རྨ་སྟོད་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཡོམ་འགོག་གནོད་སེལ་གྱི་ལས་ཡུལ་དང་པོ་རུ་འབད་འཐབ་བྱེད་ཀྱིན་ཡོད།
2021.05.23 ཁུངས། ཀློག་གྲངས། 25

རྨ་སྟོད་རྫོང་དུ“5·22”7·4ས་ཡོམ་བྱུང་རྗེས། རྫོང་ཏང་ཨུ་ཡིས་མྱུར་དུ“དམར་པོའི་ནུས་ཤུགས”ལག་ལེན་བསྟར་ནས། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་ཀྱི་བྱ་བའི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་འགུལ་སྤྱོད་མགྱོགས་མྱུར་སྤེལ་བ་དང་། ཡོམ་འགོག་གནོད་སེལ་གྱི་ལས་ཡུལ་དང་པོར་འབད་འཐབ་བྱས་ཏེ། ཐོག་མའི་བསམ་འདུན་ལག་བསྟར་བྱས་ནས། ཡོམ་འགོག་གནོད་སེལ་གྱི་དམག་འཐབ་ཁྲོད་རྒྱལ་ཁ་ལེན་ཆེད་རྩ་འཛུགས་ཀྱི་འགན་སྲུང་ནུས་ལྡན་བྱས་ཡོད།

ཡོམ་འགོག་གནོད་སེལ་གྱི“གསར་བརྗེའི་དུང་བརྡ”བཏང་སྟེ་མགྱོགས་མྱུར་སྒོས་དང་ལེན་བྱས། གློ་བུར་དུ་བྱུང་བའི་ས་ཡོམ་གྱི་གནོད་འཚེའི་མདུན་དུ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས། མྱུར་དུ་ས་ཡོམ་འཕྲལ་སྒྲུབ་ཀྱི་བྱ་བ་དང་ལེན་བྱས་ཏེ་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་བཙུགས་པ་དང་། ཡོམ་འགོག་གནོད་སེལ་གྱི་བྲེལ་མྱུར་ཚོགས་བསྡུས་ཏེ། ཡོམ་འགོག་གནོད་སེལ་གྱི་བྱ་བར་བཀོད་སྒྲིག་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྙིང་སྟོབས་ཆེར་སྐྱེད་དང་། རྡོག་རྩ་གཅིག་སྒྲིལ། ཞུམ་མེད་འབད་འཐབ་བཅས་བྱ་རྒྱུར་སྐུལ་ལྕག་བྱས་པ་རེད། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་མྱུར་དུ་རྨ་ཆུ་ཡུལ་ཚོ་དང་མཛོ་རྒན་རྭ་བར་གྲོང་རྡལ་སོགས་གནོད་འཚེ་ཚབས་ཆེན་ཐེབས་གནས་སུ་བསྐྱོད་དེ། སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་མི་ཕྱུགས་ཤི་རྨས་དང་རྒྱུ་ནོར་གྱོང་གུད། རྨང་གཞིའི་སྒྲིག་བཀོད་ལ་གཏོར་བརླག་ཐེབས་པ་སོགས་ཀྱི་གནས་ཚུལ་ཞིབ་བཤེར་བྱས་ལ། དུས་ཐོག་ཏུ་སྡོད་ཁང་ལ་གནོད་འཚེ་ཚབས་ཆེན་ཐེབས་པའི་མང་ཚོགས་རྣམས་བཀོད་སྒྲིག་འོས་འཚམ་བྱས།

སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཡོམ་འགོག་གནོད་སེལ་གྱི“དམར་པོའི་བཙན་རྫོང”བརྟན་པོ་བཙུགས། 《ཡོམ་འགོག་གནོད་སེལ་གྱི་བྱ་བའི་ཁྲོད་དུ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡོམ་འགོག་གནོད་སེལ་ཁྲོད་དུ་འཐབ་འཛིང་གི་བཙན་རྫོང་དང་གདོང་ལེན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་སློང་བྱས། གནས་སྐབས་ཏང་ཀྲི་པུའུ་གསུམ་བཙུགས་པ་དང་། ཏང་ཡོན་གྱི་དང་བླངས་ཞབས་ཞུའི་ས་ཚིགས་དྲུག་བཙུགས་ལ། ཏང་ཡོན་འཕྲལ་རྒོལ་རུ་ཁག་དང་ཏང་ཡོན་གདོང་ལེན་རུ་ཁག སྐྱེ་ཁམས་དོ་དམ་པའི་འཕྲལ་སྒྲུབ་རུ་ཁག་སོ་དགུ་བཙུགས་པ་དང་། རང་འགུལ་སྒོས་གནོད་འཚེའི་གནས་ཚུལ་ཞིབ་བཤེར་དང་ཉེན་ཁའི་གནས་ཚུལ་ཐག་གཅོད། མང་ཚོགས་བཀོད་སྒྲིག་བཅས་ཀྱི་ཁྲོད་རང་འགུལ་ངང་དར་ཆ་གསལ་སྟོན་དང་ཐོབ་ཐང་གསལ་སྟོན་བྱས་ལ། གཞི་རིམ་རྩ་འཛུགས་ཀྱིས་མགྱོགས་མྱུར་ངང་གནས་ཚུལ་བརྟན་བརླིང་དང་སྒྲིག་ལམ་སྲུང་སྐྱོབ། རང་སྐྱོབ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། དེ་དང་ཆབས་ཅིག ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་སྤྱི་ཚོགས་བདེ་འཇགས་དོ་དམ་ཚོད་འཛིན་དང་། འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོབ། དྲ་རྒྱའི་དཀྲོག་གཏམ་བཀག་འགོག་སོགས་ཀྱི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དུ་བཅུག་པ་དང་།ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་དཀྲོག་གཏམ་སྣ་ཚོགས་བཀག་འགོག་དང་སྤྱི་ཚོགས་གླེང་ཕྱོགས་ལ་ཁྲིད་སྟོན་བྱས།

ཐོག་མའི་བསམ་འདུན་མི་བརྗེད་པར་ཡོམ་འགོག་གནོད་སེལ་གྱི“གསར་བརྗེའི་ལས་འགན”འཁུར་ཕོད་པ་བྱེད་དགོས། ཏང་ཡོན་ལས་བྱེད་པ1790ལྷག་ཙམ་དང་། “ཧྲུའུ་ཅི་དང་པོ”3100ལྷག་ཙམ། སྡེ་སྡོད་ལས་བྱེད་པ། སྐྱེ་ཁམས་བདག་སྐྱོང་བ། དམངས་དམག་གྲ་སྒྲིག་མི་སྣ་བཅས་ཀྱིས་ཁྱིམ་ཚང་ཆུང་བ་བསྐྱུར་ནས་ཁྱིམ་ཚང་ཆེ་བར་ལྟ་རྟོག་བྱས་པ་དང་། མཚན་གང་བོར་གནས་ཚུལ་མཐིལ་རྟོགས་དང་གླེང་ཕྱོགས་ཁྲིད་སྟོན། སེམས་ཁམས་གསོ་བ་བཅས་ཀྱི་བྱ་བ་སྒྲུབ་པས། སེམས་བརྟན་པོ་ཡོང་བའི“རྟེན་ས”དང་མང་ཚོགས་ལ་རོགས་རམ་བྱེད་པའི“སྙིང་ཉེ་བའི་མི་རུ”གྱུར་ཡོད། མིག་སྔའི་བར་དུ། མི་སྟོང་ལྔ་དང་བཞི་བརྒྱ་དགུ་གནས་སྤོ་བཀོད་སྒྲིག་བྱས་པ་དང་། འཕྲལ་སྒྲུབ་རོགས་སྐྱོར་རས་གུར་སུམ་བརྒྱ་ཕུབ་ཡོད། དེ་དང་ཆབས་ཅིག སྒེར་གྱི་ལས་ཀ་དང་གཞུང་གི་ལས་ཀའི་ཆེད་གནང་ཞུ་བྱས་ཡོད་པའི་ཏང་ཡོན་ལས་བྱེད་པ་མཚན་མོ་རྫོང་དུ་ཕྱིར་ལོག་བྱས་ཏེ། རང་འགུལ་ངང་ཏང་རྩ་འཛུགས་ཀྱི་གཅིག་གྱུར་བཀོད་སྒྲིག་དང་ལེན་བྱས་ནས་གནས་སྲུང་གི་འགན་འཁྲི་དང་ལེན་བྱས་ཏེ་འཁུར་ཡོད།

མིག་སྔའི་བར་དུ། གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་གནས་སྤོ་བྱས་ཡོད་པ་དང་། གནོད་འཚེ་ཚབས་ཆེན་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཡོད། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པར་གྱུར་ཡོད་པ་དང་མང་ཚོགས་ཀྱི་བློ་ཁ་བརྟན་པོར་གྱུར་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།