ཉེ་ལམ་བཀྲམས་པའི《དར་ཆའི》དུས་དེབ་སྟེང་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་དུས་རབས་གསར་བའི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེའུ་གསར་བ་ལེགས་པོར་འབྲི་དགོས་ཞེས་པ་སྤེལ་ཡོད།
2021.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེའུ་གསར་བ་ལེགས་པོར་འབྲི་དགོས།

ཝང་ཅན་ཅོན།

“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་ལོ་ལྔ་ཚན་དང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་དཔྱད་གླེང་འཛིན་གྲྭའི་ཐོག་དང་དེ་མིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དག་ནི། ང་ཚོས་དེང་སྐབས་དང་ཡང་ན་མ་འོངས་པའི་དུས་སྐབས་ཤིག་རིང་གི་བྱ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་བླངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ན། ད་གཟོད་དུས་རབས་གསར་པའི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ལེགས་པོ་ཞིག་འབྲི་ཐུབ་ངེས་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་དོན་འཁྱོལ་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་དཔྱད་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབ་བྱེད་པའི་མིག་རྒྱང་རིང་བོར་སྐུལ་འདེད་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཞུགས་པའི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་། ལོ་རྒྱུས་ཀྱི་གཞི་འཛིན་ས། དོན་དངོས་ཀྱི་གཞི་འཛིན་ས་བཅས་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་བླང་བྱ་གསར་བ་དོན་འཁྱོལ་བྱེད་པ་དེ་མ་ལག་ལྡན་པས་རྒྱས་བཤད་བྱས་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་སྒོས་འཛུགས་པའི་ཁ་ཕྱོགས་གཙོ་བོ་རྒྱས་བཤད་ཟབ་མོ་བྱས་ཡོད་ལ། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་ཚོགས་དང་འཕེལ་རྒྱས་ཡིན་པས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་བསམ་བློའི་ཐོག་ནས་སྐུལ་སློང་བྱས་ཡོད།

གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་རང་རྒྱལ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གནས་ཕྱོགས་དང་། དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་རྩ་དོན། དཔལ་འབྱོར་དེང་རབས་ཅན་དུ་འགྱུར་བའི་ལམ་ཕྱོགས་གདམ་གསེས་གསལ་སྟོན་བྱས་ཡོད་པས། དེ་ལ་ལག་ལེན་གྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་ལྡན་པ་དང་། རླབས་ཆེན་གྱི་དུས་རབས་ནང་རླབས་ཆེན་གྱི་བསམ་བློ་བྱུང་བ་དང་། རླབས་ཆེན་གྱི་བསམ་བློས་རླབས་ཆེན་གྱི་ལག་ལེན་ལ་མཛུབ་སྟོན་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་ཤིག་གསལ་བཤད་བྱས་ཡོད།

གཉིས་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་མིས་ཡུན་རིང་འབད་འཐབ་བྱས་པའི་རྨང་གཞིའི་སྟེང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་དགོས་པ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པར་སྐུལ་འདེད་བཏང་སྟེ། སླར་ཡང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་འཇུག་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ཏུ་ཞུགས་ཡོད། དུས་རབས་གསར་པ་དང་དུས་རིམ་གསར་བ་ནི་སྔ་རྗེས་རྒྱུན་མཐུད་དང་སྔ་འཛིན་ཕྱི་གཏོད་ཡིན་པས། དེ་ལ་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།

