རྨ་སྟོད། ང་ཚོ་སླེབས་བྱུང་།
2021.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་གི་དུས་ཚོད་གཉིས་དང་སྐར་མ་བཞིའི་སྟེང་ཚད་རིམ་བདུན་དང་གྲངས་ཆུང་བཞིའི་ས་ཡོམ་བྱུང་བ་དང་། ས་ཡོམ་འབྱུང་སའི་གཏིང་ཚད་སྤྱི་ལེ་བཅུ་བདུན་ཡིན་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་གློ་བུར་དུ་ས་ཡོམ་དྲག་པོ་བྱུང་བ་དང་། རྨ་སྟོད་དང་འབྲེལ་ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་ཡོམ་ཚོར་དྲག་པོ་བྱུང་།

ཡུས་ཧྲུའུ་དང་མགོ་ལོག་ནི་རི་ཆུ་ཕན་ཚུན་སྦྲེལ་ཞིང་ཁྲག་རྒྱུན་གཅིག་ཏུ་འབྲེལ་ཡོད། རྨ་སྟོད་ཡོམ་ཁུལ་གྱི་སྤུན་ཟླ་ཚོར་གནོད་འཚེ་ཕོག་པ་དེ“4.14”ཡུས་ཧྲུའུ་ས་ཡོམ་དྲག་པོ་བརྒྱུད་མྱོང་བའི་ཡུས་ཧྲུའུ་མི་དམངས་ཚོར་མྱོང་ཚོར་ཟབ་མོ་ཡོད།

རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཕན་ཚུན་རོགས་རེས་བྱེད་པ། ཕྱོགས་གཅིག་ལ་དཀའ་ཁག་ཡོད་ན་ཕྱོགས་མང་པོའི་རོགས་སྐྱོར་བྱེད། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་ནས་ས་གནས་སོ་སོའི་སྡེ་ཁག་སོ་སོ་དང་། མེ་གསོད་བཀོད་འཐབ་པ་ནས་སྨན་བཅོས་མི་སྣའི་བར། ཏང་ཡོན་ལས་བྱེད་པ་ནས་མང་ཚོགས་དཀྱུས་མའི་བར། ཆེད་ལས་རོགས་སྐྱོབ་རུ་ཁག་ནས་དང་བླངས་པའི་བར་ཡོམ་འགོག་གནོད་སེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལ་བརྟེན་ནས། “ཡུས་ཧྲུའུ་ཡི་སྟོབས་ཤུགས”ཤིག་རྨ་སྟོད་དུ་གཅིག་བསྡུས་བྱས་ཏེ་ས་ཁོངས་ལས་བརྒལ་བའི་རོགས་སྐྱོབ་ཀྱི་འཐབ་འཛིང་ཆེན་པོ་ཞིག་མདོ་དབུས་མཐོ་སྒང་དུ་སྤེལ།

“4.14”ཡུས་ཧྲུའུ་ས་ཡོམ་དྲག་པོ་བྱུང་རྗེས། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་སྒོ་ནས་ཡུས་ཧྲུའུ་ལ་རོགས་སྐྱོར་བྱས་པ་དང་། ད་ལྟ་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་ས་ཡོམ་གྱི་གནོད་འཚེ་བྱུང་པས། ང་ཚོས་ངེས་པར་དུ་དྲིན་ཚོར་གྱི་བསམ་པ་དང་དྲིན་ལན་འཇལ་བའི་བྱ་སྤྱོད་ཐོག་ནས་ནུས་ཤུགས་ཡོད་རྒུས་རྨ་སྟོད་ཀྱི་ཡོམ་འགོག་གནོད་སེལ་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། དེ་ནི་ཡུས་ཧྲུའུ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོའི་ངོས་འཛིན་གཅིག་མཐུན་བྱེད་པའི་བྱ་བ་ཞིག་རེད།

“དྲིན་ཚོར”དང“ནུས་ཤུགས་ཡོད་རྒུ་འདོན་དགོས”ཞེས་པ་ནི་བཀོད་སྒྲིག་ཚོགས་འདུའི་ཐོག་གི་གནད་འགག་གི་ཐ་སྙད་ཡིན་ལ། ཡུས་ཧྲུའུ་བ་ཚང་མས་ཕྲག་སྟེང་གི་དམིགས་བསལ་འགན་འཁྲི་མྱོང་ཚོར་ཐུབ་ཡོད།

