ཉེ་ལམ། 2021ལོའི《ཀྲུང་གོའི་བོད་ལྗོངས》དུས་དེབ་གཉིས་པའི་སྟེང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཁ་ཡིག《ཟུང་འབྲེལ་ལྔར་མཐོང་ཆེན་བྱས་ཏེ། མཚོ་སྔོན་གྱི་བོད་འབྲེལ་ལས་དོན་ཡག་པོ་བསྒྲུབ་དགོས》ཞེས་པའི་རྩོམ་ཡིག་གལ་ཆེན་ཞིག་བཀོད་ཡོད་པས། དེའི་ནང་དོན་ཆ་ཚང་གཤམ་གསལ་ལྟར།
2020ལོ་ནི་བོད་འབྲེལ་ལས་དོན་ཐད་ཆེས་གལ་ཆེ་ཞིང་དོན་སྙིང་གཏིང་ཟབ་ལ་ཕུགས་རིང་བོའི་ལོ་ཞིག་ཡིན། ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དཔའ་ངར་ཆེན་པོས་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གདོང་མཆོང་ལ་ཁ་གཏད་ནས། དཀའ་ངལ་ཁྱད་བསད་དང་ཕྱར་བ་གྲུ་འདེགས་བྱས་ཏེ། རིགས་པའི་གཞུང་ལུགས་དང་སྲིད་ཇུས་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་ཤུགས་སྣོན་བྱེད་པ་དང་། བོད་འབྲེལ་ཁྱབ་ཁོངས་ཀྱི་གཏིང་ཟབ་པའི་འགལ་བ་དང་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་བ། ཉེན་ཁ་ཆེན་པོ་འགོག་ཟོན་དང་ཞི་བར་གཏང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་རྒྱལ་ཁའི་ངང་འཚོགས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་གསལ་བོར་བཏོན་ནས། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཁུལ་དང་རྫོང་བཅས་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་དུས་རབས་ཀྱི་འཆར་གཞི་བཀོད་ནས། བོད་འབྲེལ་ལས་དོན་སྐས་རིམ་གསར་པ་ཞིག་དང་དུས་རབས་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།
ས་གནས་ཀྱི་འབྲོག་པ་མང་ཚོགས་ཀྱི་འཚོ་བ་དང་ཡོང་འབབ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།
མཚོ་སྔོན་ནི་གནའ་སྔ་མོ་ནས་བཟུང་རྒྱལ་ཁབ་ཀྱིས་བོད་བརྟན་བརླིང་དང་མཐའ་མཚམས་བརྟན་བརླིང་ཡོང་བ། ནུབ་བྱང་གི་འཐབ་ཇུས་ཐོག་གི་གནད་ཆེ་ས་ཞིག་ཡིན། ད་ལྟའི་མཚོ་སྔོན་ནི་བོད་ལྗོངས་ཕུད་པའི་བོད་རིགས་འདུས་སྡོད་ཁུལ་ཆེ་ཤོས་ཤིག་ཡིན་ལ། རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུའི་ཁྲོད་ཀྱི་དྲུག་ནི་མཚོ་སྔོན་དུ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི97%ཟིན་ཡོད། བོད་འབྲེལ་ལས་དོན་ནི་མཚོ་སྔོན་ཞིང་ཆེན་གྱི་ལས་དོན་གཙོ་བོ་རེད། 2020ལོར། མཚོ་སྔོན་ཞིང་ཆེན་གྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ནས། “བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ”འཚོགས་པར་གྲ་སྒྲིག་དང་། དེ་མིན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་གཞོགས་འདེགས་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་། བོད་འབྲེལ་ལས་དོན་ལ་བྱས་རྗེས་ཡོད་པ་དང་ཕན་འབྲས་དངོས་ཐོན་རྒྱུའི་ཐད་མངོན་གསལ་དོད་པའི་ལྷང་ངེ་ས་ཕྱོགས་གསུམ་ནས་མཚོན་པ་སྟེ། གཅིག་ནི་ཏན་ཏིག་སྒོས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། གཞི་རིམ་གྱི་གནས་ཚུལ་དངོས་མཚོན་པ། ཀྲུང་དབྱང་གི་རྒྱབ་སྐྱོར་ཐོབ་རྒྱུར་བརྩོན་ལེན་བྱེད་པ། མཚོ་སྔོན་གྱི་བོད་འབྲེལ་ལས་དོན་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་སྔར་ལས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། “བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ”འཚོག་རྒྱུར་བསུ་བ་ཞུ་ཆེད་མཚོ་སྔོན་གྱི་འགན་འཁྲི་འཁུར། གཉིས་ནི་བློ་མཐུན་ཝང་དབྱང་དང་བློ་མཐུན་ཡིའུ་ཆོན་གཉིས་མཚོ་སྔོན་དུ་གཟིགས་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་པ་དང་། ཞིང་ཆེན་ཏང་ཨུས་སྣེ་ཁྲིད་དཔེ་སྟོན་དང་རིམ་པ་སོ་སོའི་ལས་རིགས་ཁག་གིས་དྲིལ་བསྒྲགས་དང་། ཚོགས་འདུའི་བཀོད་སྒྲིག