ཁངས་རླུང་ཁྲོད་ཀྱི་བརྩེ་བ་དྲོན་མོ་ཞེས་པ་སྟེ། མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་དུ་ཚད་རིམ7.4ཡི་ས་ཡོམ་བྱུང་བའི་གནོད་འགོག་རྒུད་སྐྱོབ་ཁྲོད་ཀྱི་མཐོང་ཐོས།
2021.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་། རྨ་ཆུའི་མགོ་ཁུངས་སུ་གནས་པའི་རྨ་སྟོད་རྫོང་དུ་གློ་བུར་དུ་ཚད་རིམ7.4ཡི་ས་ཡོམ་ཆེན་པོ་བྱུང་སྟེ། རྨི་ལམ་གྱི་ཞིང་ཁམས་འགྲིམས་པའི་མི་མང་པོ་གཉིད་ལས་དཀྲོགས་སོང་།

ས་ཡོམ་བྱུང་བའི་རྗེས་སུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁོངས་མང་པོར་ས་ཡོམ་གྱི་ཚོར་སྣང་བྱུང་བ་དང་། ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དུའང་ས་ཡོམ་གྱི་ཚོར་སྣང་ཆེན་པོ་བྱུང་སྟེ། མང་ཚོགས་མང་པོ་སྒོ་ཕྱིར་བྲོས་ཏེ་ཉེན་གཡོལ་བྱས། 

ཀྲུང་གོ་ས་ཡོམ་དྲ་བས་དངོས་སུ་ཚད་འཇལ་བྱས་པ་ལྟར་ན། ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་གི་་དུས་ཚོད་གཉིས་དང་སྐར་མ་བཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ7.4ས་ཡོམ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ17ཡོད་པ་རེད། ཐེངས་འདིའི་ས་ཡོམ་གྱི་ལྟེ་བ་རྨ་སྟོད་རྫོང་མཁར་དང་སྤྱི་ལེ་སོ་བརྒྱད་ཡོད་པ་དང་། རྨ་ཆུ་ཡུལ་ཚོ་དང་སྤྱི་ལེ་བདུན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ཡོད་ས་དང་སྤྱི་ལེ175ཡོད་ཅིང་། ཟི་ལིང་གྲོང་ཁྱེར་དང་སྤྱི་ལེ385ཡོད་པ་རེད།

མྱུར་དུ་བསྒྲགས་པའི་གནས་ཚུལ་ལྟར་ན། གནས་སྐབས་སུ་མི་ལ་ཤི་རྨས་མ་ཐེབས་ཡང་། འགྲིམ་འགྲུལ་གཞུང་ལམ་མང་པོར་གཏོར་བརླག་ཐེབས་ཏེ། གུང་ཧོ་ནས་ཡུས་ཧྲུའུ་བར་གྱི་རྐྱང་ཐང་གི་ཟམ་ཆེན་གཉིས་པ་དང་། མཛོ་རྒན་ར་བར་ནས་གཅིག་སྒྲིལ་བར་གྱི་འཕྲང་དམར་ཟམ་ཆེན་བརྡིབས་ཟིན་པ་དང་། རྒྱལ་ལམ་དང་། ཞིང་ཆེན་གྱི་ལམ་ཐིག་གཙོ་བོར་གནོད་པ་ཐེབས་ཡོད།