ནང་ཁུལ་དུ་གྲོང་ཁྱེར་དང་རྫོང་སོ་སོ་དང་། ལྷག་པར་དུ་རྨ་སྟོད་རྫོང་དང་བར་ཐག་ཉེ་བའི་ཆུ་དམར་ལེབ་རྫོང་དང་། ཁྲི་འདུ་རྫོང་གིས་ཆེད་དུ་སྟོབས་ཤུགས་རྩ་འཛུགས་བྱས་ནས་ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་ཞིབ་བཤེར་དང་བསྡོམས་རྩིས་བྱ་བ་སྤེལ་བ་དང་། འགྲིམ་འགྲུལ་དང་ཆུ་བེད། གློག་ཤུགས། འཕྲིན་གཏོང་། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་གིས་བདེ་འཇགས་ཀྱི་སྦས་ཤུགས་ཞིབ་བཤེར་བྱས་པ་མ་ཟད། གཙོ་གནད་ས་ཁོངས་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས།

ཕྱི་ཕྱོགས་སུ་ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཡུས་ཧྲུའུ་ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག(རླངས་འཁོར9དང་མི41ཡོད)དང་སྨན་བཅོས་རོགས་སྐྱོབ་ཡན་ལག་རུ་ཁག(རླངས་འཁོར2དང་མི་10ཡོད) དེ་མིན་གནོད་སེལ་རས་གུར་བརྒྱ་འཁྱེར་ནས་མཚན་བརྒྱབ་སྟེ་རྨ་སྟོད་རྫོང་དུ་རོགས་སྐྱོར་བྱེད་པར་སླེབས།

ཡུས་ཧྲུའུ་གྲོང་ཁྱེར་དང་རྨ་སྟོད་རྫོང་གི་ས་བབ་མུ་འབྲེལ་ཡིན་པ་དང་། ཡུས་ཧྲུའུ “4.14”ས་ཡོམ་ཁྲོད་ཡོམ་འགོག་གནོད་སེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པས། འཕྲལ་སྒྲུབ་བཀོད་འདོམས་མ་ལག་ཆ་ཚང་དང་སྒྲིག་ཆས་ལེགས་པའི་ཆེད་ལས་དཔུང་ཁག་བཙུགས་ཏེ། རྨ་སྟོད་ཀྱི་ཡོམ་འགོག་གནོད་སེལ་ལ་རྒྱབ་སྐྱོར་བྱས་པས་ཡུས་ཧྲུའུ་ལ་དམིགས་བསལ་གྱི་ཁྱད་སྟོབས་ལྡན་ཡོད།

གནོད་འཚེའི་གནས་ཚུལ་ནི་བཀའ་རྒྱ་ཡིན་ལ་དུས་ཚོད་ནི་ཚེ་སྲོག་རེད།

ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་གི་དུས་ཚོད་གཉིས་དང་སྐར་མ་བཞིའི་སྟེང་། སྤྱི་ཁྱབ་རུ་ཁག་གི་ཁ་གསབ་རོགས་སྐྱོར་བཀའ་རྒྱ་དང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་བྱས་རྗེས། ཡུས་ཧྲུའུ་ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གིས་གཏོར་བཤིག་དང་འདེགས་སྐྱོར། འཚོལ་བཤེར། ཆུ་ཚོད་དོན་གཉིས་རིང་གི་རང་བརྟེན་འགན་སྲུང་དངོས་རྫས་སོགས་ཡོ་བྱད་དང་སྒྲིག་ཆས་སྟོང་གཉིས་བརྒྱ་དང་ཞེ་བརྒྱད་འཁྱེར་ནས། ཆུ་ཚོད་བརྒྱད་ཙམ་རིང་བསྐྱོད་རྗེས་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་སུམ་ཅུའི་སྟེང་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་འབྱོར་བ་དང་། ཡོམ་ཁུལ་དུ་བསྐྱོད་པའི་མེ་གསོད་རོགས་སྐྱོབ་རུ་ཁག་ཐོག་མ་རེད།