གསོ་སྦྱོང་སྒྲོག་འགྲེལ་བཅས“བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས“1+4”(ལག་བསྟར་བསམ་འཆར་དང་མི་རིགས། ཆོས་ལུགས། སྐྱེ་ཁམས། འཕེལ་རྒྱས)སྲིད་ཇུས་བཅས་ཟུང་དུ་འབྲེལ་བའི་སྒྲོམ་གཞི་བརྒྱུད་རིམ་ལྡན་པའི་ངང་བཟོས་པ་དང་། ལས་འགན་ཁག་ཞིབ་ཕྲ་དང་ཁག་བགོས་བྱས་ནས“བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་ཆེད་མཚོ་སྔོན་གྱི་ཇུས་གཞི་བཟོས་པ་རེད། གསུམ་ནི་བོད་འབྲེལ་ཁུལ་དང་རྫོང་གིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གཙོ་གནད་ལས་དོན་ལ་དམ་འཛིན་བྱས་ཏེ། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་ལས་དོན་ལ་ཕན་འབྲས་ཐོན་པར་བྱེད་པ་དང་། ཆབ་སྲིད་བརྟན་པོ་དང་སྤྱི་ཚོགས་བདེ་འཇགས། དམངས་སེམས་བདེ་འགོད། གནས་བབ་བཟང་པོ་བཅས་ཡོང་བ་བྱས་ནས་རྒྱུན་མཐུད་བརྟན་བརླིང་དང་དབུལ་སྒྲོལ་མཁྲེགས་གཏོར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་བཅས་ཀྱི་ཚོད་བགམ་ཆེན་པོའི་ཁྲོད་མཚོ་སྔོན་གྱི་ནུས་པ་མངོན་ཡོད།
གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཡུས་ཧྲུའུ་འབའ་ཐང་རྩྭ་ཐང་དུ་སྤེལ་བ།
2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་ཡིན་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པའི་ལོ་ཞིག་ཡིན་པ་མ་ཟད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཞིག་ཀྱང་ཡིན་ལ། མཚོ་སྔོན་ཡུས་ཧྲུའུ་སོགས་ཀྱིས་ཀྱང་སྲིད་དབང་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡང་ཡིན། ལོ་ངོ་བདུན་ཅུའི་སྔོན་ལ། བློ་མཐུན་ཞི་ཀྲུང་ཞུན་གྱིས་མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་ཟི་ལིང་དུ་ཕེབས་པ་དང་། ལས་བྱེད་པ་དང་དམག་དཔུང་ལ་སྐུལ་སློང་བྱས་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་བོད་ལྗོངས་སུ་ཕེབས་སྐྱེལ་བྱས་ཏེ། རང་རེའི་ཏང་གི་མཐའ་སྐྱོང་བོད་བརྟན་གྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས། 2021ལོའི་བོད་འབྲེལ་ལས་དོན་ཡག་པོར་སྒྲུབ་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། “བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་བླངས་ནས། “ཟུང་འབྲེལ་ལྔ”དང“བསམ་བློར་དོ་དམ་ཞིབ་ཚགས་བྱེད་པའི”ལས་དོན་ཡག་པོ་སྒྲུབ་པ་དང་། ལས་དོན་ཞིབ་ཚགས་ངང་སྒྲུབ་པ། གནད་དོན་གཏིང་ཟབ་པའི་སྒོ་ནས་ཐག་གཅོད་བྱེད་པའི་ཐད་མུ་མཐུད་ཤུགས་བསྣན་ནས། མཚོ་སྔོན་གྱི་བོད་འབྲེལ་ཁུལ་དང་རྫོང་བཅས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་ཡོད།
ཧའེ་ཧོང་ཟམ་ཆེན་གྱིས་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་འབྲེལ་མཐུད་བྱས་པ།
དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་བྱེད་རྒྱུ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱེད་རྒྱུ་ཟུང་འབྲེལ་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི”སྟེང“ངེས་པར་དུ་སྒྲུབ་དགོས་པ་བཅུའི”དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་བཏོན་པ་དེ་ནི་ང་ཚོའི་ཏང་གིས་བོད་སྐྱོང་བོད་དར་བོད་བརྟན་གསུམ་གྱི་ལེགས་འགྲུབ་ཉམས་མྱོང་ཕྱོགས་སྡོམ་གདམ་གསེས་དང་གསར་སྐྲུན་འཕེལ་རྒྱས་བྱས་པ་ཞིག་ཡིན་ལ། དུས་རབས་གསར་པའི་བོད་ལྗོངས་ལས་དོན་ཡག་པོ་སྒྲུབ་པའི“རྩ་གནད”དང“བླ་སྲོག”ཅིག་ཡིན་ཞིང་། བོད་འབྲེལ་ལས་དོན་གྱི་གཙོ་གནད་ཞིང་ཆེན་གྱིས་བོད་འབྲེལ་ལས་དོན་ཡག་པོ་སྒྲུབ་པའི་དུས་རབས་ཀྱི་ཁ་ཕྱོགས་དང་རྩ་བའི་གཞི་འཛིན་ས་ཞིག་ཀྱང་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བརྡར་གཅོད་གལ་ཆེན་དང་བཀོད་སྒྲིག་རབ་དང་རིམ་པ་བྱས་ལ། དེ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་འགོ་འཛུགས་པའི་རྩ་བའི་བསྲུང་བྱ་ཞིག་ཡིན་པ་དང་། དུས་རབས་གསར་པའི་བོད་འབྲེལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རྩ་བའི་བསྲུང་བྱ་ཞིག་ཀྱང་ཡིན། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ། “ངེས་པར་དུ་སྒྲུབ་དགོས་པ་བཅུ”དེ་མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་། རྫོང་བཅས་དང་འབྲེལ་བ་ཡོད་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་བྱ་བ་སོ་སོའི་ཁྲོད་ཁྱབ་པར་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་གཏན་འབེབས་བྱས་པའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དང2035ལོའི་རྒྱང་རིང་དམིགས་འབེན་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ། རྫོང་བཅས་དང་འབྲེལ་བ་ཡོད་པའི་འཕེལ་རྒྱས་ཀྱི་ གནས་ཁེལ་ཇུས་འགོད་བྱས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུའི་སྟེང་བོད་འབྲེལ་ལས་དོན་གྱི་མངོན་འགྱུར་ལམ་བུ་ཇུས་འགོད་བྱས་ནས། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་བོད་འབྲེལ་ལས་དོན་གྱི་ཆབ་སྲིད་རྨང་གཞི་དང་། ལམ་ལུགས་འགན་སྲུང་། རྩ་དོན་གལ་ཆེན། སྲིད་ཇུས་ཀྱི་ཁ་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཡོད། རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་དང་ཡུན་རིང་རྒྱུན་འཁྱོངས། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་འཕེལ་རྒྱས་དང་བརྟན་བརླིང་གི་འབྲེལ་བར་ངོས་འཛིན་ཡང་དག་དང་། རྩོད་སྒྲུབ་ཀྱི་ལྟ་སྟངས་ལྟར“གཅིག”དང“མང་པོ།” “གཅིག་མཚུངས”དང“ཐ་དད”བཅས་ཀྱི་འབྲེལ་བ། ཐུན་མོང་དང་ཁྱད་པར་རང་བཞིན་གྱི་འབྲེལ་བ་བཅས་ཡང་དག་ངོས་འཛིན་དང་རྩོད་སྒྲུབ་ཀྱི་ལྟ་སྟངས་བཟུང་ནས། མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་མཉམ་དུ་དེང་རབས་ཅན་མངོན་འགྱུར་བྱེད་པར་གཞུང་ལུགས་འདེགས་སྐྱོར་འདོན་སྤྲོད་བྱས། བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ནས། བོད་འབྲེལ་ལས་དོན་གྱི་ནང་གནས་ཆོས་ཉིད་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“དཔལ་འབྱོར་འཕེལ་རྒྱས་གཏོང་བ་དེས་རང་ཤུགས་སུ་ཡུན་རིང་བདེ་འགོད་ཡོང་མི་ཐུབ”ཅེས་པའི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། བློ་མཐུན་ཝང་དབྱང་གིས་གསལ་བཤད་གནང་བའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དང་དངོས་པོའི་རྨང་གཞིའི་བར་གྱི་འབྲེལ་བའི་གནད་དོན་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ནས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བརྟན་པོ་འཛུགས་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད་འཐེན་པ་དང་ལག་བསྟར་བྱེད་པའི་ཁྲོད་ཐོག་མཐའ་བར་གསུམ་དུ“གསུམ་གྱིས་གཅིག་ལ་ཕན་པ་ཞིག་སྟེར་བའི”(འཕེལ་རྒྱས་ཡོད་ཚད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་བསྩལ་བའི་དོན་སྙིང་དང་། གཅིག་གྱུར་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་། དམངས་ཚིས་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་པའི་དོན་སྙིང་བཅས་ལ་ཕན་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མཐོར་འདེགས་གཏོང་བར་ཕན་པ་བཅས་ཡོད།) སྲིད་ཇུས་གསར་སྐྲུན་དང་དོན་འཁྱོལ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ནང་ལན་འདེབས་དགོས་པའི་ཁ་ཕྱོགས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེའི་རིགས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད་ཀྱི་གོ་གནས་དང་པོར་བཞག་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་གཏན་ལ་ཕབ་པའི་ཏང་ཡོངས་དང་རྒྱལ་ཡོངས་རང་བཞིན་གྱི་འཆར་འགོད་དང“བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པས”གཏན་འཁེལ་བྱས་པའི་ས་ཁོངས་རང་བཞིན་གྱི་འཆར་འགོད་དེ་དག་མཉམ་གཅིག་ཏུ་བསྲེས་ཏེ་གོ་དོན་མཐིལ་རྟོགས་བྱེད་དགོས་ཤིང་། རྒྱལ་ཡོངས་ཀྱི་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་དང་ས་ཁོངས་ཀྱི་དམིགས་བསལ་སྲིད་ཇུས་གཉིས་རྩོད་སྒྲུབ་གཅིག་གྱུར་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་མགོ་རྩོམ་ས་དང་ཤུགས་རྒྱག་ས་བྱས་ཏེ། དམངས་ཚིས་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུའི་མགོ་རྩོམ་ས་དང་རྐང་འཛུགས་ས་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། བོད་འབྲེལ་ཁུལ་དང་རྫོང་བཅས་ཀྱིས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ངོ་མཚར་ལྡན་པའི་ལེའུ་ཞིག་རྩོམ་རྒྱུར་སྣེ་ཁྲིད་ནུས་ལྡན་བྱེད་དགོས།
