ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་གི་དུས་ཚོད་གཉིས་དང་སྐར་མ་བཞིའི་སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ས་ཡོམ་དྲག་པོ་བྱུང་བ་དང་། རྨ་སྟོད་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ནང་གཉིད་ལས་དཀྲོགས་པའི་སློབ་མ་རྣམས་མུན་ནག་གི་ཁྲོད་ནས་ག་བྱེད་འདི་བྱེད་མེད་པར་གྱུར།
ས་ཡོམ་བྱུང་སོང་། བྱིས་པ་ཚོ། མྱུར་མོར་ཡར་ལོངས། ཚང་མ་ལུས་རྩལ་ར་བའི་ནང་དུ་སོང་ཞེས་ས་འགུལ་བྱུང་རྗེས་ཀྱི་སྐར་མ་གཉིས་ཀྱི་རྗེས་སུ། ལས་རེས་དགེ་རྒན་སློབ་མའི་མལ་ཁང་དུ་རྒྱུགས་ཡོང་ནས་ཁང་བ་རེ་རེའི་ནང་གཉིད་དུ་ཡུར་བའི་སློབ་མ་རྣམས་གཉིད་ལས་བསླངས།
སྐབས་དེར། སློབ་གྲྭའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཅའོ་ཧྭ་ཡང་ས་ཡོམ་གྱིས་གཉིད་ལས་དཀྲོགས་པ་དང་། ལག་འཁྱེར་ཁ་པར་གྱི་ཁ་ཕྱེས་པ་ན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ7.4ས་ཡོམ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་བདུན་ཡོད་པའི་གནས་ཚུལ་དེ་མཐོང་། སློབ་གྲྭའི་ནང་གཉིད་དུ་ཡུར་བའི་སློབ་མ་རྣམས་དྲན་པ་ན་མང་པོ་བསམ་ཁོམ་མེད་པ་དང་། ཐ་ན་ལྭ་བ་མཐུག་པོ་ཞིག་ཀྱང་གྱོན་ཁོམ་མ་བྱུང་བར་ཁ་པར་བཟུང་ནས་སློབ་གྲྭའི་ཕྱོགས་སུ་བརྒྱུག
སློབ་གྲྭར་ཐོན་དུས་སློབ་མ་རྣམས་ལུས་རྩལ་ར་བའི་ནང་ཡོད་པ་མཐོང་དུས་ཀྲུའུ་རིན་ཅའོ་ཧྭ་ཡི་སེམས་ཁུར་དེ་རེ་ཞིག་ཞི་བར་བྱས།
ཅའོ་ཧྭ་ཡིས་མྱུར་མོར་ཟི་ལིང་དུ་ཡོད་པའི་ཕ་མ་དང་བྱིས་པར་ཁ་པར་བཏང་། ཨ་ཕ་ལགས། ང་རང་རྨ་སྟོད་རྫོང་དུ་ཡོད་ལ།ཚང་མ་བདེ་ལེགས་ཡིན་པས།སེམས་ཁུར་བྱེད་མི་དགོས་ཞེས་བཤད་རྗེས། ཨ་ཕས་ཕྱིར་ལན་ལ་ཉན་ཁོམ་ཡང་མ་བྱུང་བར་མྱུར་མོར་སློབ་གྲྭའི་ལུས་རྩལ་ར་བར་སོང་ནས་དགེ་རྒན་དྲུག་ཅུ་ལྷག་དང་མཉམ་དུ་སློབ་མའི་གྲངས་ཀ་རྩིས་ལེན་བྱས།
