ང་ནི་གདོང་ལེན་པ་ཡིན་པས་ཅིས་ཀྱང་སྔོན་དུ་བསྐྱོད་དགོས།
2021.05.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

མགོ་ལོག་སྡེ་གསར་གྱི་ཡུལ་མི་ཚོ་མགྱོགས་པོར་ཕྱིར་བུད།  མགྱོགས་པོར་ཕྱིར་བུད། ཅེས་སྡེ་བའི་སྐད་འཕྲིན་ཚོགས་པའི་ནང་དུ་མི་ཞིག་གིས་སྐད་བརྒྱབ་བྱུང་།

ཟླ་5ཚེས་22ཉིན་གྱི་ཆུ་ཚོད་2དང་སྐར་མ་04ཐོག་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ལ་ཚད་རིམ་བདུན་དང་གྲངས་ཆུང་བཞི་ཡི་ས་ཡོམ་བྱུང་། ས་ཡོམ་བྱུང་བའི་ངང་ཚུལ་དེ་ནི་མི་ཆེན་ཞིག་གི་ལག་པས་ས་ཆེན་པོ་དེར་གཡོ་འགུལ་གཏོང་པ་དང་འདྲ།

སྐབས་དེར་མགོ་ལོག་སྡེ་གསར་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་གངས་འབྲུག་ད་དུང་རྨི་ལམ་གྱི་ཞིང་དུ་ཡོད། ཉིན་དེའི་ཕྱི་དྲོར་སྡེ་བའི་འབྲི་གཡག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་སྐྱེལ་འདྲེན་རླངས་འཁོར་ཆེ་བ་དེ་རྩྭ་ཐང་གི་འདམ་རྫབ་ཏུ་ལྷུང་བས་གངས་འབྲུག་དང་སྡེ་མི་ཚོས་ཕྱི་དྲོའི་དུས་ཚོད་གཅིག་གི་དུས་ཡུན་སྤྱད་དེ་ནུས་ཤུགས་ཡོད་རྒུ་བཏོན་པས་ད་གཟོད་རླངས་འཁོར་དེ་གཞི་ནས་ལེན་ཐུབ་པ་བྱུང་། མཇུག་མཐར་གངས་འབྲུག་གི་སྐེད་པར་རྨས་སྐྱོན་ཡང་ཅུང་ཙམ་ཕོག་པ་སོགས་ལུས་ཐང་ཆད་དྲག་པའི་དབང་གིས་ཁོས་མཚན་མོ་དེར་ས་ཡོམ་བྱུང་བ་གཏན་ནས་མ་ཚོར།

ཨ་ཕ།ཨ་ཕ།མགྱོགས་པོར་ཡར་ལོངས།ཁང་པ་འགུལ་བཞིན་འདུག གངས་འབྲུག་གི་བུ་ཡིས་དེ་ལྟར་སྐད་རྒྱག་དུས།

གངས་འབྲུག་གིས་ད་དུང་མིག་འབྱེད་ཙམ་གྱིས་བུ་ཆུང་གི་ལག་པ་ཕར་གཡུགས་ནས་མུ་མཐུད་དུ་གཉིད་དུ་ཡུར་མགོ་བརྩམས། ཡིན་ནའང་བྱིས་པའི་ངུ་སྐད་དང་ཁང་པ་འོག་མའི་འུར་སྒྲ་དེས་གངས་འབྲུག་གཞི་ནས་གཉིད་ལས་སད་པ་དང་ད་གཟོད་ས་ཡོམ་བྱུང་བ་དངོས་སུ་རྟོགས།  སྐབས་དེར་ཁོས་ཚ་མོ་ཆུང་ཆུང་དེ་ལག་ཏུ་བཟུང་ནས་ཁྱིམ་མི་རྣམས་ཁྲིད་དེ་ཕྱི་རོལ་གྱི་བདེ་འཇགས་ཀྱི་སར་བྲོས་ནས་ཐོན་དུས་ལུས་སྟེང་དུ་རྔུལ་ཆུ་ཞིག་དབང་མེད་དུ་བཞུར་གྱིན་འདུག

