའི་ཁར་སྡེ་མི་མང་པོ་ཞིག་གིས་རླངས་འཁོར་ཉོས་ཀྱང་སྒོར་མོ་བཙལ་ཐུབ་བམ་སྙམ་པ་དང་། ལ་ལ་ཞིག་གིས་རླངས་འཁོར་ཉོ་མི་ཕོད་པ་སོགས་ཀྱི་གནད་དོན་ལ་འཕྲད་པའི་སྐབས་སུ། ངག་དབང་དྲི་མེད་ཀྱིས་མི་དང་མིའི་བར་གྱི་འབྲེལ་བར་བརྟེན་ནས་ཁོ་ཚོའི་བར་དུ་འབྲེལ་ལམ་བཙུགས།

ལོ་ངོ་དུ་མ་འདས་རྗེས་སུ་སྐྱེལ་འདྲེན་གྱི་ལས་ཀ་གཉེར་བཞིན་པའི་སྡེ་མི་རྣམས་སྐྱེལ་འདྲེན་རུ་ཁག་ཅིག་ཏུ་གྲུབ་ཅིང་། སྐྱེལ་འདྲེན་རུ་ཁག་དེའི་རླངས་འཁོར་གྱི་གྲངས་ཀའང་ཇེ་མང་ཡིན་ཞིང་། ཁོ་ཚོ་ནི་ཟམ་ཆེན་སྡེ་བའི་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཡིན་པར་མ་ཟད། ད་དུང་རྫོང་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་ཐད་ཀྱང་སྐུལ་ཁྲིད་ཀྱི་ནུས་པ་ཐོན་བཞིན་ཡོད་པ་རེད། ངག་དབང་དྲི་མེད་ཡིད་ཆེས་དང་བཅས་ཏེ་བཤད་རྒྱུར། མིག་སྔར་ང་ཚོའི་སྐྱེལ་འདྲེན་རུ་ཁག་དེར་སྐྱེལ་འདྲེན་རླངས་འཁོར་ཆེ་བ་ང་གཉིས་ཡོད་པའི་གཞི་ཁྱོན་ཆེན་པོར་གྱུར་ཡོད། དེ་ཡིས་སྡེ་མི་རྣམས་ཀྱི་འཚོ་བའི་ཡོང་སྒོ་ཐད་འཕར་སྣོན་ཆེན་པོ་འབྱུང་ཏུ་འཇུག་བཞིན་ཡོད་ཟེར།

ནང་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ལྷོ་སྣེའི་མཚམས་སུ་ཆགས་ཤིང་མཚོ་སྔོན་གྱི་ལྷོ་སྒོ་ལྟ་བུ་རེད། ས་དེའི་གནམ་གཤིས་དྲོ་ཞིང་བརླན་བཤེར་ལྡན་པ་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས། ཉིས་སྟོང་བཅོ་བརྒྱད་ལོར་ངག་དབང་དྲི་མེད་ཀྱིས་ཡང་བསྐྱར་སྒོར་མོ་ས་ཡ་གསུམ་ལྷག་གི་གནས་སྐོར་དབུལ་སྐྱོར་གྱི་ལས་གཞི་བརྩོན་ལེན་བྱས་པ་དང་བསྟུན་ཧུར་བརྩོན་ཆེན་པོས་མི་དམངས་མང་ཚོགས་རྩ་འཛུགས་བྱས་ཏེ། ཐུན་མོང་དཔལ་འབྱོར་བཀོལ་སྤྱོད་བྱས་ནས་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་ལ་བརྟེན་ནས་སྡེ་བའི་ནང་དུ་གནས་སྐོར་ལས་གཞི་བཙུགས་པ་དེས་སྔོན་ཆད་ཁུ་སིམ་པའི་སྡེ་བ་དེ་ད་ལྟ་འུར་ཟིང་ཆེན་པོས་ཁེངས་འདུག

ལོ་གཉིས་ལྷག་ལ་འཛུགས་སྐྲུན་བྱས་པ་བརྒྱུད་ནས། གནས་སྐོར་སྤྲོ་སྐྱིད་གླིང་དེ་རུ་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཤིང་ཁང་དང་སྦྲ་གུར་སོགས་ནི་རྒྱང་རིང་ནས་བལྟས་ན་མཛེས་སྡུག་ལྡན་པའི་རི་མོ་ཞིག་དང་འདྲ།

ཧྲུའུ་ཅི་ནི་མི་ནུས་པ་ཅན་ཞིག་ཡིན། ཁོས་སྡེ་བའི་ནང་གི་ཐོན་ཁུངས་ཚང་མ་བཀོལ་སྤྱོད་བྱས་པ་དང་ང་ཚོས་ཁོ་དང་མཉམ་དུ་འབད་བརྩོན་བྱས་པས་ད་ལྟ་ཚང་མ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་བཞིན་ཡོད་ལ་ང་ཚོའི་འཚོ་བ་ནི་ཉིན་རེ་ནས་ཉིན་རེར་ཇེ་སྐྱིད་དུ་འགྲོ་བཞིན་ཡོད་ཅེས་པ་ནི་སྡེ་མི་རྣམས་ཀྱིས་ངག་དབང་དྲི་མེད་ལ་གདེང་འཇོག་བྱེད་སྟངས་ཆེས་མང་ཤོས་དེ་རེད།