“ལོ་རིམ་བཞི་བའི་འཛིན་གྲྭ་དང་པོའི་སློབ་མ་རྣམས་འདིར་ཤོག གཅིག གཉིས། གསུམ། བཞི...... ”
“ལོ་རིམ་གཉིས་པའི་འཛིན་གྲྭ་དང་པོའི་ནང་སློབ་མ་གཉིས་ཀྱིས་ཉུང་འདུག ”
“རྩིས་གསལ་བོ་བླངས་ཡོད་དམ། ”
“རྩིས་ཐེངས་གསུམ་ལ་བླངས་པ་དང་། སློབ་མ་གཉིས་མེད་པ་གཏན་འཁེལ་བྱས།
བྱིས་པ་གཅིག་ཀྱང་ཤུལ་དུ་ལུས་མི་རུང་། མྱུར་མོར་བཙལ་དགོས། ”
སློབ་ཆུང་སྡེ་ཁག་གི་སློབ་སྟོན་ཀྲུའུ་རིན་གུ་རུ་རྒྱལ་ཐེ་ཚོམ་མི་སྐྱེས་པར་ལོ་རིམ་གཉིས་པའི་མལ་ཁང་གི་ཕྱོགས་སུ་རྒྱུགས་པ་དང་། ཁོས་མལ་ཁང་དུ་སློབ་མ་གཉིས་པོ་ད་དུང་གཉིད་དུ་ཡུར་ཡོད་པ་མཐོང་བ་ན་བྱིས་པ་གཉིས་གཉིད་ལས་བསླངས་ཏེ་མྱུར་མོར་ལུས་རྩལ་ར་བའི་ཕྱོགས་སུ་ཁྲིད།
སྐབས་དེར། མཁའ་དབྱིངས་སུ་ཁ་བ་ལྷབ་ལྷུབ་དུ་འབབ་བཞིན་ཡོད་པ་དང་། དྲོད་གྲང་གོར་ཐིག་མན་ལ་སླེབས་ཡོད། གུ་རུ་རྒྱལ་ཕྱིར་ལུས་རྩལ་ར་བར་ཐོན་དུས་དཔྲལ་བ་ན་རྔུལ་ཆུ་འཛར་བཞིན་འདུག འདི་ནི་ཚ་བས་རྔུལ་ཆུ་བཞུར་དུ་བཅུག་པ་མ་ཡིན་པར་ཡང་བསྐྱར་ས་ཡོམ་བྱུང་ནས་བྱིས་པ་གཉིས་ལ་དོན་རྐྱེན་འབྱུང་བར་སེམས་ཁུར་བྱས་པའི་སྟབས་རེད།
གུ་རུ་རྒྱལ་ལ་དཔྲལ་བའི་རྔུལ་ཆུ་འབྱིད་ཁོམ་ཡང་མ་བྱུང་བར་ཕྱོགས་གཅིག་ནས་དགེ་རྒན་རྣམས་ཀྱིས་ཡང་བསྐྱར་སློབ་མའི་ཁ་གྲངས་རྩིས་ལེན་བྱེད་དུ་བཅུག་པ་དང་། ཕྱོགས་གཞན་ཞིག་ནས་ཡང་བསྐྱར་སློབ་མའི་མལ་ཁང་དུ་རྒྱུགས་ནས་སློབ་མ་མལ་ཁང་ནང་ལུས་ཡོད་མེད་ལ་རྟག་དཔྱད་བྱས།
སློབ་མ་རྣམས་མལ་ཁང་ནས་སྒོ་ཕྱིར་འབུད་སྐབས་ལྭ་བ་དང་ལྷམ་གྱོན་ཁོམ་ཡང་མ་བྱུང་བས་ཁངས་རླུང་གི་ཁྲོད་ན་འདར་སིག་སིག་བྱེད་བཞིན་འདུག དགེ་རྒན་མཱ་ཞའོ་ཧྭ་ཡིས་རྣམ་པ་དེ་མཐོང་དུ་རང་ཉིད་ཀྱི་རྐང་མགོའི་རྐང་འབོབ་ཕུད་དེ་སློབ་མར་བསྐོན་པ་དང་། རང་ཉིད་ལུས་རྩལ་བའི་ནང་རྐང་རྗེན་དུ་ལངས་འདུག