གསུམ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་སྲིད་སྐྱོང་ལུགས་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་འཇགས། རིམས་ནད་སྔོན་འགོག་ཚོད་འཛིན། དབུལ་ཐར་མཁྲེགས་གཏོར་གྱི“ངོ་མཚར་ཆེན་མོ་བཞི”གསར་བསྐྲུནབྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ལ་ནུས་པ་ཆེ་བའི་རྒྱུ་མཚན་དང་། མར་ཁེ་སི་རིང་ལུགས་ལག་བསྟར་བྱེད་ཐུབ་པའི་རྒྱུ་མཚན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟང་བོ་ཡིན་པའི་རྒྱུ་མཚན་བཅས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ལན་བཏབས་པ་དང་། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པའི་རྒྱུགས་གཞི་ཡག་པོ་ཞིག་སྤྲད་ཡོད་པས། དེ་ལ་ཀྲུང་གོ་མི་དམངས་ཀྱིས་སེམས་གཏིང་ནས་བརྩི་བཀུར་དང་གོང་བཀུར་ཐོབ་ཡོད།

བཞི་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“བརྒྱ་ལོ་གཉིས་”ཀྱི་འབད་འཐབ་དམིགས་འབེན་ལ་གཞིགས་ཏེ།“འཕེལ་རྒྱས་གང་འདྲ་ཞིག་མངོན་འགྱུར་བྱ་རྒྱུ་དང་། འཕེལ་རྒྱས་ཇི་ལྟར་མངོན་འགྱུར་བྱ་རྒྱུ”དེ་བརྗོད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིབ་འཇུག་བྱས་ཏེ་དྲིས་ལན་ཡག་པོ་ཞིག་འདེབས་དགོས་པ་དང་། དེ་ལས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་བཏོན་ཡོད། རིགས་པའི་གཞུང་ལུགས་ཀྱི་མ་ལག་འདིས་ཀྲུང་གོའི་བཅོས་བསྒྱུར་དང་། འཕེལ་རྒྱས། བརྟན་འཇགས་བཅས་ལ་ཡུན་རིང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་། དེ་ནི་ང་ཚོའི་ཏང་གིས་ཆབ་སྲིད་ལངས་ཕྱོགས་དང་། རིན་ཐང་གི་ཁ་ཕྱོགས། འཕེལ་རྒྱས་ཀྱི་རྣམ་པ། འཕེལ་རྒྱས་ཀྱི་བགྲོད་ལམ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་སྐོར་འཕེལ་རྒྱས་སུ་གཏོང་བར་ཡང་བསྐྱར་འཐུས་ཚང་དང་། ཡང་བསྐྱར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཡང་བསྐྱར་གསར་སྐྲུན་བྱེད་པ། ཡང་བསྐྱར་ཡར་རྒྱས་བཅས་བྱེད་དགོས།

ལྔ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མ་འོངས་འཕེལ་རྒྱས་ཀྱི་རང་བདག་དབང་ཆ་སྟངས་འཛིན་བྱས་ཏེ། འཕེལ་རྒྱས་གསར་བའི་རྣམ་པ་འཛུགས་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། སྔོན་ལ་ཐབས་ཇུས་ཡག་པོ་དང་དཀའ་སྡུག་གི་ཉེན་ཁའི་ཁྲོད་གོ་སྐབས་འཚོལ་བ་དང་། འགྱུར་ལྡོག་ཁྲོད་མགོ་གསར་བ་རྩོམ་ཐུབ་པར་བྱས་པས། ཀྲུང་གོའི་དཔལ་འབྱོར་གྱི་འཚོ་གནས་ནུས་པ་དང་། འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་པ། རྒྱུན་མཐུད་ནུས་པ་བཅས་ཇེ་དྲག་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མདུན་དུ་སྐྱོད་པ་ལས་ཕྱིར་སྣུར་དང་མཚམས་མི་འཇོག་པར་ཁག་ཐེག་བྱེད་དགོས། 