སྐབས་དེར་གངས་འབྲུག་གིས་རང་གི་མཐའ་སྐོར་དུ་མིག་མྱུལ་ཞིག་བྱས་པ་ན། ཁོའི་གམ་དུ་བུད་མེད་ཅིག་གིས་ལྭ་བ་སྲབ་མོ་ཞིག་མ་གཏོགས་གྱོན་མེད་པ་མཐོང་ནས། ཁོས་བུད་མེད་དེ་ལ་ང་རང་ཁྱེད་ཀྱི་ལྭ་བ་ལེན་དུ་འགྲོ་ཞེས་བཤད་ཀྱང་། ད་དུང་ས་འགུལ་གྱི་ཉེན་ཁ་དེ་མུ་ནས་ཡོང་པར་དོགས་ནས་བུད་མེད་དེས་ཁོ་རང་ཕྱིར་འགྲོ་རུ་མ་བཅུག

ཆུ་ཚོད་2དང་སྐར་མ་22ཐོག  གངས་འབྲུག་གིས་རང་གི་ཁ་པར་བརྒྱུད་ནས་སྡེ་བའི་ཚོགས་པ་དང་ཏང་ཡོན་གྱི་ཚོགས་པའི་ནང་མྱུར་དུ་ཚང་མ་ཕྱི་རོལ་གྱི་སྡེ་འཇགས་ཀྱི་སར་གནས་སྤོར་བྱེད་དགོས་པའི་སྐུལ་མ་བཏང་།

མགོ་ལོག་སྡེ་གསར་ནི་གནས་སྤོར་སྡེ་བ་ཞིག་ཡིན་ཞིང་སྡེ་བ་ཡོངས་ལ་ཁྱིམ་ཚང་སུམ་བརྒྱ་དང་མི་གྲངས་བརྒྱད་བརྒྱ་བདུན་ཅུ་ཡོད། དེ་དག་རེ་རེ་བཞིན་སྡོད་གནས་བཞི་རུ་ཐར་ཐོར་གྱི་རྣམ་པར་བསྡད་ཡོད་པས། གཅིག་བསྡུས་ཀྱིས་སྡེ་མི་རྣམས་ཕྱིར་འཐེན་བྱེད་པར་དཀའ་ངལ་ཆེན་པོ་ཡོད།  དེ་བས་གངས་འབྲུག་གིས་སྐད་འཕྲིན་ཚོགས་པ་དང་ཁ་པར་གཏོང་བ་བརྒྱུད་དེ་སྡེ་མི་རྣམས་གང་མགྱོགས་སྒོས་ཁང་པ་ལས་ཕྱིར་བུད་དེ་ཅུང་ཡངས་ཤིང་རྒྱ་ཆེ་བའི་སར་སོང་ནས་ས་ཡོམ་ལ་གཡོལ་བར་བཀོད་སྒྲིག་བྱས།

དེ་ལྟར་སྡེ་མི་རྣམས་ལ་བརྡ་བརྒྱབ་ཟིན་ནའང་། དགའ་ལྡན་སྡེ་གསར་གྱི་རྒན་པོ་སྐྱིད་བདེ་ཡི་ཕྱོགས་ལ་ཁོ་རང་སེམས་ཁྲལ་ཆེན་པོ་བྱུང་།

དགའ་ལྡན་སྡེ་གསར་ནི་མགོ་ལོག་སྡེ་གསར་གྱི་རྫོང་མཁར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཞིག་ཡིན་པ་དང་།དེ་རུ་ཁྱིམ་ཚང་83གྱི་འབྲོག་པ་བཀོད་སྒྲིག་བྱས་ཡོད།ད་ལོ་ལོ་ན91ལ་སླེབས་པའི་རྒན་པོ་སྐྱིད་བདེ་ཡི་ལུས་པོར་རྨས་སྐྱོན་ཕོག་ཡོད་པས་འགྲོ་སྡོད་སྟབས་བདེ་མིན།

