རྨ་སྟོད་ས་ཡོམ་གྱི་གནས་ཚུལ་གསར་ཤོས།
2021.05.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 52

 མཚོ་ལྷོ་ཁུལ་གྱིས་རྨ་སྟོད་ལ་སྦྲ་གུར100ལྷག་ཙམ་ཞལ་འདེབས་སུ་ཕུལ།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཡུལ་དངོས་གསར་འགོད་ཚན་ཆུང་གིས་རྨ་ཆུ་ཡུལ་ཚོ་ནས་སྤེལ་བའི་གནས་ཚུལ་གསར་ཤོས་སྟེ།  མཚོ་ལྷོ་ཁུལ་ཏང་ཨུ་དང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ཞལ་འདེབས་སུ་ཕུལ་པའི་སྒོར་འབུམ་གཅིག་དང་དེ་བཞིན་མེ་ཐབ50ལྷག་དང་སྦྲ་གུར100ལྷག  སྲིང་བལ་ཉལ་ཆས100ལྷག་ཙམ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོར་འབྱོར་ཡོད་པ་རེད། མིག་སྔར་མགོ་ལོག་མེ་གསོད་རོགས་སྐྱོབ་མི་སྣ་དང་དེ་བཞིན་མགོ་ལོག་ཁུལ་ཡན་ལག་དམག་ཁུལ། ས་གནས་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་དངོས་ཟོག་འབེབས་བཞིན་ཡོད་པ་དང་སྦྲ་གུར་ཁ་ཤས་ཕུབ་བཞིན་ཡོད་པ་རེད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ས་ཡོམ་ཚད་རིམ7.4བྱུང་རྗེས་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་དེ་མ་ཐག་ཏུ《མཚོ་སྔོན་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་ས་གཤིས་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་སྔོན་དཔག་ཇུས་གཞི》སྤེལ་ནས། ཟི་ལིང་དང་མཚོ་ལྷོ། ཡུས་ཧྲུའུ། མགོ་ལོག    འཕྲལ་སྡོམ་མེ་གསོད་རུ་ཁག་བཅས་རོགས་སྐྱོབ་སྟོབས་ཤུགས་ལྔ་བསྡུས་ནས་ཡོམ་ཁུལ་ལ་རོགས་སྐྱོར་བྱས་ཏེ་ས་ཡོམ་རོགས་སྐྱོབ་དང་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་རོགས་བྱས།

རོགས་སྐྱོབ་སྟོབས་ཤུགས་དག་གནོད་ཐེབས་ས་ཁུལ་དུ་འབྱོར་རྗེས། སྤྱི་ཁྱབ་རུ་ཁག་གི་ཡུལ་དངོས་བཀོད་འདོམས་པུའུ་ཡིས་འཕྲལ་དུ་ཚན་ཆུང་དྲུག་གི་ཁོངས་མི་དང་རོགས་སྐྱོབ་ཡན་ལག་རུ་ཁག་སོ་སོ་རྩ་འཛུགས་བྱས་ཏེ་གྲོས་ཚོགས་བསྡུས་ཤིང་། སྤྱི་ཁྱབ་རུ་ཁག་གི་འཕྲིན་གཏོང་འགན་ལེན་ཚན་ཆུང་གིས་འདོན་སྤྲོད་བྱས་པའི་ཡོམ་ཁུལ་གྱི་མི་མེད་གནམ་གྲུའི་པར་རིས་དང་ཡུལ་ལྗོངས་ཧྲིལ་པོའི་པར་རིས་ལ་བརྟེན་ནས་ཡོམ་ཁུལ་གྱི་གནོད་འཚེ་ཕོག་ཚུལ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ། རོགས་སྐྱོབ་ས་ཁོངས་བསྐྱར་དུ་དབྱེ་བ་དང་ལུགས་མཐུན་སྒོས་སྟོབས་ཤུགས་སྒྲིག་སྦྱོར་བྱས་ནས། འཚོལ་སྐྱོབ་ཚན་ཆུང10བཙུགས་ཏེ་སོ་སོར་མ་ཕྲ་ལི་གྲོང་རྡལ་དང་།  མཛོ་རྒན་རྭ་བ་གྲོང་རྡལ། རྨ་ཆུ་ཡུལ་ཚོ། མཚོ་སྐྱ་རེངས་ཡུལ་ཚོ་སོགས་ཡུལ་ཚོ་དང་གྲོང་རྡལ་དུ་སོང་ནས་མི་སྣ་འཚོལ་སྐྱོབ་དང་། གྲལ་བཤེར། གནས་སྤོ་བཅས་ཀྱི་ལས་དོན་སྤེལ་བ་རེད།

འཚོལ་སྐྱོབ་ཚན་ཆུང་སོ་སོ་ལས་བགོས་ས་ཁོངས་སུ་སླེབས་རྗེས་འཕྲལ་དུ་ས་གནས་སྲིད་གཞུང་སྡེ་ཁག་དང་འབྲེལ་མཐུད་བྱས་ཏེ། མི་སྣ་ཤི་རྨས་དང་། ཁང་པ་རྡིབ་པ། རྒྱུ་ནོར་གྱོང་གུད་བཅས་ཀྱི་གནས་ཚུལ་འདྲི་རྩད་དང་རྒྱུས་ལོན་ཞིབ་མོ་བྱས་ནས། གནོད་འཚེའི་གནས་ཚུལ་དངོས་ལ་གཞིགས་ཏེ་མི་སྣ་འཚོལ་སྐྱོབ་དང་། ཉེན་ཁའི་གནས་ཚུལ་གྲལ་བཤེར། འཚོ་བའི་དངོས་ཟོག་དང་ཕྱུགས་རིགས་སྤོ་བསྒྱུར་སོགས་ཀྱི་ལས་དོན་སྤེལ། སྤྱི་ཁྱབ་རུ་ཁག་འཕྲལ་སྡོམ་མེ་གསོད་ཡན་ལག་རུ་ཁག་གི་དམག་འཐབ་ཞབས་ཞུའི་འགན་ལེན་མི་སྣས་ཡུལ་ཚོ་དང་གྲོང་རྡལ་ཁག་གི་བཀོད་སྒྲིག་བྱ་ཡུལ་ནས་ས་གནས་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ཉེན་གཡོལ་སྦྲ་གུར་ཕུབ་པ་དང་འཚོ་བའི་དངོས་ཟོག་དབོར་འདྲེན་སོགས་ཀྱི་ལས་དོན་སྤེལ་བ་རེད།