མགོ་ལོག་ཁུལ་གྱི་གངས་རིའི་འདབས་ཀྱི་བྱིས་པ་རྣམས།
བོད་འབྲེལ་ས་ཁུལ་གྱི་སྤྱིའི་གནས་བབ་གསལ་རྟོགས་དང“ཁྱོན་ཡོངས་གཉིས”ཁོང་དུ་ཆུད་པར་ཕན་ཚུན་ཟུང་འབྲེལ་བྱེད་དགོས།
“བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི”སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་སྤྱིའི་འཐབ་ཇུས་དང་འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཉིས་གཅིག་འདོམས་བྱེད་པའི་མཐོ་ཚད་ལ་དམིགས་ཏེ། དུས་རབས་གསར་པའི་བོད་ལྗོངས་ལས་དོན་ལ་འཕྲད་པའི་གནས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། བོད་ལྗོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་སོ་སོ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་རེད། བོད་འབྲེལ་ས་ཁུལ་ཚུད་པའི་རང་རྒྱལ་གྱི་བརྟན་བརླིང་དང་འཕེལ་རྒྱས་ལ་འཕྲད་པའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད་པས། དེར་ལེགས་ཆ་དང་ཕན་ཡོད་ཀྱི་ཆ་རྐྱེན་མང་པོ་ལྡན་ལ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱང་འཕྲད་ཡོད་པས། གོ་སྐབས་ཀྱང་སྔར་བྱུང་མྱོང་མེད་ལ་འགྲན་སློང་ཡང་སྔར་བྱུང་མྱོང་མེད། མཚོ་སྔོན་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་རིམ་པ་ཅུང་དམའ་བའི་ཆུ་ཚད་དུ་གནས་པ་དང་། བོད་འབྲེལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་མངོན་ཡོད། ང་ཚོས་རྒྱལ་ཁབ་ཀྱི་དོན་ཆེན་བསྒྲུབ་པར་སེམས་གཏིང་ན་གདེང་ཚོད་ཡོད་པའི་མཐོ་ཚད་ནས་འཕེལ་ཕྱོགས་ཆེན་པོ་ལྟ་བ་དང་ཁྱོན་ཡོངས་དོན་གཉེར་བྱེད་མཁས་པོ་བྱས་ཏེ། བོད་འབྲེལ་ལས་དོན་དེ“ཁྱོན་ཡོངས་གཉིས”ཀྱི་ཁྲོད་བཞག་ནས་དམ་འཛིན་དང་ཞིབ་ལྟ་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་ཁྱོན་ཡོངས་ལ་ལྟ་ཐུབ་པ་དང་རྒྱང་རིང་ལ་ལྟ་ཐུབ། “ཁྱོན་ཡོངས་གཉིས”བོད་འབྲེལ་ལས་དོན་གྱི་བྱེ་བྲག་གི་ལག་ལེན་ཁྲོད་ནས་དངོས་འབེབས་བྱེད་པར་ལྟ་ཞིབ་དང་དབྱེ་ཞིབ་བྱེད་དགོས་པ་དང་། དེ་ལྟར་བྱས་ཚེ་གཞི་ནས་ཞིབ་ཅིང་ཕྲ་བ་དང་གཏིང་ཟབ་པ་ལྟ་ཐུབ་ཅིང་། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་དགོས། རྒྱལ་ཁབ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོའི་ཁྲོད་བོད་འབྲེལ་ས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ཁྱོན་ཡོངས་ཀྱི་འདུ་ཤེས་འཛུགས་དགོས། ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་སོ་སོ་བཀོད་སྒྲིག་བྱས་ཚེ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཕན་པ་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྔར་ལས་དམ་འཛིན་ཡག་པོ་བྱ་རྒྱུར་ཕན་པ་དང་། བོད་འབྲེལ་ཁུལ་དང་རྫོང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་རིག་གནས་མ་ལག་ནང་མཉམ་འདྲེས་བྱ་རྒྱུར་ཕན་པ་ཡོད། གོ་སྐབས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་མི་རིགས་ཆོས་ལུགས་ལས་དོན། འདུ་ཤེས་འཛིན་སྟངས་ལས་དོན། ཏང་འཛུགས་སྐྲུན་སོགས་ཐད་ཀྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། བོད་འབྲེལ་ཁུལ་དང་རྫོང་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་པ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། མང་ཚོགས་ལ་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་རོལ་ཏུ་འཇུག་དགོས། ཚད་མཐའི་བསམ་གཞིག་ཇེ་དྲག་ཏུ་གཏོང་དགོས། སྣེ་མང་རྙོག་འཛིང་ཆེ་བའི་འགལ་བ་དང་འགྲན་སློང་ཁྲོད་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་དང་། དཀའ་ངལ་ཚོད་དཔག་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཉེན་ཁའི་བསམ་གཞིགས་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཁ་གཏད་འཇལ་བའི་ལས་དོན་གྲ་སྒྲིག་འཐུས་ཚང་བྱེད་པ། སྐྱོན་ཆ་འགོག་པ་དང་དྲག་ཞན། རང་འགུལ་བཅས་ལ་དོ་སྣང་ཆེན་པོ་བྱེད་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཕན་ནུས་ལྡན་པའི་སྒོ་ནས་འགོག་ཟོན་དང་འདུམ་སེལ་བཅས་བྱས་ཏེ། མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཚད་མཐའི་ཉེན་ཁ་མི་འབྱུང་བ་ཁག་ཐེག་བྱེད་དགོས།