ང་ཚོའི་གཟུགས་པོ་བདེ་ཐང་ཡིན་པའི་ཕྱི་རོལ་ཏུ་འབྲོ་ཐུབ་མོད་འོན་ཀྱང་རྒན་རྒོན་ཚོ་འབྲོ་ཐབས་མེད། གངས་འབྲུག་གིས་དེ་ལྟར་ཟེར་ཞོར། ཁོའི་བུ་དང་ཆུང་མ་ཁྲིད་ནས་མྱུར་མོར་སྐྱིད་བདེ་ཚང་གི་ཕྱོགས་སུ་རྒྱུག  ཁོས་མྱུར་དུ་རྒན་པོ་ཁུར་ནས་ཕྱི་རོལ་གྱི་ས་ཁོད་ཡངས་ས་ཞིག་ཏུ་བཞག་རྗེས། ཆུང་མར་རྒྱབ་སྙེས་ཆོག་པའི་རྐུབ་སྟེགས་ཤིག་ཁྱེར་འོང་དུ་བཅུག་སྟེ་རྒན་པོ་དེའི་སྟེང་སྡོད་དུ་བཅུག་རྗེས་ལུས་སྟེང་དུ་བལ་ཕྱར་ཞིག་བཀབ་རྗེས་རང་གི་བྱིས་པ་དང་ཆུང་མ་རྒན་པོར་འདུག་རོགས་བྱེད་དུ་བཅུག

གངས་འབྲུག་གིས་སྡེ་བའི་སྐད་འཕྲིན་ཚོགས་པའི་ནང་ནས་བརྙན་ཐུང་ཞིག་ང་ཚོར་བསྟན་བྱུང་ལ་བརྙན་ཐུང་དེ་ལས་རྒན་པོ་ཞིག་རྐུབ་སྟེགས་སྟེང་དུ་ཁ་ཁུ་སིམ་མེར་བསྡད་ནས་ལུས་སྟེང་དུ་བལ་ཕྱར་ཞིག་བཀབ་ཡོད་ལ་ཉེ་འགྲམ་དུ་བུད་མེད་གཅིག་དང་ན་གཞོན་སྐྱེས་པ་ཞིག བུ་མོ་ཆུང་ཆུང་ཞིག་བཅས་ལངས་འདུག

སྐབས་དེར་གངས་འབྲུག་གིས་ཁྱོད་ཀྱིས་ལྟོས་དང་།སྐྱེས་པ་དེ་ངའི་བུ་དང་བུ་མོ་དེ་ངའི་ཚ་མོ་ཡིན་ལ་བུད་མེད་དེ་ངའི་ཆུང་མ་རེད་ཅེས་ང་ཚོར་ངོ་སྤྲོད་བྱས་བྱུང་།

དགའ་ལྡན་སྡེ་གསར་གྱི་ཁང་པ་ནི་ཉེ་བའི་ལོ་འདི་གཉིས་ནང་གསར་སྐྲུན་བྱས་པ་ཞིག་ཡིན་པ་དང་སོ་ཕག་མཉམ་བསྲེས་ཀྱིས་གྲུབ་པས་གལ་སྲིད་གཏོར་སྐྱོན་ཕོག་ཚེ་བསམ་ཡུལ་ལས་འདས་པའི་ཆགས་སྒོ་འབྱུང་སྲིད་ཅེས་གངས་འབྲུག་གིས་བཤད།