དྲུག་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་ཁྱད་སྟོབས་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་རྒྱུན་འཁྱོངས་བྱེད་པ་དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་གཞུང་ལུགས་ཀྱི་ཁྱད་སྟོབས་རྒྱུན་འཁྱོངས་བྱེད་པ་དང་གཅིག་གྱུར་བྱས་ཏེ་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པ་དེ་འགན་ནུས་བཀོད་སྒྲིག་བྱེད་པའི་སྟེང་སྔར་ལས་ཚན་རིག་དང་མཐུན་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་སྟེང་སྔར་ལས་འཐུས་ཚང་འཛོམས་པོ།  འཁོར་སྐྱོད་དོ་དམ་སྟེང་སྔར་ལས་བདེ་བླག་དང་ཕན་འབྲས་མཐོ་བ་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། ཏང་གི་མཐོ་རིམ་ལས་བྱེད་པ་སྦྱོང་བརྡར་བྱས་ཏེ་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་པ་བརྟན་པོ་ཞིག་ཏུ་འགྱུར་བར་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་འདོན་སྤྲོད་བྱས་ཡོད།

མཚོ་སྔོན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཆར་གཞི་གསར་བར་ཕྱོགས་ཡོངས་ནས་འཆར་འགོད་བྱེད་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱ་རྒྱུ་དེ་གཞི་ཚུགས་ས་བྱས་ནས། ཆ་ཚང་ཞིང་། ཡང་དག་པ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་གཞི་འཛིན་ས་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུ་དེ་ཤུགས་རྒྱག་ས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་དེ་དོན་ལ་འབབ་སར་བཞག་སྟེ། བར་སྟོང་གི་དུས་ཚོད་དང་། མཁོ་སྤྲོད་ཀྱི་དགོས་མཁོ། ཕྱི་ནང་དང་། སྐྱེ་ཁམས་ཐོན་སྐྱེད་ཀྱི་འཚོ་བ་སོགས་གཏན་ཚིགས་གལ་ཆེན་གྱི་འཕེལ་རྒྱས་དོ་མཉམ་ཡོང་བར་བཀོད་སྒྲིག་བྱེད་པར་དམིགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་སྐོར་གྱི《བསམ་འཆར》དང་《རྩ་གནད》གཏན་འབེབས་བྱས་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་བཀོད་པ་ནི་སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱས་ཏེ་སའི་གོ་ལའི“གླིང་སྣེ་གསུམ་པར”མཉམ་དུ་སྲུང་སྐྱོང་བཟང་པོ་བྱས་ནས། སྐྱེ་ཁམས་དཔལ་འབྱོར་དང་། འཁོར་སྐྱོད་དཔལ་འབྱོར། གཞི་གྲངས་དཔལ་འབྱོར། སྟེགས་བུའི་དཔལ་འབྱོར་བཅས“དཔལ་འབྱོར་གྱི་རྣམ་པ་བཞི”སྐྱེད་བསྲིང་དང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། མཐོ་སྒང་གི་ཆེས་མཛེས་པའི་མཁར་གྲོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི“དཔེ་སྟོན་ལྔའི་ཞིང་ཆེན”གསར་འཛུགས་བྱེད་དགོས་ཞེས་བཏོན་ཡོད། སྤྱི་ཡོངས་ཀྱི་བཀོད་པ་འདི་འདྲ་གཏན་འཁེལ་བྱས་པ་དེས་ལོ་རྒྱུས་ཀྱི་ཉམས་མྱོང་རྒྱུན་འཛིན་བྱས་པ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ལ། རིན་ཐང་གི་འགན་འཁུར་ཕྱིར་མངོན་པ་དང་། ཁྱད་སྟོབས་ཀྱི་སྦས་ཤུགས་མངོན་པར་བྱས་པས། མང་ཚོགས་ཀྱི་རེ་སྒུག་ལ་ལན་སྤྲད་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་ཀྱིས་མཚོ་སྔོན་ལ་བཏོན་པའི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་དང་གནས་ཚད་མཚོན་པར་བྱས་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་། མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་ཡོད་ཚད་ཕུལ་བའི་བརྩེ་བ་དྲོན་མོར་སྐུལ་སློང་ཆེན་པོ་བྱས་ནས་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས། 

མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་གྱི་དེང་རབས་ཅན་གྱི་འབད་འཐབ་དམིགས་འབེན་ནི་མ་འོངས་པའི་ལོ་ལྔའི་ནང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་སྔར་ལས་རིམ་འཕར་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་སྤུས་སྔར་ལས་རིམ་འཕར་གཏོང་བ། དམངས་འཚོའི་འགན་སྲུང་སྔར་ལས་རིམ་འཕར་གཏོང་བ། སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཀྱི་ནུས་ཚད་སྔར་ལས་རིམ་འཕར་བྱེད་པ། ས་གནས་བཅོས་སྐྱོང་གི་ཕན་ནུས་སྔར་ལས་རིམ་འཕར་གཏོང་རྒྱུ་བཅས་གསལ་བོར་བསྟན་དོན། 2035ལོར་བསླེབ་སྐབས། མཚོ་སྔོན་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས་རིམ་འཕར་ཆེན་པོ་བྱུང་ནས་དཔལ་འབྱོར་བསྡོམས་འབོར་དང་མཁར་གྲོང་གི་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་དགོས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས། ལྗང་མདོག་ཐོན་ལས་མ་ལག་ཁྱོན་ཡོངས་ནས་བསྐྲུན་པ་དང་། སྐྱེ་ཁམས་ཐོན་སྐྱེད་འཚོ་བ་མཐུན་སྦྱོར་སྒོས་འཕེལ་རྒྱས་བཏང་སྟེ། རྒྱལ་ཡོངས་སུ་སྔོན་ལ་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་གི་ཚད་མཐོ་ཤོས་སུ་བསླེབ་པ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱ་དགོས། རྣམ་པ་གསར་བའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་རྩ་བའི་ཆ་ནས་མངོན་འགྱུར་འབྱུང་བ་དང་། ཁྱབ་ཁོངས་ཁག་ཅིག་གི་གནད་འགག་གི་ལག་རྩལ་མངོན་འགྱུར་བྱེད་པར་ཐོད་བརྒལ་ཆེན་པོ་བྱས་ཏེ། རྣམ་པ་གསར་བའི་ཞིང་ཆེན་གྱི་གྲས་སུ་ཚུད་དགོས་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཅིག་འཛུགས་དགོས། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པའི་གོ་སྐབས་དང་འཚམ་པའི་ལམ་ལུགས་མ་ལག་ཅིག་ཆགས་པར་བྱས་ནས། ས་གནས་བཅོས་སྐྱོང་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བ་དང་། ཁྲིམས་སྐྱོང་མཚོ་སྔོན་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་བསྐྲུན་པར་བྱས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དེ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་བསླེབ་པར་བྱེད་དགོས། སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་དེ་མཐོ་ཚད་གསར་པ་ཞིག་ཏུ་བསླེབ་པ་དང་། རིག་གནས་ཡུལ་སྐོར་གྱི་ཞིང་ཆེན་མིང་གྲགས་ཅན། མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་ཞིང་ཆེན་གྱི་ཤུགས་རྐྱེན་ནུས་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་གཏང་དགོས། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྣམ་པ་གསར་བ་གྲུབ་པར་བྱས་ཏེ། ཕྱི་ཕྱོགས་ཀྱི་དཔལ་འབྱོར་མཉམ་ལས་འགྲན་རྩོད་ནང་ཞུགས་པའི་ཁྱད་སྟོབས་གསར་བ་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་དགོས། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱིའི་ཐོན་འབོར་མངོན་གསལ་གྱིས་ཇེ་མཐོར་བཏང་ནས་ཡོང་སྒོ་འབྲིང་གྲས་ཀྱི་མང་ཚོགས་ཀྱི་ཁྱབ་རྒྱ་མངོན་གསལ་གྱིས་རྒྱ་སྐྱེད་དེ། གཞི་རྩའི་སྤྱི་བའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བ་མངོན་འགྱུར་བྱ་དགོས། མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པ་དང་། མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱི་བར་ཁྱད་མངོན་གསལ་གྱིས་ཇེ་ཆུང་དུ་གཏོང་བ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་བྱུང་དུ་བཅུག་ནས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་དུ་འཇུག་དགོས།