གནོད་འཚེ་ནི་བཀའ་རྒྱ་ཡིན། ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་གི་་དུས་ཚོད་གཉིས་དང་སྐར་མ་ཉི་ཤུའི་སྟེང་། མཚོ་སྔོན་ཞིང་ཆེན་གྱིས་ས་འགུལ་གནོད་འཚེའི་ཚབས་ཆེན་གྱི་རིམ་པ་གཉིས་པའི་བྲེལ་མྱུར་བྱ་བ་སྒྲུབ་པ་སྟེ། གུང་ཧོ་ནས་ཡུས་ཧྲུའུ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། གཅིག་སྒྲིལ་ནས་མཛོ་རྒན་ར་བའི་བར་གྱི་མྱུར་བགྲོད་གཞུང་ལམ་གནས་སྐབས་སུ་བཀག་སྡོམ་བྱས་པ་དང་། འགྲིམ་འགྲུལ་སྡེ་ཁག་གིས་འགྲིམ་འགྲུལ་ཤར་གཏོང་འགན་ལེན་གྱི་བྲེལ་མྱུར་སྔོན་ཇུས་ལག་བསྟར་བྱས་ཤིང་། གློག་ཤུགས་སྡེ་ཁག་གིས་གཏོར་བརླག་ཐེབས་པའི་གློག་ལམ་འགའ་ཤས་ལ་བྲེལ་མྱུར་ཞིག་གསོ་བྱས་ལ། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་མཁོ་སྤྲོད་དོ་དམ་ཐིན་གྱིས་གནོད་འཚེ་ཐེབས་པའི་ས་ཁུལ་དུ་མི་སྣ་མངགས་གཏོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མེ་གསོད་རྒུད་སྐྱོབ་སྤྱིའི་རུ་ཁག་གིས་རྒུད་སྐྱོབ་རུ་ཁག་ཆེ་གྲས་བཞི་དང་། རྒུད་སྐྱོབ་རུ་ཁག་ཆུང་གྲས་དྲུག མེ་གསོད་རླངས་འཁོར་བརྒྱ་དང་རེ་དགུའི་བཀོད་འདོམས་པ་བདུན་བརྒྱ་དང་དོན་ལྔ་བསྡུ་རུབ་བྱས་ནས་གནོད་འཚེ་ཐེབས་པའི་ས་ཁུལ་དུ་རྒུད་སྐྱོབ་བྱེད་དུ་སོང་ཞིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མེ་གསོད་རྒུད་སྐྱོབ་ཡན་ལག་རུ་ཁག་གི་ལས་ཀ་ཡོངས་ལ་ཞབས་འདེགས་ཞུ་བའི་བྱ་བའི་བཀོད་འདོམས་པུའུ་དང་རྒུད་སྐྱོབ་རུ་ཁག་ཆུང་གྲས་ཀྱི་རླངས་འཁོར་བཞིའི་མི་སུམ་ཅུ་ཡིས་སྒྲིག་ཆས་ཆ་ཚང་སྟོང་གཅིག་དང་སུམ་བརྒྱ་ཞེ་བརྒྱད་བཟུང་ནས་ཡུལ་དངོས་སུ་བསྐྱོད།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་ཞེ་དགུའི་སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མེ་གསོད་རྒུད་སྐྱོབ་ཡན་ལག་རུ་ཁག་གི་ལས་ཀ་ཡོངས་ལ་ཞབས་འདེགས་ཞུ་མཁན་དང་ས་འགུལ་རྒུད་སྐྱོབ་རུ་ཁག་གི་རླངས་འཁོར་བདུན་དང་མི་ཞེ་ལྔ་རྨ་སྟོད་རྫོང་མཁར་དུ་ཐོན་པ་དང་། ཁོ་ཚོ་ཚན་ཆུང་བདུན་རུ་བགོས་ནས་མྱུར་དུ་རྒུད་སྐྱོབ་བྱ་བ་སྤེལ།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སོ་བདུན་གྱི་སྟེང་། རྒུད་སྐྱོབ་རུ་ཁག་གིས་རྨ་སྟོད་རྫོང་གི་ས་གཞན་ལ་གནས་སྤར་བའི་བཀོད་སྒྲིག་ཁུལ་སྟེ་ཧུ་ལ་སྡེ་བ་རུ་རྟོག་དཔྱོད་བྱས་པ་དང་། ཁྱིམ་ཚང་རེ་རེར་སོང་ནས་ཁྱིམ་མི་རྣམས་བདེ་འཇགས་ཀྱི་སར་འགྲོ་དགོས་པའི་གསལ་འདེབས་བྱས།

རྨ་སྟོད་རྫོང་སྲིད་གཞུང་གི་ཐང་ཆེན་དུ་འཕྲལ་བསྟུན་སྦྲ་གུར་ཕུབ་ཏེ། གནོད་འགོག་རྒུད་སྐྱོབ་ཀྱི་བཀོད་འདོམས་པུའུ་བཙུགས་པ་མ་ཟད། རྫོང་ཉེ་འཁོར་གྱི་གནོད་ཐེབས་མང་ཚོགས་གནས་དེར་བཀོད་སྒྲིག་བྱས།