རྒན་པོ་སྐྱིད་བདེ་བདེ་འཇགས་ཀྱི་སར་བཀོད་སྒྲིག་བྱས་རྗེས་སུ། གངས་འབྲུག་གིས་སྡེ་བའི་ཏང་ཡོན་རྣམས་རྩ་འཛུགས་བྱས་ནས་དུས་ཚོད་བཞི་ཡི་རིང་ལ་ཁྱིམ་ཚང་རེ་རེར་ཞིབ་བཤེར་གསལ་བོ་བྱས་མཐར། དགའ་ལྡན་སྡེ་གསར་གྱི་འབྲོག་ཁྱིམ་གྱ་གསུམ་གྱི་ཁང་པ་གཅིག་ཀྱང་རྡིབས་པའི་དོན་རྐྱེན་བྱུང་མེད་པ་དང་། སྡེ་མི་གཅིག་ལའང་རྨས་སྐྱོན་ཕོག་མེད་པའི་གནས་ཚུལ་གསལ་བོར་ཤེས་པས་ཁོ་ཚོའི་སེམས་ཁམས་དེ་གཞི་ནས་བདེ་ལ་འབབ་ཐུབ་ཙམ་བྱུང་།

གངས་འབྲུག་གིས་གནོད་འཚེའི་ཆེན་པོའི་མདུན་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་མང་ཚོགས་སེམས་ལ་བཅངས་པ་ནི་གཞི་ནས་ཏང་ཡོན་ཚད་ལྡན་ཞིག་ཡིན་པ་གསལ་བོར་ཤེས་ཡོད་པར་མ་ཟད། སྡེ་མི་རྣམས་བདེ་འཇགས་ཀྱི་སར་གནས་སྤར་བ་དེས་བྱ་བ་ཡོད་ཚད་མཇུག་བསྡུས་པ་མིན་པར་ཡོམ་འགོག་གནོད་སེལ་གྱི་མགོ་བརྩམས་རུང་ཡིན་པ་གསལ་བོར་ཤེས་ཡོད།

གངས་འབྲུག་ལ་ངལ་གསོ་བྱེད་ཁོམ་སྐད་ཅིག་ཙམ་ཡང་མེད་པར་ཏང་ཡོན་དང་སྡེ་མི་རྣམས་ཀྱི་སྣེ་ཁྲིད་ནས་སྦྲ་གུར་ཕུབ་པར་བྲེལ་བཞིན་འདུག་པ་དང་།

གངས་འབྲུག་གིས་བསམ་བློ་ཡང་ཡང་བཏང་རྗེས་ཁོ་ཚོའི་སྡེ་བར་ད་དུང་གུར་ཆེན་པོ་ཞིག་ཡོད་པ་དྲན་བྱུང་།གུར་དེ་ནི་ལོ་རེ་བཞིན་དབྱར་དུས་སུ་སྡེ་བའི་རྟ་རྒྱུག་དུས་ཆེན་གྱི་སྐབས་སུ་གཞི་ནས་བེད་སྤྱོད་གཏོང་གི་ཡོད་པ་དང་ད་རེས་བེད་སྤྱོད་བྱེད་པའི་དུས་ལ་བབས་པ་རྟོགས་ནས། མྱུར་དུ་ཏང་ཡོན་གྱི་སྣེ་ཁྲིད་དེ་གུར་ཆེན་པོ་དེ་སྡེ་བའི་ཉེ་འགྲམ་གྱི་རྩྭ་ཐང་དུ་ ཕུབ་མགོ་བརྩམས། དྭངས་གསལ་གྱི་མཁའ་དབྱིངས་སུ་ཞོགས་པའི་ཉི་གཞོན་དལ་གྱིས་འཛུམ་དུས། རྩྭ་ཐང་གི་ཕང་པ་དེ་རུ་གུར་དཀར་པོ་ཞིག་བརྒྱབ་འདུག་ལ་གུར་སྟེང་དུ་དམར་མདངས་བཀྲ་བའི་ཏང་གི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག  ཏང་གི་དར་ཆ་མཐོང་བས་སྡེ་མི་རྣམས་ཀྱི་སེམས་པའང་རིམ་གྱིས་ལྷོད་ལ་བབས།

ད་ལོ་ཏང་ནང་དུ་ཞུགས་ནས་ལོ་ཉེར་གཅིག་འགོར་བའི་གངས་འབྲུག་གིས་ལོ་བཞིའི་རིང་ལ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར་བ་དང་། ལོ་བཅུའི་རིང་ལ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་ནས་ན་ནིང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་རེད།