མཉམ་དུ་འབྱོར་བའི་གྲས་སུ་ད་དུང་ཁུལ་མི་དམངས་སྨན་ཁང་གི་མྱུར་སྐྱོབ་དང་ཕྱི་བཅོས་ཚན་ཁག ནད་སྐྱོང་སོགས་ཆེད་ལས་ཀྱི་སྨན་བཅོས་མི་སྣ་བཅུ་གཉིས་ཀྱིས་གྲུབ་པའི་སྨན་བཅོས་རོགས་སྐྱོབ་རུ་ཁག་དེ་ཡོམ་ཁུལ་དུ་འབྱོར་བའི་ཁུལ་ཕྱིའི་སྨན་བཅོས་རོགས་སྐྱོབ་རུ་ཁག་དང་པོར་གྱུར།

རོགས་སྐྱོབ་ཡོ་བྱད་ཕུད་བྲེལ་འཚུབ་ངང་ཡོང་བའི་རོགས་སྐྱོབ་རུ་ཁག་གིས་ཟས་རིགས་མང་པོ་འཁྱེར་མེད་པ་དང་། ཉལ་གདན་དང་རས་གུར་སོགས་ཀྱང་འཁྱེར་མེད། རྒྱུ་མཚན་ནི་ཁོ་ཚོས་ཡུས་ཧྲུའུ་ནས་ཡོང་བའི་རྗེས་མཐུད་རོགས་སྐྱོབ་རུ་ཁག་མགྱོགས་མྱུར་ངང་ཡོང་བཞིན་ཡོད་པ་ཤེས།

ཉིན་མཚན་ཀུན་ཏུ་བསྐྱོད་དེ་ཡུས་ཧྲུའུ་ཁུལ་གྱི་ཡོམ་འགོག་དངོས་རྫས་ཁག་དང་པོ་སྟེ། སྲིང་བལ་གྱི་རས་གུར་བརྒྱ་དང་བཅུ་ཁ་བའི་ཁྲོད་འཁྱེར་ཡོང་བས་མང་ཚོགས་ལ་དྲོད་འཁོལ་སྦྱིན།

ཡུས་ཧྲུའུ་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ་ལམ་ཐག་སྤྱི་ལེ་བཞི་བརྒྱ་ལྷག་ཙམ་བསྐྱོད་རྗེས། རླངས་འཁོར་རུ་ཁག་དེ་མཚོ་འཕགས་སྟོང་བཞི་དང་བརྒྱད་བརྒྱ་ཉེར་བཞི་ཡོད་པའི་བ་ཡན་ཧ་རི་ལ་ཐོན་པ་དང་། ཁངས་ཆར་འདྲེས་མ་འབབ་བཞིན་ཡོད་པས་དྲོད་ཚད་ཇེ་དམའ་རུ་ཕྱིན་པ་དང་། གནམ་གཤིས་ཧ་ཅང་ཞན་པའི་དབང་གིས་རོགས་སྐྱོབ་རུ་མི་ཚང་མ་གནོད་ཁུལ་དུ་བསྐྱོད་པའི་མདུན་པ་སྔར་ལས་ཆེ་རུ་ཕྱིན།

ཡུས་ཧྲུའུ་ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་རྨ་སྟོད་རྫོང་རྨ་ཆུའི་ཆུ་མགོའི་ཐང་ཆེན་གྱི་བཀོད་སྒྲིག་བྱ་ཡུལ་དུ་ཐོན་པ་དང་། མྱུར་དུ་ལས་ཀ་ལས་མགོ་བརྩམས་ཏེ་སྒྲིག་ཆས་འཁྱེར་ནས་རས་གུར་ཕུབ་མགོ་བརྩམས།