ང་ཚོར་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་ནི། མཛེས་སྡུག་ལྡན་པའི་འཆར་གཞི་དེ་མངོན་འགྱུར་བྱེད་ན་ག་དུས་ཡིན་ནའང་དོན་དངོས་དང་ཁ་འབྲལ་མི་རུང་བ་དང་། ཚང་མས་མཚོ་སྔོན་འདི་ཉིད་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིམ་པ་ཅུང་དམའ་བའི་དུས་རིམ་དུ་གནས་ཡོད་པ་བརྗེད་མི་རུང་ལ། ད་ལྟ་སྒྲུབ་བཞིན་པའི་བྱ་བ་ལྟེ་བར་བཟུང་ནས་དུས་ཡུན་རིང་འབྲིང་གི་དམིགས་འབེན་མང་པོ་གཅིག་བསྡུས་བྱེད་དགོས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པ་དེ་གདམ་གསེས་དང་པོ་ཡིན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱ་རྒྱུ་དེ་འཚོལ་སྙེག་གི་དམིགས་འབེན་དུ་འཛིན་པ་དང་། མིའི་ཁྱོན་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་བྱུང་བའི་དེང་རབས་ཅན་ཞིག་འཛུགས་སྐྲུན་བྱས་ཏེ། “སའི་གོ་ལའི་གླིང་སྣེ་གསུམ་པར”སྲུང་སྐྱོབ་བྱ་རྒྱུ་དེ་འགན་འཁྲི་ཆེ་ཤོས་སུ་བརྩིས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་བཅོས་སྐྱོང་མ་ལག་གི་དེང་རབས་ཅན་འཛུགས་སྐྲུན་བྱ་དགོས་ཤིང་། “དཔལ་འབྱོར་གྱི་རྣམ་པ་རིགས་བཞི”སྐྱེད་བསྲིང་བྱ་རྒྱུ་དེ་དངོས་ཡོད་ཀྱི་ཐབས་ལམ་དུ་བརྩི་བ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱས་ནས“དཔེ་སྟོན་ལྔའི་ཞིང་ཆེན”སྐྲུན་པ་དེ་སྤྱིའི་འཐབ་ཇུས་སུ་བརྩི་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི“མིག་མཐོང་ལག་ཟིན”གྱི་དེང་རབས་ཅན་འཛུགས་སྐྲུན་བྱས་ཏེ།  ནན་ཏན་གྱིས་རྨང་གཞི་འདིང་བ་དང་། གོ་རིམ་ལྡན་པ་དང་ནུས་ཤུགས་ཡོད་པའི་སྒོ་ནས་མདུན་བསྐྱོད་བྱེད་དགོས།

མཚོ་སྔོན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ནང་ཧུར་ཐག་གིས་ཞུགས་དགོས།

ཡུན་གྱིས་སྤེལ་བའི་མཛེས་སྡུག་ལྡན་པའི་འཆར་འགོད་ལས་མཚོ་སྔོན་གྱིས་མ་འོངས་པར་རེ་སྨོན་ཚད་མེད་བྱེད་བཞིན་འདུག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་བཟུང་ནས་ཏང་གི་ཇུས་ཆེན་བྱེད་ཕྱོགས་དེ་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་རྒྱུ་དེ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཕྲག་དུ་བབས་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་ལ། ངེས་པར་དུ་ཡོངས་འགྲུབ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་རེད།