ང་རང་ཏང་ནང་དུ་ཞུགས་སྐབས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་དམ་བཅའ་བཞག་ཡོད། སྡེ་བའི་ལས་བྱེད་པའི་འགན་ཁུར་ནས་ལོ་བཅུ་ལྷག་ཙམ་སོང་བའི་རིང་། གངས་འབྲུག་གིས་སྡེ་བའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྡེ་བའི་ཐུན་མོང་སྐྱེ་ཁམས་འབྲོག་ལས་མཉམ་ལས་ཁང་བཙུགས་ནས། འབྲི་གཡག་གསོ་སྤེལ་བྱས་ཏེ་སྡེ་མི་རྣམས་དབུལ་ཐར་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་བཞིན་ཡོད།

དུས་ནམ་ཡིན་ཡང་མི་དམངས་མང་ཚོགས་སེམས་སུ་བཅངས་པ་ནི་གངས་འབྲུག་ལ་མཚོན་ན་ཁོའི་ཐོག་མའི་བསམ་འདུན་ཉག་གཅིག་དེ་རེད།

ས་ཡོམ་བྱུང་རྗེས་གངས་འབྲུག་གནོད་སེལ་གྱི་འཐབ་ས་དང་པོ་རུ་ཁོམ་ལོང་ཅུང་ཙམ་ཡང་མེད་པའི་དབང་གིས། ཁོ་ཚང་གི་ཉེན་གཡོལ་སྦྲ་གུར་དེ་ཟླ་5ཚེས་22ཉིན་གྱི་ཆུ་ཚོད་19སྟེང་ད་གཟོད་ཕུབ་ཐུབ་པ་བྱུང་བ་རེད། དེ་ནི་སྡེ་བ་ཡོངས་ལས་ཆེས་མཇུག་ཐར་ཕུབ་པའི་ཉེན་གཡོལ་སྦྲ་གུར་དེ་རེད། དུས་སྐབས་དེའི་རིང་ལ་གངས་འབྲུག་གིས་སྐོམ་ཆུ་ཤེལ་དམ་དགུ་འཐུང་བ་ལས་ཟས་ཁམ་གང་ཡང་ཟོས་མི་འདུག

ཟླ་5ཚེས་23ཉིན་གྱི་ཕྱི་དྲོ་གསར་འགོད་པས་དགའ་ལྡན་སྡེ་གསར་གྱི་གནས་སྐབས་བཀོད་སྒྲིག་ས་ཁུལ་དུ་གངས་འབྲུག་ལ་བཅར་འདྲི་བྱེད་སྐབས།ཁོས་ཉེ་འགྲམ་གྱི་སྡེ་བའི་སྡེ་མི་རྣམས་ལ་གུར་ཕུབ་རོགས་བྱེད་ཀྱི་འདུག་  ཡུན་རིང་དུ་གུར་ཕུབ་པའི་ལས་ཀ་ལས་ནས་ཁོ་རང་མདང་དགོང་ཆུ་ཚོད་བཞི་ཙམ་ལ་མ་གཏོགས་ཉལ་མེད་པ་སྡེ་མི་རྣམས་ཀྱིས་ཤེས་རྗེས།  སྡེ་མི་རྣམས་ཀྱིས་ཆེད་དུ་ཁོ་ལ་འོ་ཇ་ཕོར་བ་གང་བླུགས་བྱུང་།

སྐབས་དེར་གངས་འབྲུག་གིས་འོ་ཇ་འཐུང་ཞོར་དུ་ཕུབ་ཟིན་པའི་སྦྲ་གུར་རེ་རེ་ལ་ལྟ་བཞིན་དགའ་སྤྲོའི་འཛུམ་མདངས་ཤིག་དབང་མེད་དུ་ཕྱིར་མངོན་གྱི་འདུག

                                                                            ཡིག་སྒྱུར་བ། གཡང་འབུམ་རྒྱལ །