སློབ་གྲོགས་ཚོ། མ་སྐྲག་དང་དགེ་རྒན་ཡོད།
2021.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

སྤྱི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་གཉིས་དང་སྐར་མ་བཞི་ཡི་སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ་བདུན་དང་གྲངས་ཆུང་བཞི་ཡི་ས་ཡོམ་བྱུང་བ་དང་། དུས་ཚོད་གཉིས་དང་སྐར་མ་བཅོ་ལྔའི་སྟེང་རྨ་ཆེན་རྫོང་དུ་ཚད་རིམ་གསུམ་དང་གྲངས་ཆུང་གསུམ་གྱི་ས་ཡོམ་བྱུང་།

ནམ་གུང་གི་དུས་ཚོད་གཉིས་དང་སྐར་མ་བཞི་ཡི་སྟེང་དུ་རྨ་ཆེན་རྫོང་དབྱུག་གཞུང་ཡུལ་ཚོའི་བཅའ་སྡོད་སློབ་གྲྭའི་ཏང་ཀྲི་པུའ་ཧྲུའུ་ཅི། སློབ་གཙོ་སྟག་འབྲུག་ཚེ་རིང་གློ་བུར་དུ་གཉིད་ལས་སད་དུས། གནམ་ས་གཉིས་འགུལ་བཞིན་པའི་སྣང་བ་ཞིག་སྐྱེས་ཤིང་། དུས་ཡུན་ཅུང་ཙམ་སོང་རྗེས་སུ་གཞི་ནས་ས་ཡོམ་བྱུང་བ་རྟོགས།   སྐབས་དེར་ཁོའི་སེམས་སུ་ཐོག་མར་དྲན་བྱུང་བ་ནི་རང་གི་སློབ་མ་དག་ཡིན་པས་རང་དབང་མེད་པར་ངའི་སློབ་མ་ཚོ་ཞེས་ཁ་ནས་ཤོར་བཞིན་རང་གི་ཉལ་ཁང་གི་སྒོ་ཕྱེས་ནས་སློབ་མའི་ཉལ་ཁང་གི་ཕྱོགས་སུ་ཤར་གྱིས་རྒྱུག

སྐབས་དེར་སློབ་མ་དག་ཀྱང་གཉིད་ལས་སད་འདུག་པ་དང་། ཉལ་ཁང་ནང་ཧྲིལ་བོར་མུན་ནག་གིས་ཁེངས་འདུག   སྐབས་དེར་སྟག་འབྲུག་ཚེ་རིང་གིས་སློབ་གྲོགས་ཚོ། མ་སྐྲག་དང་དགེ་རྒན་ཡོད་ཅེས་སྐད་རྒྱག་དུས། སློབ་གྲྭའི་དགེ་རྒན་གཞན་པ་དག་ཀྱང་གཅིག་རྗེས་གཉིས་མཐུད་དུ་སླེབས་བྱུང་།  དགེ་རྒན་རྣམས་ཀྱིས་རང་རང་གི་ལག་གི་ཁ་པར་མཐོན་པོར་བཀྱགས་ནས་གློག་བཀར་ཏེ་སློབ་མ་རྣམས་མྱུར་དུ་ལུས་རྩལ་ར་བའི་ནང་ཁྲིད་མགོ་མགོ་བརྩམས་པ་དང་། དགེ་རྒན་ཚོས་སློབ་གྲོགས་ཚོ། ཚང་མ་སྐྲག་མི་དགོས། དུས་རྒྱུན་ལུས་རྩལ་ར་བར་ཇི་ལྟར་སོང་བ་དེ་ལྟར་ནང་བཞིན་སོང་ཞེས་སྐད་རྒྱག་ཞོར་སློབ་མ་རྣམས་ལ་སློབ་ལ་གྱོན་དུ་བཅུག་སྟེ་ཁོ་ཚོའི་སྣེ་ཁྲིད་དེ་ལུས་རྩལ་ར་བར་བསྐྱོད། འཛིན་གྲྭ་རེ་རེའི་དགེ་རྒན་གྱིས་མྱུར་དུ་རང་རང་གི་འཛིན་གྲྭའི་སློབ་མའི་གྲངས་ཀ་ཚང་རྩིས་བྱས་པ་དང་། ཏང་ཡོན་རྒན་དཔལ་ཆེན་ཡང་བསྐྱར་སློབ་མའི་ཉལ་ཁང་གི་ཕྱོགས་སུ་རྒྱུག་སྟེ་ཉལ་ཁང་རེ་རེའི་ནང་དུ་སློབ་མ་ལུས་ཡོད་མེད་སྐོར་ལ་ཞིབ་བཤེར་ཐེངས་གཅིག་བྱས།