སྤྱི་ཁྱབ་རུ་ཁག་གི་སྨན་བཅོས་རོགས་སྐྱོབ་ཚན་ཆུང་གིས་རྫོང་སྲིད་གཞུང་གི་རྨ་ཆུའི་ཆུ་འགོ་ཐང་ཆེན་བཀོད་སྒྲིག་བྱ་ཡུལ་དུ་སྨན་བཅོས་རོགས་སྐྱོབ་ས་ཚིགས་བཙུགས་པ་དང་ཆབས་ཅིག བཀོད་སྒྲིག་བྱ་ཡུལ་དུ་རིམས་འགོག་དུག་སེལ་ལས་དོན་ཡང་སྤེལ་བ་རེད།  ཡུལ་དངོས་བཀོད་འདོམས་པུའུ་ཡི་བླང་བྱ་ལྟར་མེ་གསོད་སྐོར་སྐྱོད་སྐོར་གཡེང་ཚན་ཆུང་བཙུགས་པ་དང་། སྐོར་གཡེང་མི་སྣས་དུས་ངེས་མེད་དུ་བཀོད་སྒྲིག་བྱ་ཡུལ་དུ་བདེ་འཇགས་སྐོར་གཡེང་བྱས་པ་དང་། བཀོད་སྒྲིག་བྱ་ཡུལ་དུ་མེ་དང་གློག་སྤྱོད་པ་དང་ཉལ་ནས་ཐ་མག་འཐེན་པ་སོགས་ཀྱི་གནས་ཚུལ་ལ་མེ་ཟོན་བདེ་འཇགས་ཀྱི་ཞིབ་བཤེར་བྱས་ནས་བཀོད་སྒྲིག་བྱ་ཡུལ་སོ་སོའི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད། སྐོར་གཡེང་ཚན་ཆུང་ལ་ད་དུང་བོད་རྒྱ་སྐད་རིགས་གཉིས་ཀྱི་བཀོད་འཐབ་པ་ཞིག་བཀོད་སྒྲིག་བྱས་ནས།  སྦྲ་གུར་ནང་སྡོད་པའི་མི་སྣར་མེ་ཟོན་བདེ་འཇགས་ཀྱི་དྲན་སྐུལ་བྱས་བ་དང་ས་ཡོམ་གྱི་ཉེན་གཡོལ་ཤེས་བྱ་དང་མེ་སྐྱོན་གྱི་ཉེན་ཟོན་རྒྱུན་ཤེས་འགྲེལ་བཤད་བྱས་ནས་གནོད་ཁུལ་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་དང་ཉེན་གཡོལ་ནུས་པ་ཆེ་རུ་ བཏང་ཞིང་། རོགས་སྐྱོབ་བྱེད་རིང་བཀོད་སྒྲིག་བྱ་ཡུལ་གྱི་མེ་ཟོན་བདེ་འཇགས་འགན་ལེན་བྱས་པ་རེད།

ཟླ5ཚེས23ཉིན་གྱི་དུས་ཚོད10བར། མཚོ་སྔོན་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་རིམ་རྩིས་བྱས་ན་ཁྱིམ་ཚང་826ལ་གྲལ་བཤེར་བྱས་པ་དང་། མང་ཚོགས་3765བཀོད་སྒྲིག་བྱས་པ། གནོད་ཐེབས་མང་ཚོགས་ལ་སྦྲ་གུར་210ལྷག་ཕུབ་རོགས་བྱས་པ་རེད། གནོད་ཐེབས་མང་ཚོགས་ལ་སྨན་རྫས་སྒམ160ལྷག་ཙམ་བྱིན་པ་དང་།  སྨན་བཅོས་རོགས་སྐྱོབ་བྱ་ཡུལ་དུ་མི་ཐེངས60ལྷག་ཙམ་ལ་སྐོར་སྐྱོད་སྨན་བཅོས་བྱས་པ། མང་ཚོགས་ཀྱི་དངོས་ཟོག་དང་འཚོ་བའི་མཁོ་ཆས་གལ་ཆེན་ཁྲི་གཅིག་ལྷག་ཙམ་མྱུར་སྐྱོབ་བྱས་པ། བཀོད་སྒྲིག་བྱ་ཡུལ19ལ་སྐོར་ཞིབ་བྱས་པ། མེ་ཟོན་སྐོར་ཞིབ་ཐེངས་400ལྷག་ཙམ་བྱས་པ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན20ལྷག་ཙམ་བཅོས་སྒྲིག་བྱས་པ། དྲིལ་བསྒྲགས་ཤོག་བྱང་ཁྲི5ལྷག་ཙམ་བྱིན་པ། གནོད་ཐེབས་མང་ཚོགས་ཀྱི་གནོད་འཚེའི་རྗེས་ཀྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་པར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་པ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།