ཏང་གི་གསར་སྐྲུན་གཞུང་ལུགས་དེ་ཁྲིད་སྟོན་དུ་འཛིན་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དངོས་འབེབ་བྱེད་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ནན་ཏན་གྱིས་སློབ་སྦྱོང་དང་། བསམ་བློ་གཏོང་བ། ལག་ལེན་ལ་བརྟེན་ནས་གོ་རྟོགས་སད་པ་བཅས་བྱེད་དགོས་པ་དང་། ཇི་མ་ཇི་བཞིན་གྱིས་སློབ་སྦྱོང་བྱེད་པ་དང་། དོན་ཚན་རེ་རེ་བཞིན་ཤེས་རྟོགས་བྱེད་པ། གོ་དོན་མཐིལ་རྟོགས་བྱེད་པ། ཤེས་སྤྱོད་ཟུང་འབྲེལ་བཅས་བྱས་ནས་ཚད་མཐོ་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། འགུལ་སྤྱོད་ཀྱི་རང་རྟོགས་ཡོད་པའི་སྒོ་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་བ་གཏོད་དགོས།

“རྒྱལ་ཁབ་ཀྱི་དོན་ཆེན” ཡིན་ན་སེམས་ཁོངས་སུ་གདེང་ཚོད་ཀྱི་ཚད་གཞི་ཞིག་ཡོད་དགོས། མཚོ་སྔོན་གྱི་བྱ་བའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེས་དོ་ཁུར་གནང་བཞིན་པ་སྐྱེ་ཁམས་ཡིན་པ་དང་། མི་རིགས་ཡིན་པས། དེ་གཉིས་ནི“རྒྱལ་ཁབ་ཀྱི་དོན་ཆེན” ཡིན་པ་དང་། ཚང་མས་རྒྱལ་ཡོངས་ལ་བྱས་རྗེས་འཇོག་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”ཡིན་ན སེམས་ཁོངས་སུ་གདེང་ཚོད་ཡོད་དགོས་དོན་ནི། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་མཐོར་འདེགས་བཏང་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་དགོས།

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ་དེ་སྣེ་ཁྲིད་དུ་བྱེད་དགོས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་བསྐྱོད་ལམ་བུ་གསར་བའི་ཐོག་ལེགས་པོར་བགྲོད་དགོས་ན། ཐོག་མའི་བསམ་འདུན་དང་ལས་འགན་ནི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་ཡིན། མཚོ་སྔོན་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཕེལ་རྒྱས་བརྒྱུད་རིམ་ཁྲོད། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བའི”བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། འབད་བརྩོན་ལྷོད་མེད་དང་འབད་འཐབ་བྱེད་པ་བརྒྱུད་དེ་མི་རིགས་ཁག་གི་མང་ཚོགས་ལ་སྔར་ལས་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྟེར་དགོས།

“འགན་འཁུར་སེམས་ལ་བཅངས། འགན་འཁྲི་ཕྲག་ཏུ་འཁུར། འགན་འཁྲི་ལག་བསྟར་བྱེད”པ་གཞི་རྩར་འཛིན་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་བར”འབད་འཐབ་ཀྱིས་བསྐྱོད་ནས་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་དེ་ནི་མཚོ་སྔོན་གྱི་འགན་འཁྲི་ཞིག་ཡིན། འགན་འཁྲི་ཤེས་ན་ད་གཟོད་བྱ་བ་དོན་གཉེར་བྱེད་ཐུབ་པ་དང་། འགན་འཁྲི་འཁུར་ན་ད་གཟོད་བྱ་བ་སྒྲུབ་ཐུབ། འགན་འཁྲི་ལག་བསྟར་བྱས་ན་ད་གཟོད་ལས་ཀ་འགྲུབ་ཐུབ། མཚོ་སྔོན་གྱིས་འགན་འཁུར་ཤེས་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་ལག་བསྟར་བཅས་བྱས་ན་སྔར་ལས་བཟང་བོའི་སྒོ་ནས་བྱ་བ་དོན་གཉེར་དང་། བྱ་བ་སྒྲུབ་པ། བྱ་བ་འགྲུབ་ཐུབ་པ་དང་། རྩ་འཛུགས་ཀྱི་མངགས་བཅོལ་དང་། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་ཐུབ།