དུས་ཚོད་གཉིས་དང་སྐར་མ་ཉི་ཤུའི་སྟེང་འཛིན་གྲྭ་རེ་རེ་ཡིས་སློབ་མའི་གྲངས་ཀ་རྩིས་སྤྲོད་བྱས། སློབ་སྔོན་འཛིན་གྲྭར་སློབ་མ་སོ་གཅིག ལོ་རིམ་དང་པོར་སློབ་མ་སོ་གཉིས། ལོ་རིམ་གཉིས་པར་སློབ་མ་ཞེ་དགུ།  ལོ་རིམ་དྲུག་པར་སློབ་མ་སོ་གཉིས་ཞེས་རྩིས་སྤྲོད་བྱས་ཚར་དུས། བསྡོམས་པས་སློབ་མ་ཉིས་བརྒྱ་དང་དོན་གཉིས་ཚང་མ་གཅིག་ཀྱང་ཆད་ལྷག་མེད་པས་དགེ་རྒན་རྣམས་ཀྱི་སེམས་ཁམས་ཅུང་བདེ་ལ་བབས་སོང་། སྐབས་དེར་སློབ་གཙོ་སྟག་འབྲུག་ཚེ་རིང་གི་ཁ་པར་གློ་བུར་དུ་གྲགས་བྱུང་། ཁོས་མྱུར་དུ་ཁ་པར་གྱི་སྒྲ་ཆེ་བོའི་སྟེང་དུ་བཞག་སྟེ་ཉན་དུས། ཕ་རོལ་གྱི་ཁ་པར་གཏོང་མཁན་དེ་ནི་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་བསོད་བྷོ་ཡིན་ལ་ཁོས་བྲེལ་ཟིང་ཆེ་བའི་སྐད་ཀྱིས་ང་རང་རྫོང་འཕྲལ་བསྟུན་བཀོད་འདོན་པུའུ་ན་ཡོད། དབྱུག་གཞུང་བཅའ་སྡོད་སློབ་ཆུང་གི་གནས་ཚུལ་ད་ལྟ་ཇི་འདྲ་རེད་ཟེར། སྐབས་དེར་སྟག་འབྲུག་ཚེ་རིང་ཅུང་སེམས་འགུལ་ཐེབས་པའི་སྒོ་ནས་དགེ་སློབ་ཚང་མ་བདེ་འཇགས་རེད་ཅེས་མྱུར་དུ་ཡར་ཞུ་བྱས།  སྐབས་དེར་ཕར་ཕྱོགས་ཀྱི་ཁ་པར་ནང་དུ་རྫོང་ཨུའི་ཧྲུའུ་ཅི་ཞོང་ལགས་ཀྱིས། བཟང་གི  བཟང་གི ད་དུང་སེམས་ལྷོད་ནས་འདུག་མི་རུང་། ནུས་ཤུགས་ཡོད་རྒུས་དགེ་སློབ་རྣམས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་ཟེར་བའི་སྐད་ཆ་དེ་གསལ་བོར་ཐོས་ཐུབ་ཀྱི་འདུག སྐབས་དེར། ས་མགོའི་མཐོ་ཚད་རྨིད་བཞི་སྟོང་ཉིས་བརྒྱ་ཡོད་པའི་དབྱུག་གཞུང་ཡུལ་ཚོའི་ཁང་པའི་ཕྱི་ནང་གི་དྲོད་ཚད་དེ་གོར་ཐིག་མན་གྱི་ཏུའུ་གྲངས་ལྔ་ཙམ་ཡིན་པ་དང་། མཁའ་དབྱིངས་སུ་ཁ་བ་ལེབ་མོ་རེ་རེ་འཕུར་སྐྱོད་བྱེད་ཀྱིན་འདུག སྐབས་དེར་སློབ་མ་རྣམས་ཀྱིས་དགེ་རྒན་ཚོའི་མཐའ་ལ་རུབ་ནས་འདུག་ཅིང་།  སྟག་འབྲུག་ཚེ་རིང་གིས་ཡང་དང་བསྐྱར་དུ་སློབ་མ་རྣམས་ལ་སྦྲ་གུར་མཁོ་ཞེས་ཐེངས་མང་ཟློ་བཞིན་འདུག