རྨ་སྟོད་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཏེན་ཧྥིན་ཧྲན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། རྫོང་ཐོག་གི་འཕྲལ་བསྟུན་དངོས་རྫས་ཚང་མ་མང་ཚོགས་ཀྱི་ལག་ཏུ་འབྱོར་བ་དང་། རྫོང་གནོད་འགོག་རྒུད་སྐྱོབ་འཕྲལ་བསྟུན་བཀོད་འདོམས་པུའུ་ཡིས་འཕྲལ་བསྟུན་སྔོན་ཇུས་ལྟར་བྱ་བ་སྤེལ་བཞིན་ཡོད་ཟེར། མིག་སྔར། ཟས་རིགས་གསོག་འཇོག་བྱས་པ་མང་བ་དང་། ལྕགས་ཐབ་དང་། སྦྲ་གུར། ཉལ་ཐུལ་སོགས་རྒུད་སྐྱོབ་དངོས་རྫས་རྣམས་བྲེལ་མྱུར་གྱིས་སྐྱེལ་འདྲེན་བྱེད་བཞིན་པའི་སྒང་རེད།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་རྨ་སྟོད་རྫོང་སྲིད་གཞུང་ཐང་ཆེན་གྱི་བཀོད་སྒྲིག་ས་ཁུལ་དུ་མཐོང་བ་ལྟར་ན།ལས་བྱེད་མི་སྣས་མང་ཚོགས་ལ་གོ་རེ་དང་། ཇ་ཁོལ་མ། ཟ་མ་བསྐོལ་བ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད་པ་དེ་རེད། བཀོད་སྒྲིག་ས་ཁུལ་གྱི་མང་ཚོགས་ཚེ་རིང་རྒྱལ་གྱིས་གསར་འགོད་པར་སྦྲ་གུར་ནང་ནས་ནངས་ཇ་འཐུང་ཟིན། ཁྱིམ་ཚང་ནང་ནས་དངོས་པོར་གནོད་སྐྱོན་ཅི་ཡང་མ་བྱུང་ཞེས་བཤད།

རྨ་སྟོད་རྫོང་མཁར་དུ་གནས་པའི་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གི་སློབ་མ་བརྒྱད་བརྒྱ་དང་ལྔ་བཅུ་ལྷག་སློབ་གྲྭའི་ལུས་རྩལ་སྦྱོང་བརྡར་ར་བའི་རྒུད་སྐྱོབ་སྦྲ་གུར་སྔོན་པོའི་ནང་བཀོད་སྒྲིག་བྱས་ཡོད། ལོ་རིམ་དགུ་བའི་འཛིན་གྲྭ་དང་པོའི་སློབ་མ་ཐུགས་རྗེ་སྐྱབས་ཀྱིས་བཤད་པ་ལྟར་ན། ས་ཡོམ་བྱུང་རྗེས། སློབ་གྲྭའི་དགེ་རྒན་རྣམས་ཀྱིས་མྱུར་དུ་སློབ་མ་ཡོངས་རྩ་འཛུགས་བྱས་ཏེ་ཉལ་ཁང་ནང་ནས་ཕྱིར་ཁྲིད་དེ་ལུས་རྩལ་ར་བར་བཀོད་སྒྲིག་བྱས་པ་དང་། ཞོགས་པའི་དུས་ཚོད་དྲུག་ཡས་མས་ཀྱི་སྟེང་དུ་སྦྲ་གུར་ཕུབ་ཚར་ཏེ་སློབ་མ་ཡོངས་སྦྲ་གུར་གྱི་ནང་དུ་གནས་སྤར་བ་དང་། འོ་མ་དང་གོ་རེ་སོགས་ཀྱི་ནངས་ཟོས་འཐུང་བ་དང་། སྐབས་དེར་ལུས་གྲང་བའི་སྣང་བ་ཅི་ཡང་མེད་ཟེར།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་སུམ་ཅུའི་སྟེང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་རྨ་སྟོད་གྱི5.22ཉིན་གྱི་གནོད་འགོག་རྒུད་སྐྱོབ་བྱ་བའི་གནས་ཚུལ་ཡར་ཞུ་ཚོགས་འདུ་ཐེངས་གསུམ་པ་ཚོགས། ཐེངས་དང་པོར་ཞིབ་དཔྱད་བྱས་པ་བརྒྱུད། ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར་དུ། རྨ་སྟོད་རྫོང་དང་། རྨ་ཆེན་རྫོང་དུ་བསྡོམས་པས་རྨས་ཡང་མོ་ཕོགས་པའི་མང་ཚོགས་བརྒྱད་ཡོད་པ་དང་། མང་ཚོགས་ཁ་ཤས་ཀྱི་ཁང་པ་དང་ཕྱུགས་རར་གཏོར་བརླག་ཐེབས་ཤིང་། གཞུང་ལམ་དང་ཟམ་པ་ཁ་ཤས་ལ་ཚད་རིམ་མི་འདྲ་བའི་གཏོར་བརླག་ཐེབས་པར་བསྒྲགས།