བོད་འབྲེལ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བ་དང་ཟུང་འབྲེལ་བྱེད་པ།
“བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི”སྟེང“བསམ་བློ་བདག་སྐྱོང་བྱེད་དགོས”ཞེས་གནད་འགག་ལས་འགན་ནན་བཤད་བྱས་ཡོད། ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་འདིར། “དངོས་པོ་བདག་སྐྱོང”གི་རྨང་གཞིའི་བྱ་བ་སྣ་ཚོགས་ཡག་པོ་སྒྲུབ་པ་དང་དུས་མཚུངས“བསམ་བློ་བདག་སྐྱོང”གི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི་དེ་ལས་གལ་འགངས་ཆེ་བ་ཞིག་རེད། བོད་འབྲེལ་ལས་དོན་དེ་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་རྒྱུས་ཀྱི་དུས་མཚམས་གོ་སྐབས་སུ་བརྩིས་ནས། “བསམ་བློ་བདག་སྐྱོང”གི་བྱ་བ་སྣ་ཚོགས་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་དགོས། “ལོ་རྒྱུས་བཞི”དང“ལྟ་བ་ལྔ”ཡི་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འོད་སྟོང་འཕྲོ་བའི་འབད་འཐབ་ལོ་རྒྱུས་གཙོ་གནད་དུ་འཛིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དོན་དངོས་བརྗོད་བྱར་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་བརྒྱུད་རིམ་ནང“ལོ་རྒྱུས་བཞི”(ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས)ཡི་སློབ་གསོ་སྤེལ་དགོས། རྟེན་འབྲེལ་བྱ་འགུལ་ཁྲོད་དུ“ལྟ་བ་ལྔ”(རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ།)ཡི་སློབ་གསོ་དང་འདྲེས་པར་བྱས་ཏེ། རྟེན་འབྲེལ་བྱ་འགུལ་དེ“ངོས་འཛིན་གཅིག་མཐུན་ལྔ”ཇེ་ཟབ་ཏུ་གཏོང་བའི་བརྒྱུད་རིམ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བའི་བརྒྱུད་རིམ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པའི་བརྒྱུད་རིམ་བཅས་དང་། ལྷག་པར་དུ་དྲིན་ཚོར་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་དྲིན་ཚོར་བསམ་པ་དང་དྲིན་ཚོར་བརྩེ་སེམས། དྲིན་ཚོར་བྱ་སྤྱོད་བཅས་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་པར་ཁྲིད་སྟོན་བྱེད་དགོས། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་དགོས། དོན་དངོས་ལ་བརྟེན་ནས་སྐད་ཆ་བཤད་པ། གྲངས་ཀར་བརྟེན་ནས་སྐད་ཆ་བཤད་པ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཁ་ཐོར་ཡ་བྲལ་དང་དབུལ་ཕོངས་རྗེས་ལུས་ནས་མཐུན་སྒྲིལ་འཆམ་མཐུན་དང་ཕྱུག་འགྱུར་དཔལ་ཡོན་བཅས་ཀྱི་ལོ་བརྒྱའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོའི་ཕྱོགས་སུ་བསྐྱོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་། མི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོར་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྒོ་ནས་མཉམ་གནས་དང་ཆོས་དད་རང་མོས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་ཚོགས་སྤྱིའི་རང་བཞིན་གྱི་དབུལ་ནག་ལས་ཐར་བ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་གི་སྤྱི་ཚོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་བྱས་རྗེས་ངོ་མཚར་ཅན་ལེགས་པོ་བཤད་དགོས་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་ཡུན་རིང་པོའི་ནང“ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་དཀའ་ཚེགས་ཆེ་བའི་ཁོར་ཡུག་འོག་འབད་འཐབ་ལྷོད་མེད་བྱས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཡག་པོ་བཤད་པ། དམར་དམག་རྒྱང་སྐྱོད་སྐོར་གླེང་བ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་བོད་ལྗོངས་སུ་ཕེབས་སྐྱེལ་བྱས། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”ཞིབ་བཟོ་སོགས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