སྡེ་མི་རྣམས་ཀྱིས་བཤད་པ་ནང་བཞིན་ཡིན་ཏེ། ལྔ་གཅིག་གི་སྐབས་ནས་བཟུང་སྟེ་གནམ་གཤིས་རིམ་བཞིན་ཇེ་དྲོར་ཕྱིན་པ་དང་བསྟུན་ནས། གནས་སྐོར་བ་མང་པོ་ཞིག་རྒྱུན་ཆད་མེད་པར་ཟམ་ཆེན་སྡེ་བར་ཡོང་བཞིན་ཡོད་པས། ཟམ་ཆེན་སྡེ་བའི་སྡེ་མི་རྣམས་ཀྱིས་ཧྲུའུ་ཅི་ངག་དབང་དྲི་མེད་དང་མཉམ་དུ་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་པའི་ཡིད་ཆེས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། དེ་ལྟར་གནས་སྐོར་བ་ཇེ་མང་དུ་སོང་བ་དང་བསྟུན་ནས་ངག་དབང་དྲི་མེད་ཀྱིས་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་འབྲེལ་ཡོད་ཀྱི་སྒྲིག་ཆས་དང་ཞབས་ཞུའི་སྒྲིག་གཞི་སོགས་འཐུས་སྒོ་ཇེ་ཚང་དུ་གཏོང་བཞིན་འདུག སྡེ་མི་རྣམས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་བའི་ཆེད་དུ་གནས་སྐོར་ས་ཁུལ་གྱི་བཟའ་བཏུང་དང་སྦྲ་གུར་སོགས་གླ་གཏོང་བྱེད་པའི་ཞབས་ཞུ་དེ་ས་གནས་ཀྱི་མང་ཚོགས་ལ་འགན་ཁུར་དུ་བཅུག་པས་ཁོ་ཚོར་ལས་གནས་ཤིག་ཐག་གཅོད་བྱས་པར་མ་ཟད་སྡེ་མི་རྣམས་ལ་ཡོང་སྒོ་ཞིག་ཀྱང་གསར་དུ་ཕྱེས་ཡོད་པ་རེད།

སྔོན་ཆད་ཡིན་ན་ངས་ཞོར་ལས་གཉེར་ཀྱང་སྒོར་མོ་བཙལ་མི་ཐུབ་པར་སེམས་ཁུར་བྱེད་ཀྱི་ཡོད། ད་ལྟ་སྡེ་བའི་གནས་སྐོར་ས་ཁུལ་དུ་རང་ཉིད་ཀྱང་མ་རྐང་གི་ནང་དུ་ཞུགས་ཡོད་པས་ལོ་མཇུག་ཏུ་ཡོང་སྒོ་བགོ་བཤའ་རྒྱག་བཞིན་ཡོད། ཧྲུའུ་ཅི་ངག་དབང་དྲི་མེད་ཀྱི་བསམ་ཚུལ་ལྟར་དུ་ལས་ཀར་ཞུགས་ན་སྒོར་མོ་བཙལ་ཐུབ་པ་ཁག་ཐེག་ཡིན་པས། རྗེས་ཕྱོགས་སུ་ང་རང་ཧྲུའུ་ཅིའི་རྗེས་སུ་འབྲང་ནས་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཞེས་ཟམ་ཆེན་སྡེ་བའི་སྡེ་མི་དཀོན་མཆོག་དགོད་བཞིན་དུ་དེ་ལྟར་བཤད།

དུས་རྒྱུན་དུ་སྡེ་མི་རྣམས་ཀྱིས་འདི་ལྟར་བཤད་པ་ཐོས་དུས། ངག་དབང་དྲི་མེད་ཀྱི་གདོང་ལ་འཛུམ་ཞིག་ལངས་ནས་བཤད་རྒྱུར།  སེམས་བདེ་མོ་བྱོས། རྒྱལ་ཁབ་ཀྱི་སྲིད་ཇུས་ནི་འདི་འདྲ་ཡག  ལོ་འདི་ཚོར་འུ་ཚོས་ཀྱང་རྨང་གཞི་ཅུང་བརྟན་པོ་ཞིག་བཏིངས་ཡོད་པས་འབྱོར་འབྲིང་འཚོ་བར་བསླེབ་ཅང་མི་འགོར་ཞེས་བཤད་ཀྱི་ཡོད།

                                                                                              ཡིག་སྒྱུར་བ། གཡང་འབུམ་རྒྱལ།