ཡུས་ཧྲུའུ་ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གི་རུ་དཔོན་རིན་ཆེན་བྱམས་ཀྱིས་བཤད་རྒྱུར། “རྫོང་མཁར་དུ་འབྱོར་རྗེས་གནོད་ཁུལ་གྱི་གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་པས་ང་ཚོ་དངོས་གནས་དགའ་པོ་བྱུང་། སྤྱི་ཁྱབ་རུ་ཁག་གི་བཀོད་འདོམས་པུའུ་ཡི་བཀའ་རྒྱ་ལྟར། ང་ཚོས་མགྱོགས་མྱུར་ངང་ཡན་ལག་རུ་ཁག་ཆུང་ངུ་ཞིག་བཙུགས་ནས་བསྡོམས་པས་རླངས་འཁོར་གཉིས་དང་མི་བཅུ་གཅིག་རྨ་སྟོད་རྫོང་མ་ཕྲ་ལི་གྲོང་རྡལ་འབྲོང་ལུང་སྡེ་བར་བསྐྱོད་དེ། སྡེ་མི་ཤི་རྨས་དང་སྡོད་ཁང་ལ་གནོད་འཚེ་ཕོག་པ་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱས་པ་ཡིན”ཟེར།

ལྷག་མའི་མི་སྣ་ཡང་ཁོམ་ནས་བསྡད་མེད་ཅིང་། རྒྱབ་ཕྱོགས་ཞབས་ཞུ་འགན་སྲུང་ཚན་ཆུང་གིས“རང་འགུལ་གྱིས་འགན་སྲུང་དང་སྔོན་ལ་འགན་སྲུང་། ཚན་རིག་གི་འགན་སྲུང”བཅས་ཀྱི་བླང་བྱ་ལྟར། ས་ཁོངས་ལས་བརྒལ་བའི་དམག་སའི་ཞབས་ཞུ་འགན་སྲུང་གི་ཇུས་གཞི་ལྟར། འགན་སྲུང་མི་སྣ་ཡོངས་ཀྱིས་འགལ་རྐྱེན་སྣ་ཚོགས་ཁྱད་དུ་བསད་དེ། གཞོགས་འདེགས་དམ་ཟབ་བྱས་ནས་རོགས་སྐྱོབ་དཔོན་དམག་ལ་བཟའ་བཏུང་དང་ཞག་སྡོད། འཕྲོད་བསྟེན། འབྲེལ་ཡོད་འཚོ་བའི་དངོས་རྫས་བཅས་འདོན་སྤྲོད་བྱས། ཡན་ལག་རུ་ཁག་གིས་འཕྲིན་སྐྱེལ་འགན་སྲུང་ཡུལ་དངོས་བཀོད་འདོམས་པུའུ་དང་ས་ཡོམ་རོགས་སྐྱོབ་ཡན་ལག་རུ་ཁག་གི་རིམ་གསུམ་འཕྲིན་གཏོང་བཀོད་འདོམས་མ་ལག་མགྱོགས་མྱུར་སྒོས་བཙུགས་པ་བརྒྱུད། སྲུང་སྐར་ཁ་པར་དང4Gདམག་རྐྱང་པར་རིས་བརྒྱུད་གཏོང་སྒྲིག་ཆས། མི་མེད་གནམ་གྲུ་བཅས་སྤྱད་དེ་ཁྱོན་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་མྱུལ་ཞིབ་བྱས་ཏེ། དྲ་སྦྲེལ་དང་སྲུང་སྐར་དྲ་བ། བཀོད་འདོམས་དྲ་བ་བཅས་ཀྱི“དྲ་གསུམ་འབྲེལ་མཐུད”མངོན་འགྱུར་བྱུང་ནས། གནོད་ཐེབས་ས་ཁུལ་དུ་འཕྲལ་སྡོམ་འཕྲིན་གཏོང“དྲ་བ་བཙུགས་ནས་མི་དང་མཉམ་དུ་སྐྱོད་པ་དང་བར་མཚམས་མི་ཆད་པ། སྦྲེལ་མཐུད་ཐུབ་པ། མིག་ལམ་དུ་མཐོང་རྒྱུ་ཡོད་པ། གསལ་པོ་ཉན་ཐུབ་པ། བརྒྱུད་སྤེལ་ཐུབ་པ། དབྱེ་ཞིབ་ཐུབ་པ”བཅས་ཁག་ཐེག་བྱས།