ཆབ་སྲིད་ཀྱི་ཉམས་སད་ཐེག་པ་དང་། ནུས་པ་ལྡན་པར་ཁག་ཐེག་བྱེད་དགོས།

ཆབ་སྲིད་ཀྱི་ཉམས་སད་ཐེག་པ་དང་ནུས་པ་ལྡན་པར་ཁག་ཐེག་བྱས་ནས་“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་ལ་འགན་སྲུང་བརྟན་པོ་ཡོད་པར་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚང་མས་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག རང་ཉིད་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་“འཇོན་ཐང་ལྡན་པའི་མི་སྣ”ཞིག་ཏུ་འགྱུར་བར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ལྡན་པ་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་བའི་”འཕེལ་རྒྱས་ཀྱི་ལོ་རྒྱུས་ལས་འགན་ཕྲག་ཏུ་ལེན་དགོས།

མཚོ་སྔོན་གསར་པའི་སྙིང་སྟོབས་དེ་སྒུལ་ཤུགས་བྱེད་དགོས། མཚོ་སྔོན་གསར་པའི་སྙིང་སྟོབས་དེ་ང་ཚོ་དང་ལྷན་དུ“ལོ་ལྔའི་འཆར་འགོད་བཅུ་གསུམ་པར” བསྐྱོད་ཟིན་ལ། ང་ཚོས་འབད་བརྩོན་བྱེད་པའི“ལོ་ལྔའི་འཆར་འགོད་བཅུ་བཞི་པར”སྐུལ་ལྕག་ཐེབས་ངེས་རེད། མཐོ་སར་བསྙེགས་ནས་རྒྱང་ལྟ་བྱས་ན་ང་ཚོས་གསལ་བོར་མཐོང་ཐུབ་པ་དང་། ཡིད་ཆེས་སྒོ་འབྱེད་ཀྱིས་ང་ཚོ་བརྟན་པོར་བགྲོད་ཐུབ་པ་དང་། མཐུན་སྒྲིལ་བྱས་རྗེས་ཀྱིས་ང་ཚོ་དེ་བས་བདེ་སྐྱིད་ལྡན་པ་ཡོང་ཐུབ་པ་དང་། འབད་འཐབ་ལྷོད་མེད་ཀྱིས་ང་ཚོས་བྱ་བ་དེ་བས་བཟང་བོར་སྒྲུབ་ཐུབ། མཚོ་སྔོན་གསར་པའི་སྙིང་སྟོབས་ཀྱི་སྐུལ་ལྕག་ཡོད་པས། ང་ཚོས་ཏང་དང་། མི་དམངས། ལོ་རྒྱུས་བཅས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་གི་རྒྱུགས་འབྲས་ཤིག་སྤྲོད་ཐུབ་ངེས་ཡིན།

ཟླ་གསུམ་པའི་ཚེས་བདུན་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུབ་ཚབ་ཚོགས་པའི་ནང་ཞུགས་པ་མ་ཟད། གསུང་བཤད་གལ་ཆེན་གནང་སྟེ། “བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བསྐྱོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས‘ཀྲུང་ཧྭ་ཆུ་མཛོད’སྲུང་སྐྱོབ་མཁན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཕུགས་བསམ་དང་དད་སེམས་བརྟན་པོར་གཏོང་བའི” བླང་བྱ་གལ་ཆེན་བཏོན་ནས། དུས་རབས་གསར་བ་དང་དུས་རིམ་གསར་པའི་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་པ་དེའི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་བྱེད་བཞིན་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་བ་གང་ལེགས་ཀྱིས་མཚོན་ཡོད། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་སྐུལ་སློང་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ལོ་ནས་ལོ་མཐུད་དེ་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་པར་འབད་བརྩོན་གྱིས་བྱ་བ་སྒྲུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འབུལ་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།