གསར་འགོད་པ་རླངས་འཁོར་ལ་བསྡད་དེ་རྨ་སྟོད་རྫོང་མཁར་ནས་ཐེངས་འདིའི་ས་ཡོམ་བྱུང་སའི་ལྟེ་བར་གྱུར་བའི་རྨ་ཆུ་ཡུལ་ཚོར་སླེབས་དུས། ཡུལ་ཚོའི་གཞུང་ལམ་ཁ་ཤས་ལ་གཏོར་བརླག་ཐེབས་པ་དང་། ལམ་འགྲམ་གྱི་ས་ཉིལ་བ་མཐོང་བ་དང་། རླངས་འཁོར་དལ་མོས་ངང་ནས་ད་གཟོད་བགྲོད་ཐུབ་པ་བྱུང་། རྨ་ཆུའི་ཡུལ་ཚོའི་འབྲོག་པ་དོན་འགྲུབ་ཀྱི་ཁྱིམ་དུ་གསར་འགོད་པས་ཁོ་ཚང་གི་ལུག་རར་ས་འགུལ་གྱི་ཁྲོད་ནས་གཏོར་བརླག་ཐེབས་པ་དང་། ལུག་ར་ལོག་པ་ལས་ལུག་སོ་བཞི་ཤི་ཡོད་པ་དང་། ལུག་ཉི་ཤུར་རྨས་ཕོག་པ་མཐོང་། དོན་འགྲུབ་ཀྱིས་ས་འགུལ་རྗེས་སུ་སྲིད་གཞུང་གི་ལས་བྱེད་མི་སྣ་ངེད་ཚང་དུ་ཡོང་ནས་གྱོང་གུད་ཐེབས་ཚད་རྩིས་ལེན་བྱས་པ་དང་། ཁོ་རང་གིས་འཚོ་བ་མྱུར་དུ་རྒྱུན་ལྡན་དུ་འགྱུར་བར་རེ་བ་བྱེད་བཞིན་ཡོད་ཅེས་བཤད།

གནོད་འཚེ་ཐེབས་པའི་ཡུལ་དངོས་སུ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅི་རྡོ་ཐར་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མང་ཚོགས་ཀྱི་སྡོད་ཁང་མང་ཆེ་ཤས་ནི་ལོ་ངོ་གསུམ་ཙམ་གྱི་རིང་ལ་གསར་དུ་འཛུགས་སྐྲུན་བྱས་པའི་སྒྲོམ་གཞི་ཅན་གྱི་ཁང་བ་ཡིན་པ་རེད། ཡིན་ནའང་། ས་འགུལ་གྱི་ཚད་རིམ་ཅུང་མཐོ་བས། ཁང་བ་ཁ་ཤས་ལ་གཏོར་བརླག་ཐེབས་པ་དང་། ཚད་མི་འདྲ་བའི་གས་སྲུབས་བྱུང་། སྡོམ་རྩིས་བྱས་པ་བརྒྱུད། སྡོད་དམངས་ཀྱི་ཁང་བ་ཉི་ཤུ་བརྡིབས་པ་དང་། མང་ཚོགས་མང་ཆེ་ཤས་ཀྱི་ཁང་བའི་ཕྱི་གྱང་དང་། ཕྱུགས་ར། ལུག་ར་སོགས་རྒྱ་ཁྱོན་ཆེན་པོའི་སྒོ་ནས་བརྡིབས་པ་དང་། རྨ་ཆུ་ཡུལ་ཚོའི་བོད་ཡིག་བཅའ་སྡོད་སློབ་གྲྭའི་དགེ་བཟོ་བའི་རླངས་འཁོར་མང་ཆེ་ཤས་ཕྱི་གྱང་ལོག་ནས་ཆག་སྐྱོན་བཟོས་ཡོད་ཟེར།