རས་གུར་ཕུབ་པའི་བྱ་བ་མྱུར་དུ་ལེགས་འགྲུབ་བྱུང་། མེ་གསོད་བཀོད་འཐབ་པ་ཚང་མའི་མིག་དམར་པོར་གྱུར་ཡོད་པ་དང་ངོ་གདོང་ལ་ངལ་དུབ་ཀྱིས་ཁེངས་ཡོད་མོད། འོན་ཀྱང་ཁོ་ཚོས་ངལ་གསོ་ཅུང་ཙམ་ཡང་མ་བྱས་པར་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་མེ་གསོད་ཞིབ་བཤེར་དང་མེ་གསོད་བདེ་འཇགས་དྲིལ་བསྒྲགས་ཀྱི་གསོ་སྦྱོང་བྱས་པ་དང་གནོད་འཚེ་ཕོག་པའི་སྡེ་མིར་རས་གུར་ཕུབ་རོགས་བྱས།

“མཚན་བརྒྱབ་ནས་ཡོང་བ་དང་ལས་ཀ་ཡང་ལས་དགོས་པས། དཀའ་ལས་མྱོང་འདུག་གམ།” “4.14ཡུས་ཧྲུའུ་ས་ཡོམ་བྱུང་སྐབས་ཁོང་ཚོ་སླེབས་བྱུང་། ད་ལྟ་ང་ཚོ་ཡོང་བས་དཀའ་ལས་དེ་ཙམ་ཅི་ཡང་མ་རེད།”

ལྷག་པར་དུ2010ལོར་ཡུས་ཧྲུའུ་ལ་བྱུང་བའི་ས་ཡོམ་དེས་གནམ་ས་གཡོ་བར་བྱས་པ་དང་རི་ཀླུང་གི་ཁ་དོག་ཀྱང་འགྱུར་ཡོད། རྒྱལ་ཁབ་ཀྱིས་བཀོད་གཏོང་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་བྱེད་པ་དང་། ལས་རིགས་སོ་སོས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཡུས་ཧྲུའུ་བའི་ཁྱིམ་གཞིས་བསྐྱར་སྐྲུན་ལ་རོགས་རམ་བྱས། ལོ་བཅུ་གཅིག་འགོར་རྗེས། ཡུས་ཧྲུའུ་ཡིས་ཞིག་རོའི་ཐོག་བསྐྱར་སྐྲུན་བྱས་པ་དང་། ཡུས་ཧྲུའུ་ཡི་མི་རྣམས་སྡུག་བསྔལ་གྱི་ཁྲོད་དུ་ཡར་ལངས། ཁོ་ཚོས་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བ་དང་ལེན་བྱས་པ་དང་། རྨ་སྟོད་མི་དམངས་ལ་ཁོ་ཚོ་མཁོ་བའི་སྐབས་སུ། ཁོ་ཚོས་ཡང་ལྡོག་མེད་ཀྱི་འགན་འཁྲི་བཅངས་ནས་བརྩེ་སེམས་བརྒྱུད་སྤྲོད་བྱས་པ་རེད། དེ་ནི་སྟབས་བདེའི་དྲིན་ལན་འཇལ་བའི་རྣམ་པ་ཞིག་མ་ཡིན་ལ། དེ་ནི་ཡང་དག་པའི་བགྲོད་ལམ་ཞིག་ཡིན་པ་དང་། དེ་ནི་བརྩེ་སེམས་ཆེན་པོ་ཞིག་ཡིན།

དྲིན་ཚོར་གྱི་བསམ་པ་བཅངས་ནས་བརྩེ་བ་ཟབ་མོ་བརྒྱུད་སྤྲོད་བྱེད་པ་དང་། ཐོག་མའི་དུས་ཚོད་ནང་ཡོམ་འགོག་གནོད་སེལ་གྱི་མི་ཡུལ་གྱི་བརྩེ་སེམས་ཆེན་པོ་གཅིག་ཏུ་སྒྲིལ་ནས། གནོད་ཐེབས་ས་ཁུལ་དུ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་གསལ་བཤད་གང་ལེགས་བྱས་པ་དང་། གནོད་ཐེབས་ཡུལ་དངོས་ཀྱི་ག་ས་གང་དུ་ཀྲུང་གོའི་མྱུར་ཚད་དང་ཀྲུང་གོའི་སྟོབས་ཤུགས། ཀྲུང་གོའི་སྙིང་སྟོབས་བཅས་མངོན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།