སྐབས་དེར་ཕྱི་རོལ་ནས་གློ་བུར་དུ་མི་འགས་ཁ་བརྡ་བྱེད་པའི་སྒྲ་ཐོས་བྱུང་བ་དང་། ཁོ་ཚོ་ནི་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅི་ཝང་ཧྲི་ཆིན་གྱིས་སྣེ་ཁྲིད་པའི་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་། ཡུལ་ཚོའི་མངག་གཏོང་ཁང་། དེ་མིན་ཡུལ་ཚོའི་འཕྲོད་བསྟེན་ཁང་བཅས་ཀྱི་བློ་མཐུན་སྐོར་ཞིག་སློབ་གྲྭར་ཐོན་བྱུང་བ་རེད། དགེ་སློབ་རྣམས་ཀྱི་བདེ་འཇགས་གནས་ཚུལ་གསལ་བོར་ཤེས་རྗེས་ཝང་ཧྲི་ཆིན་གྱིས་སྐད་གསེང་མཐོན་པོའི་སྒོ་ནས། རྫོང་འཕྲལ་བསྟུན་བཀོད་འདོམ་པུའུ་ཡིས་འཕྲལ་བསྟུན་གྲ་སྒྲིག་བྱ་བ་མགོ་བརྩམས་ཟིན་པ་དང་།  ང་ཚོར་བྱ་བའི་ཚན་ཆུང་བཅུ་གཅིག་ཏུ་བགོས་ནས་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་མྱུར་དུ་འགུལ་སྐྱོད་སྤེལ་ཏེ། བྱིས་པ་རྣམས་བདེ་འཇགས་ཀྱི་སར་བཀོད་སྒྲིག་བྱས་ནས་མང་ཚོགས་རྣམས་སེམས་བདེ་རུ་འཇུག་དགོས་པའི་རེ་བ་བཏོན་ཡོད། པུའུ་ཀྲང་བསོད་ནམས་ཟླ་བས་འབྲེལ་གཏུག་ཚན་ཆུང་གི་སྣེ་ཁྲིད་དེ་མྱུར་དུ་སྦྲ་གུར་ཕུབ་པའི་བྱ་བར་འགན་སྲུང་བྱེད་དགོས་པ་དང་། འཕྲོད་བསྟེན་ཁང་གི་མགོ་གཙོས་མྱུར་དུ་སྨན་པ་རྣམས་བཀོད་སྒྲིག་བྱས་ནས་བྱིས་པ་རྣམས་ཀྱི་ལུས་ཕུང་བདེ་ཐང་ཚད་འཇལ་བྱེད་དགོས། མངག་གཏོང་ཁང་གི་མགོ་གཙོ་རྡོ་རྗེ་བཀྲ་ཤིས་ཀྱིས་རུ་མི་རྣམས་ཀྱི་སྣེ་ཁྲིད་ནས་བདེ་འཇགས་ཉེན་ཟོན་བྱ་བ་ལེགས་པོར་བསྒྲུབ་དགོས་ཞེས་རེ་རེ་བཞིན་བཀོད་སྒྲིག་བྱས་བྱུང་། སྐབས་དེར་རྒུད་སྐྱོབ་སྦྲ་གུར་བཅུ་བཞི་དང་མལ་ཁྲི་ཉིས་བརྒྱ་ཙམ་མྱུར་དུ་སློབ་གྲྭར་སྐྱེལ་ནས། ཏང་འཛུགས་བྱ་བའི་ཚན་ཆུང་གི་མི་སྣ་རྣམས་ཀྱིས་རེམས་རེམས་ཟེར་ཞོར་སྦྲ་གུར་རྣམས་ཕུབ་པའི་ལས་ལ་བྲེལ་བཞིན་འདུག

ས་ཡོམ་བྱུང་ནས་སྐར་མ་བཞི་བཅུ་ཙམ་གྱི་རྗེས་སུ་སློབ་གྲྭ་དེའི་འཛིན་གྲྭ་དམའ་མོའི་བྱིས་པ་རྣམས་གཞི་ནས་དྲོད་ཁོལ་ལྡན་པའི་སྦྲ་གུར་ནང་འདུག་ཐུབ་པ་བྱུང་སོང་། སྨན་བཅོས་མི་སྣ་རྣམས་ཀྱིས་རིམ་བཞིན་སློབ་མ་རྣམས་ཀྱི་ལུས་ཀྱི་དྲོད་ཚད་སྐོར་ལ་ཞིབ་བཤེར་བྱེད་ཀྱི་འདུག  འཕྲལ་བསྟུན་སྦྲ་གུར་ཕུབ་པར་མ་ཟད་གནས་སྐབས་ཀྱི་ཟ་མ་ཟ་ས་ཡང་བཀོད་སྒྲིག་བྱས་ཟིན་པས། དགེ་རྒན་རྣམས་ཀྱིས་སྦྲ་གུར་གྱི་ནང་དུ་སློབ་མ་ཚོ་དང་མཉམ་དུ་ཁོ་ཚོར་སེམས་གསོ་བྱེད་ཀྱིན་སློབ་མ་རྣམས་ཀྱི་སེམས་ཁྲལ་སེལ་བཞིན་འདུག ས་ཡོམ་བྱུང་རྗེས་སུ་རྨ་ཆེན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་དུས་སྐབས་དང་པོའི་ནང་རྫོང་ཡོངས་ཀྱི་དགེ་སློབ་རྣམས་བདེ་འཇགས་ཀྱི་སར་བཀོད་སྒྲིག་བྱས་ཟིན་པ་དང་དགེ་རྒན་དང་སློབ་མ་གཅིག་ལའང་རྨས་སྐྱོན་བྱུང་མེད་པའི་གནས་ཚུལ་སྤེལ་འདུག

                                        ཡིག་སྒྱུར་བ། གཡང་འབུམ་རྒྱལ།