་དགོས། སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོབ་བྱ་དགོས། “དགའ་སྟོན་ལ་ཐུག་ཚེ་ངེས་པར་དུ་ཟིང་ཆ་བཟོ་བ་དང་། དགའ་བ་དང་འཕྲད་ཚེ་ངེས་པར་དུ་ཟིང་སློང་བྱེད་པ། བཀྲ་ཤིས་པའི་ཉིན་ལ་ཟིང་ཆ་ཆེན་པོ་སློང་བ”བཅས་ནི་དགྲར་འཛིན་སྟོབས་ཤུགས་ཀྱིས་རྒྱུན་དུ་སྤྱོད་པའི་གཡོ་ཐབས་ཤིག་རེད། བོད་འབྲེལ་ས་ཁུལ་ནི་སིམ་འཛུལ་དང་གཏོར་བཤིག་བཀག་འགོག་བྱེད་པའི་གཙོ་གནད་ས་ཁུལ་ཡིན་པས། དུས་མཚམས་གལ་ཆེན་གྱི་སྐབས་སུ་ཉེན་ཁ་ལའང་སྣང་ཆུང་བྱེད་མི་རུང་། དུས་སྐབས་དེ་ལྟ་བུར་བག་མེད་ལྷོད་གཡེང་དུ་གཏོང་མི་རུང་། བརྟན་བརླིང་སྲུང་སྐྱོབ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་མངའ་ཁོངས་ཕྱི་ནང་གི་གླེང་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་པ་དང་། གནས་བབ་ལ་ཞིབ་འཇུག་དང་བརྡར་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་འོག་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ནུབ་ཕྱོགས་ཀྲུང་རྒོལ་སྟོབས་ཤུགས་དང་ཁ་བྲལ་ཚོགས་པའི་སིམ་འཛུལ་དང་གཏོར་བཤིག་ནན་འགོག་བྱེད་དགོས། ནང་ཁུལ་དུ་བརྟན་བརླིང་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་བ་དང་ལྷུ་ཚིགས་ཀྱི་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱས་ཏེ། མ་བྱུང་གོང་ནས་སྔོན་འགོག་དང་གནོད་འཚེ་མ་ཐོན་གོང་ནས་སེལ་རྒྱུ་འགན་ལེན་བྱས་ནས། ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་བདེ་བླག་དང་བདེ་འཇགས། སྤྲོ་སེམས་འཁོལ་བ་བཅས་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཕྱུགས་བསྐྱུར་རྩྭ་སྐྱོང་རྗེས་ཀྱི་གཉན་པོ་གཡུ་རྩེའི་མཛེས་ལྗོངས།
ད་ལོའི་བོད་འབྲེལ་ལས་དོན་གྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུ་དེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་མཚོ་སྔོན་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་དང་ཟུང་འབྲེལ་བྱས་པ།
2021ལོའི་བོད་འབྲེལ་ལས་དོན་གྱི་གཙོ་གནད་ལས་འགན་ནི་བརྗོད་བྱ་གཙོ་བོ་གཅིག་ལ་དམིགས་པ་དེ་ཡིན་ཞིང་། དེ་ནི“བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་དོན་འཁྱོལ་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་། སྲོག་ཤིང་ནི་གཙོ་རྐང་གཅིག་ལ་ཁྱབ་པར་བྱ་རྒྱུ་དེ་ཡིན་ལ། དེ་ནི“ངེས་པར་བཅུའི”དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས“བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་དོན་འཁྱོལ་བྱེད་པའི་ལོའི་བྱ་བ་སྣ་ཚོགས་ཡག་པོ་བསྒྲུབས་ནས་རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པར་བྱ་རྒྱུ་དེ་རེད། དེ་དང་ཆབས་ཅིག ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་རྩོམ་པའི་ལོ་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པ་དང་མི་རིགས་སོ་སོའི་མང་ཚོགས་ཚང་མས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་རོལ་ཐུབ་པ་བྱེད་དགོས་པ་ལས། མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་བཅས་རྒྱལ་ཡོངས་ཀྱི་རྗེས་སུ་ལུས་མི་རུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་འཚོགས་མ་ཐག་པའི་མཚོ་སྔོན་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱིས་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་གཞི་བཀོད་ནས་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་འགོད་གསལ་པོ་བཟོས་ཏེ་མཚོ་སྔོན་ཞིང་ཆེན་གྱི2035ལོའི་རྒྱང་རིང་དམིགས་འབེན་བཏོན་ཡོད། ང་ཚོས་“བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་དོན་འཁྱོལ་བྱེད་པའི་ལོའི་ལས་འགན་སོ་སོ་དམ་འཛིན་ལེགས་པོ་བྱས་ནས། རྩིས་ཐོ་བཟོ་བ་ནས་གོམ་སྟབས་གསར་པར་སྤོ་བ། རྩིས་ཐོ་ཞིབ་ཕྲ་བཟོས་ནས་རེའུ་མིག་བཟོ་བ་དང་། དུས་རིམ་དབྱེ་ནས་ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་ཡག་པོ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་གི་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་དོན་ཆེན་བཞི་དང་དེ་བཞིན་བྱ་ཐབས་སོ་སོ་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཁྲོད་ཁྱབ་པར་བྱས་ནས། བོད་འབྲེལ་ཁུལ་དང་རྫོང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་རིག་གནས་མ་ལག་ནང་མཉམ་འདྲེས་ཐུབ་པར་སྣེ་ཁྲིད་བྱེད་དགོས། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་དོན་འཁྱོལ་བྱ་རྒྱུ་ནི་འགན་འཁྲི་ཨང་དང་པོ་ཡིན། རྒྱལ་ཁབ་བདེ་འཇགས་ཀྱི་ཁྱོན་ཡོངས་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ་དུས་མཚམས་རང་བཞིན་གྱི་ལས་ཀའི་ཁྱད་ཆོས་དམ་འཛིན་ནན་མོ་བྱས་ནས། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་བྱ་ཐབས་དངོས་འདོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཐད་ཕན་འབྲས་དངོས་གཉེར་བ་དང། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཁ་ཕྱོགས་ཐད་བྱས་རྗེས་དངོས་འཇོག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱ་བ་དངོས་སྒྲུབ་པ་བཅས་བྱེད་དགོས། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ནི་གདམ་ག་དང་པོ་དེ་ཡིན་པ་དང་། ཞིང་སྡེ་དར་སྤེལ་དང་འབྲེལ་མཐུད་བྱེད་པའི་ལས་དོན་ཆེན་པོ་དེ་ཡག་པོ་བསྒྲུབས་ནས། “མི་འདོར་བ་བཞི”རྒྱུན་འཁྱོངས་དང་། བྱ་བའི་སྟོབས་ཤུགས་དང་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ས་ཁོངས་རང་བཞིན་གྱི་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བའི་ཉེན་ཁ་འབྱུང་བའི་གནད་དོན་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ནི་བྱས་རྗེས་ཨང་དང་པོ་དེ་ཡིན་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀྱི་དོ་སྙོམས་རྣམ་པ་དམ་འཛིན་ཡག་པོ་བྱས་ཏེ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་བབ་དམ་འཛིན་ནན་མོ་བྱས་ནས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་ལ་མི་གནོད་པའི་དམར་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱས་ནས། “སྐྱེ་ཁམས་བྱ་བ་ལེགས་པོ་སྒྲུབ་པ་དང་།” “སྐྱེ་ཁམས་ཀྱི་མིང་བྱང་ལེགས་པོར་སྐྲུན་པ།”“སྐྱེ་ཁམས་ཀྱི་གྲུབ་འབྲས་ལེགས་པོ་ལེན་པ”བཅས་བྱས་ནས་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་ཆེན་པོ་འབུལ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་ཀྱི་གནས་འཁེལ་འཚོལ་ཞིབ་ཡང་དག་བྱེད་པ་དང་། ཀྲུང་དབྱང་གི་ཕན་ཡོད་སྲིད་ཇུས་གང་ལེགས་སྤྱད་ནས་ཀྲུང་དབྱང་གི་རྒྱབ་སྐྱོར་རྣམ་གྲངས་འབྲེལ་མཐུད་ཐུབ་རྒྱུ་བརྩོན་ལེན་བྱས་ཏེ། མཚོ་སྔོན་ལ་སྣ་གཅིག་པའི་ཁ་གཏད་རོགས་སྐྱོར་ནས་དཔལ་འབྱོར་དང་རིག་གནས་མི་སྣའི་དབར་གྱི་བརྗེ་རེས་ལ་བརྟེན་ནས་སྦས་ཤུགས་སྔོག་འདོན་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་རྒྱུན་མཐུད་ལེགས་པའི“གཉིས་ཕན”མངོན་འགྱུར་ཡོང་བ་བྱེད་དགོས།
ཏང་གིས་བོད་འབྲེལ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བྱེད་རྒྱུ་དེ་གྲོང་ཁྱེར(ཁུལ)དང་རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་བཞིའི་སྐབས་བརྗེའི་ལས་དོན་དང་ཟུང་འབྲེལ་བྱེད་དགོས།
བོད་འབྲེལ་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལས་དོན་ཞིག་ཡིན་པས། ཏང་ཨུའི་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་བྱེད་རྒྱུ་དེ་བོད་འབྲེལ་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཡིན་ལ། ཏང་ཨུས་གཙོ་འགན་ཁུར་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ནང་ཏང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། ལྷག་པར་དུ་ཆབ་སྲིད་འཛུགས་སྐྲུན་གྱི་མཇུག་བསྡུ་བ་རྒྱུན་འཁྱོངས་བྱས་པ་དེའི་ཐོག་ནས་བོད་འབྲེལ་ལས་དོན་གྱི་ཆབ་སྲིད་ངོ་བོ་གང་ལེགས་ཀྱིས་མཚོན་ཡོད། ཏང་ཨུའི་འགོ་ཁྲིད་ཨང་དང་པོར་བཞག་ནས་ཆབ་སྲིད་ཀྱི་བླང་བྱ་དང་ཆབ་སྲིད་ཀྱི་ཚད་གཞི་འབུར་ཐོན་ཡོང་བ་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ང་ཚོས་རྒྱུན་དུ་ལམ་ཕྱོགས་གཏན་འཁེལ་བྱས་རྗེས་ལས་བྱེད་པ་ནི་རྒྱུ་རྐྱེན་ཐག་གཅོད་མཁན་ཡིན་ཞེས་བཤད་ཀྱིན་ཡོད། འདི་ནི་འཚོ་གནས་ཀྱི་ཁོར་ཡུག་དཀའ་ཚེགས་ཆེ་ཞིང་། ཆབ་སྲིད་ཀྱི་ཁོར་ཡུག་རྙོག་འཛིང་ཆེ་བ། འཐབ་རྩོད་ཀྱི་གནས་བབ་ཛ་དྲག་ཆེ་བ་བཅས་ཀྱི་བོད་འབྲེལ་ས་ཁུལ་དུ་སྔར་ལས་ནན་བཤད་བྱ་དགོས། ད་ལོ་ནི“བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་དོན་འཁྱོལ་བྱེད་པའི་ལོ་ཡིན་ལ། གྲོང་ཁྱེར(ཁུལ)དང་རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་བཞིའི་སྐབས་བརྗེའི་ལོ་ཞིག་ཀྱང་རེད། སྐབས་བརྗེའི་བྱ་བ་ནི་རྩ་འཛུགས་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་དང་། སྲིད་དབང་འཛུགས་སྐྲུན་གྱི་དུས་མཚམས་གལ་ཆེན་ཞིག་ཡིན་ལ། དེ་ལས་ཀྱང་འགོ་ཁྲིད་ལ་ཤུགས་སྣོན་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། “བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ་བྱ་རྒྱུ་དེ་སྐབས་བརྗེའི་དུས་མཚམས་སོ་སོར་བཀོད་སྒྲིག་བྱས་ཏེ། ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཚོད་བགམ་ཆེན་པོར་ཁ་གཏད་འཇལ་བ་དང་། དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་ཏུ་འགྱུར་རྒྱུའི་འགན་ལེན་བྱེད་དགོས། བོད་འབྲེལ་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དེ་སྐབས་བརྗེའི་དུས་མཚམས་ཁག་ཏུ་དོན་འཁྱོལ་བྱས་ནས། ཏང་ཨུས་གཅིག་གྱུར་འགོ་ཁྲིད་བྱེད་པའི་ཆོས་ལུགས་ལས་དོན་གྱི“ཉིང་རྡུལ་གཅིག་རྒྱུ་མང་མཉམ་བཅོས”ཀྱི་རྣམ་པ་གསར་པ་འཐུས་ཚང་དུ་གཏོང་བ་དང་། “རྫོང་གཙོ་གཞི་ཡིན་པ་ནས་ཡུལ་ཚོའི་བར་དུ་བསྲིང་བ། དེ་ནས་སྡེ་བར་དངོས་འབེབས་དང་གནས་ཡུལ་ཚད་ལྡན”བཅས་ཀྱི་ཆོས་ལུགས་ལས་དོན་གྱི་རིམ་བཞིའི་དྲ་བ་འཐུས་ཚང་དུ་གཏོང་དགོས། མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་གི་མི་འདེམས་སྤྱོད་ཀྱི་ཆབ་སྲིད་ཚད་གཞི་དང་ཏང་གཤིས་བླང་བྱ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་བཅས་སྐབས་བརྗེའི་ཕྱོགས་སོ་སོ་ནས་མཚོན་པར་བྱས་ཏེ། ཏང་ལ་བློ་དཀར་སེམས་དཀར་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལངས་ཕྱོགས་བརྟན་པོ་དང་། སྤྱོད་ཚུལ་ལེགས་པ། སྤྱོད་གཙང་གཞུང་དྲང་། མི་རིགས་ཆོས་ལུགས་སྲིད་ཇུས་ལ་རྒྱུས་མངའ་ཡོད་པ། རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་ལོ་སྒྱུར་མཁས་པ་བཅས་ཀྱི་ལས་བྱེད་པ་ལས་གནས་གལ་ཆེན་དང་གལ་ཆེའི་འཐབ་རྩོད་ཀྱི་ལས་ཡུལ་དང་པོ་ནས་དཀའ་ངལ་ལ་མི་འཛེམ་པ་དང་མཐོང་རྒྱ་ཆེ་རུ་བཏང་སྟེ། ཏང་གིས་དུས་ཡུན་རིང་པོའི་ནང་བོད་ཁུལ་འཛུགས་སྐྲུན་བྱེད་པའི་སྲིད་འཛིན་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་། རོང་འབྲོག་མང་ཚོགས་ཀྱི་ཏང་ཡོན་གོང་འཕེལ་གཏོང་རྒྱུ་དེ་སྐབས་བརྗེའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ཏང་ཡོན་ལ་སློབ་གསོ་དང་དོ་དམ། ལྟ ་སྐུལ་བཅས་བྱེད་རྒྱུར་ཤུགས་བསྣན་ནས། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་བྱ་བའི་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཞིག་ཏུ་བསྐྲུན་དགོས། ཀྲུང་དབྱང་གི“དཀའ་ཚེགས་ཆེ་བའི་ཁོར་ཡུག་འོག་བྱས་རྗེས་འབུར་ཐོན་ཡིན་པས་ལས་བྱེད་མི་སྣར་གཟེངས་བསྟོད་དང་དྲིལ་བསྒྲགས”ཀྱི་བླང་བྱ་དོན་འཁྱོལ་བྱ་རྒྱུ་དེ་སྐབས་བརྗེའི་སྔ་རྗེས་སུ་ཁྱབ་པ་བྱས་ནས། སྔོན་ཐོན་སྐྲུན་པ་དང་དཔེ་མཚོན་ལ་གཟེངས་བསྟོད་བྱེད་པ། མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་བཅས་ཀྱི་ལས་བྱེད་མི་སྣར་ཐུགས་ཁུར་དང་གཅེས་སེམས་གནངས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་གི་ལས་བྱེད་མི་སྣའི་གཟི་བརྗིད་བསམ་པ་དང་ཁོངས་གཏོགས་ཀྱི་བསམ་པ། ཐོབ་ཚོར་བཅས་ཇེ་དྲག་ཏུ་གཏོང་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།