རྨ་ཆུ་ཡུལ་ཚོའི་བོད་ཡིག་བཅའ་སྡོད་སློབ་གྲྭ་རུ་གསར་འགོད་པས་སློབ་གྲྭའི་ལུས་རྩལ་སྦྱོང་བརྡར་ར་བའི་ནང་རྒུད་སྐྱོབ་སྦྲ་གུར་ཉི་ཤུ་ཕུབ་ནས་སློབ་གྲྭ་ཡོངས་ཀྱི་སློབ་མ་བརྒྱ་དང་གྱ་དྲུག་བོ་ཚང་མ་བདེ་འཇགས་ཀྱིས་སྦྲ་གུར་ནང་བཀོད་སྒྲིག་བྱས་ཡོད་པ་མཐོང་།

ས་ཡོམ་གྱི་རྗེས་སུ་ཁངས་བབས་པ་དང་། གྲང་ངར་ཤིན་ཏུ་ཆེ་ལ། དྲོད་གྲང་གོར་ཐིག་མན་གྱི་ཏུའུ་བརྒྱད་ལ་སླེབས་ཡོད། སློབ་མ་ཚོས་སྦྲ་གུར་ནང་དུ་བལ་གདན་མཐུག་པོ་གྱོན་ཡོད་པར་མ་ཟད། རིམ་བཞིན་ལྕགས་ཐབ་བཙུགས་ནས་དྲོད་ལེན་བཞིན་འདུག

ནམ་ཟླ་སྐྱ་ཐིང་ཐིང་དུ་གྱུར་ནའང་། རྒུད་སྐྱོབ་སྦྲ་གུར་སྔོན་པོ་དེ་གསལ་བོར་མཐོང་ཐུབ། སློབ་གྲྭའི་དགེ་རྒན་ལྷ་མོ་འཚོ་ཡིས་གསར་འགོད་པར་ས་ཡོམ་བྱུང་རྗེས། དགེ་རྒན་རྣམས་ཀྱིས་སློབ་མ་བརྒྱ་དང་གྱ་དྲུག་པོ་སྐར་མ་ལྔའི་ནང་ལུས་རྩལ་ར་བའི་ནང་ཁྲིད་པ་དང་། དེའི་འཕྲོ་ནས་རྒུད་སྐྱོབ་སྦྲ་གུར་ནང་གནས་སྤར་དུ་བཅུག་པ་ཡིན་ཞེས་བཤད།

རྨ་ཆུ་ཡུལ་ཚོ་མངགས་གཏོང་ཁང་གི་མགོ་གཙོ་ཀུན་དགའ་ཚེ་རིང་གིས་ང་ཚོ་ས་ཡོམ་བྱུང་བའི་རྗེས་ཀྱི་སྐར་མ་གསུམ་གྱི་རྗེས་སུ་སློབ་གྲྭའི་ནང་ཐོན་པ་དང་། བྱིས་པ་ཚོར་སྲུང་སྐྱོབ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན། ད་ལྟ་བྱིས་པ་ཚོའི་འདུག་ས་བཀོད་སྒྲིག་བྱས་ཡོད། བལ་ལྭ་དང་། ཉལ་ཐུལ། ལྕགས་ཐབ་སོགས་ཀྱང་སྐྱེལ་འདྲེན་བྱེད་བཞིན་པའི་སྒང་ཡིན་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།