དགེ་རྒན་མཱ་ཞའོ་ཧྭ་ལྟ་བུ་ད་དུང་ཇ་མ་གཡང་དཀར་ལྷ་མོ་ཡང་ཡོད་པ་རེད། ཁོ་མོའི་ཕ་ཡུལ་ཡུས་ཧྲུའུ་ནས་ཡིན་པ་དང་། ཡུས་ཧྲུའུ་རུ་ས་ཡོམ་བྱུང་སྐབས་དོན་དག་དེ་དངོས་སུ་བརྒྱུད་མྱོང་བས། ཁོ་མོས་སློབ་མ་རྣམས་ཁངས་རླུང་ཁྲོད་གྲང་ན་ཆམ་པ་ཕོག་པ་ཤེས་ཡོད།
གཡང་དཀར་ལྷ་མོས་ཡུས་ཧྲུའུ་ས་ཡོམ་ཁྲོད་བསགས་པའི་ཉམས་མྱོང་གཞིར་བཟུང་ནས་ཉེན་ཁར་མ་འཛེམ་པར་སློབ་མའི་མལ་ཁང་དུ་རྒྱུགས་ནས་ཉལ་ཐུལ་དང་། བལ་ཕྱར་སོགས་གྲང་འགོག་དངོས་རྫས་ཕྱིར་ཁྱེར་ཡོང་། གཡང་དཀར་ལྷ་མོའི་སྣེ་ཁྲིད་ཀྱི་འོག་ཏུ། ལས་བཟོ་བ་འགས་ཀྱང་ཉེན་ཁར་མ་འཛེམ་པར་གཅིག་དང་གཉིས་གསུམ་བྱས་ནས་སློབ་གྲྭའི་མཛོད་ཁང་དུ་སོང་ནས་སློབ་མར་ལྷམ་དང་། གྱོན་ཆས་སོགས་ཁྱེར་ཡོང་ནས་ཁངས་རླུང་ཁྲོད་ཀྱི་སློབ་མ་རྣམས་ལ་བྱིན།
དེ་དང་ཆབས་ཅིག་ཏུ། རྨ་སྟོད་རྫོང་ཏང་ཨུ་དང་སྲིད་གཞུང་གི་ཕྱོགས་མང་པོའི་སྟོབས་ཤུགས་རྣམས་སློབ་གྲྭའི་ནང་མྱུར་མོར་ཐོན་པ་དང་། ཁོ་ཚོས་ཁངས་ཆར་ལ་མ་འཛེམ་པར་བྱིས་པ་དང་དགེ་རྒན་རྣམས་ལ་སྦྲ་གུར་ཕུབ། དུས་ཚོད་གཉིས་ཀྱི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། སྦྲ་གུར་བཞི་བཅུ་ཞེ་དྲུག་ཚང་མ་ཕུབ་ཚར།
སྦྲ་གུར་ནང་འཛུལ་བ་ན། སྦྲ་གུར་ནང་གི་དྲོད་ཁོལ་གྱིས་སྔངས་འདར་བྱེད་བཞིན་པའི་སློབ་མ་རྣམས་ཀྱི་སེམས་ཁམས་བདེ་ལ་འབབ་ཐུབ་པ་བྱུང་།
“དགེ་རྒན། ང་ཡུལ་ལ་འགྲོ་འདོད། དགེ་རྒན། ང་སྐྲག་གི དགེ་རྒན། ངས་ཨ་ཕ་ཨ་མར་ཁ་པར་གཏོང་འདོད།......སློབ་མའི་མིག་མཐའ་རུ་མཆི་མ་འཁོར་འདུག ”
“སྐྲག་མི་དགོས། དགེ་རྒན་འདིར་བསྡད་ཡོད། དགེ་རྒན་གྱིས་ཀྱང་རང་གི་ཡུལ་དྲན་པ་དང་ཨ་ཕ་ཨ་མ་དྲན་བཞིན་ཡོད། ”
སློབ་མ་རྣམས་ངལ་གསོ་བྱས་ཡོད་པའི་སྦྲ་གུར་རེ་རེའི་ནང་དུ། དགེ་རྒན་རེ་རེར་བཀོད་སྒྲིག་བྱས་ཡོད་པ་དང་། དགེ་རྒན་གྱིས་སློབ་མ་རྣམས་ལ་སེམས་ཁམས་ཐད་ནས་སློབ་སྟོན་བྱས།
ཅའོ་ཧྭ་ཡིས་སྦྲ་གུར་གྱི་ནང་དུ་སློབ་མ་རྣམས་དང་ཁ་བརྡ་བྱས་ནས་ཅུང་མ་འགོར་བར་གྲོགས་པོར་གྱུར།
“ས་ཡོམ་བྱུང་སྐབས། ཁྱེད་ཚོ་སྐྲག་བྱུང་ངམ། ”
“དགེ་རྒན། སྐྲག་མ་བྱུང་། སྐབས་དེར་མལ་ཁྲི་འགུལ་སྐབས། ངས་ད་དུང་མལ་ཁྲི་འོག་མའི་སྟེང་གི་སློབ་གྲོགས་ཀྱིས་རྩེད་མོའི་ཚུལ་དུ་བསམ་གཟས་ནས་མལ་ཁྲི་སྒུལ་བཞིན་པར་འདོད། ལས་རེས་དགེ་རྒན་གྱིས་སྐད་བརྒྱབ་པ་ན་ངས་ད་གཟོད་ས་ཡོམ་བྱུང་བ་རྟོགས། ང་ཚོས་ནམ་རྒྱུན་ས་ཡོམ་སྦྱོང་བརྡར་བྱེད་སྐབས་ཀྱི་གོ་རིམ་ལྟར་དུ། མལ་ཁྲི་གོང་མ་ནས་མར་བབས་པ་དང་། དེ་ནས་ལུས་རྩལ་ར་བའི་ཕྱོགས་སུ་རྒྱུགས་པ་ཡིན”
དགེ་རྒན་གྱིས་སེམས་གསོ་དང་འདུག་གྲོགས་བྱས་པས། སློབ་མའི་སེམས་ཁམས་རིམ་བཞིན་བདེ་ལ་འབབ་ཐུབ་པ་བྱུང་བ་དང་། དཀའ་གསལ་ཀྱི་ཟླ་འོད་ལུས་རྩལ་ར་བའི་འཕྲོས་འདུག སྦྲ་གུར་གྱི་ནང་དུ་དགེ་རྒན་དང་སློབ་གྲོགས་རྣམས་ཀྱིས་གླེང་མོལ་བྱས་པ་ལས་དགའ་སྤྲོའི་དགོད་སྒྲ་བར་མེད་དུ་གྲགས་འོངས།
ཞོགས་པའི་སྐྱ་རེངས་ཀྱིས་མུན་པ་བཅོམ་བྱུང་། ནམ་ལངས་པ་དང་བསྟུན་ནས་ཅའོ་ཧྭ་ཡིས་སྦྲ་གུར་གྱི་ནང་དུ་སློབ་མའི་ཁྱིམ་བདག་རྣམས་ལ་ཁ་པར་གཏོང་བ་དང་སྐད་འཕྲིན་གྱི་ལམ་ནས་བདེ་འཇགས་ཡིན་པའི་གནས་ཚུལ་བཤད། སློབ་མ་རྣམས་ནམ་རྒྱུན་དང་འདྲ་བར་ལུས་རྩལ་ར་བའི་ནང་དུ་ཐག་རྡང་རྩེ་བ་དང་། རྩེད་མོར་གཡེང་བ། རྒྱུགས་རྩལ་འགྲན་བཞིན་འདུག ཁོ་ཚོས་ཚུགས་ཀར་ལྟོས་ན་མདང་ནུབ་ས་ཡོམ་བྱུང་ནས་ས་གཞི་ཡོངས་རྫོགས་གཡོ་འཁྱོམ་བྱུང་བའི་རྣམ་པ་དེ་བརྗེད་འདུག་པ་འདྲ།
ཅའོ་ཧྭ་དང་དགེ་རྒན་གཞན་པ་རྣམས་ཀྱིས་མུ་མཐུད་དུ་སྦྲ་གུར་ཕུབ་པ་དང་། གློག་ལམ་འདིང་བ། གནས་སྐབས་ཀྱི་གཞུང་སྒྲུབ་ས་ཚིགས་སོགས་ལས་བཞིན་ཡོད་པ་དང་། བྲེལ་འཚུབ་ཀྱི་རྒྱབ་གཟུགས་དེ་སྦྲ་གུར་སྔོན་པོའི་བར་མཚམས་ན་རྒྱུ་བཞིན་འདུག
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།