ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པའི་ཉི་ཟེར་དང་པོ་མཐའ་ཡས་པའི་རྩྭ་ཐང་དུ་འཕྲོས་པའི་དུས་སྐབས་དེ་ནི། རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོ་བོད་ཡིག་བཅའ་སྡོད་སློབ་ཆུང་ལ་མཚོན་ནས་བཤད་ན་རེ་སྒུག་གི་རིན་ཐང་ལྡན་པའི་དུས་སྐབས་ཤིག་རེད། སློབ་མ་བརྒྱ་དང་གྱ་དྲུག་བོ་ཚང་མ་ཡང་བསྐྱར་སློབ་ཁང་དུ་བསྐྱོད་ནས་རྣ་བར་སྙན་པའི་དཔེ་ཀློག་གི་དབྱངས་རྟ་དེ་ཡང་བསྐྱར་གངས་རིའི་ལྗོངས་སུ་ལྷང་ལྷང་གྲགས་མགོ་བརྩམས། གསར་འགོད་པ་སློབ་གྲྭའི་ནང་དུ་ཐོན་དུས་རྒྱུས་ཡོད་ཀྱི་ངོ་གདོང་ཞིག་མིག་མདུན་དུ་མངོན་བྱུང་ལ། ལོ་རིམ་གསུམ་པའི་འཛིན་གཙོ་བསོད་ནམས་དཔལ་མོས་སྤྲོ་སྣང་དང་བཅས་ཏེ་ང་ཚོར་ལག་བརྡ་གཏོང་གི་འདུག ང་ཚོའི་ཉལ་ཁང་གི་མི་བཅུ་ཐམ་པ་བོ་མདང་ནུབ་གཏན་ནས་གཉིད་ཡག་པོ་ཞིག་མ་ལོག་པར་དུས་ཚོད་དྲུག་གི་སྟེང་ནས་ཡར་ལངས་ཏེ་ཁ་ལག་བཀྲུས་པ་ཡིན། རྒྱུ་མཚན་ནི་དེ་རིང་སློབ་ཁྲིད་བྱེད་ཐུབ་པར་གྱུར་བས་ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད།
སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ། རྒྱལ་དར་བསྒྲེང་བའི་མཛད་སྒོ་མགོ་བརྩམས་པ་དང་རྔམ་བརྗིད་ལྡན་པའི་རྒྱལ་གླུ་དང་འགྲོགས་ནས་བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་དེ་རིམ་གྱིས་ཡར་འཕགས་ཤིང་། སློབ་མ་རྣམས་ཀྱིས་གསེར་མདོག་གི་ཉི་འོད་འོག མིག་ཟུང་ཅེར་ནས་སྐར་ལྔའི་དར་དམར་ལ་བལྟས་འདུག ལོ་ན་བཅུ་ལ་སོན་པའི་བསོད་ནམས་ཆོས་གྲགས་ཀྱིས་ལག་པ་གཡས་པ་ཡར་བཀྱགས་ནས། ང་ཚོས་ཡང་བསྐྱར་སློབ་ཁྲིད་བྱེད་ཐུབ་སོང་བས་སེམས་པ་སྐྱིད་པོ་རེད། དགེ་རྒན་གྱིས་ང་ཚོར་གོ་སྐབས་འདི་དམ་འཛིན་བྱེད་དགོས་ཟེར། དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། གནས་སྐབས་སུ་བཀོད་སྒྲིག་བྱས་པའི་སྦྲ་གུར་སློབ་ཁང་དུ་བསྡད་ནས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་སྐབས། ལོ་རིམ་བཞི་བའི་འཛིན་གཙོ་སྐལ་དབང་མཚོ་ཡི་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་ཟབ་མོ་ཞིག་གིས་ཁེངས་འདུག་སྟེ། མཐོ་སྒང་གི་དྭངས་གཙང་ཉི་འོད་དེ་ཁོ་མོའི་ལུས་སྟེང་དུ་འཕྲོས་ཤིང་། དཀར་ནག་གི་དབྱེ་མཚམས་གསལ་བའི་མིག་ཟུང་སྒོར་སྒོར་དེ་སྙིང་དུ་སྡུག ལག་པའི་ནང་གི་སྐད་ཡིག་དཔེ་ཆར་བལྟས་ནས་སྐད་གསེང་མཐོན་པོས་དཔེ་ཀློག་བྱེད་ཀྱི་འདུག
ང་རང་སློབ་སྦྱོང་བྱེད་པར་དགའ། འདི་ལྟར་བྱས་ན་ཤེས་བྱ་སྦྱང་ཐུབ། ང་རང་མེས་རྒྱལ་ལ་མཁོ་བའི་མི་ཞིག་བྱེད་འདོད་ཅེས་སྐལ་དབང་མཚོ་ཡིས་བྱང་ཆ་ལྡན་པའི་རྒྱ་སྐད་ཀྱིས་དེ་ལྟར་བཤད།
སློབ་མར་སློབ་ཁྲིད་བྱེད་སའི་སྦྲ་གུར་ད་ལྟ་གཞི་ནས་སློབ་ཁང་ཞིག་གི་ཚུགས་ཀ་ལྡན། གཞོགས་གཅིག་ཏུ་སྒོ་སམ་བཀལ་ཡོད་ཅིང་སྒྲོག་ཙེ་རྣམས་གྲལ་འགྲིག་པའི་སྒོ་ནས་དཀྱིལ་དབུས་སུ་ཤར་མར་བསྒྲིགས་འདུག ས་ཡོམ་གྱིས་ང་ཚོར་སློབ་ཁང་དུ་སློབ་ཁྲིད་བྱེད་པའི་གོ་སྐབས་འཕྲོག་ཀྱང་། ཡིན་ནའང་ངོ་མི་ཤེས་པའི་མི་བཟང་མང་པོ་ཞིག་གིས་ང་ཚོར་སྦྲ་གུར་སློབ་ཁང་ཕུབ་པ་དང་བཟའ་བཏུང་སྣ་ཚོགས་སྟེར་བཞིན་ཡོད་པས་ང་ཚོ་ས་ཡོམ་ལ་སྐྲག་མི་དགོས། སྐལ་དབང་མཚོ་ཡིས་དེ་ལྟར་ཟེར་ཞིང་། མོས་ད་དུང་ཕྱིར་དྲན་བྱས་ནས་བཤད་རྒྱུར། ས་ཡོམ་བྱུང་བའི་མཚན་མོ་དེར་ང་རང་གཏན་ནས་གཉིད་མ་འོང་ཞིང་། གཉིད་ཀྱང་སྐར་ཆ་རེ་འགའི་རྗེས་སུ་ཡང་བསྐྱར་གཉིད་ལས་སད་འོང་གི་འདུག ང་རང་ནར་སོན་རྗེས་སྨན་པ་ཞིག་བྱེད་འདོད། རྒྱུ་མཚན་ནི་སྨན་པས་མི་མང་པོའི་ཚེ་སྲོག་སྐྱོབ་ཐུབ་པ་རེད་ཟེར།
རྩིས་རིག་དགེ་རྒན་བུ་ཕྲུག་གིས་རང་གི་འཛིན་གྲྭའི་སློབ་མ་ཉི་ཤུ་བོ་དང་མཉམ་དུ་སྦྲ་གུར་སློབ་ཁང་གི་ནང་དུ་ཉིན་ཞག་གསུམ་གྱི་དུས་ཚོད་བསྐྱལ་ཟིན། དུས་ཚོད་འདི་འདྲའི་ཐུང་ངུའི་ནང་དུ་སློབ་མ་རྣམས་ཀྱི་སློབ་ཁྲིད་སླར་གསོ་བྱེད་ཐུབ་པར་གྱུར་བས་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། མི་འདི་འདྲའི་མང་པོ་ཞིག་གི་རོགས་སྐྱོར་ཡོད་པ་ནི་དངོས་གནས་བཀའ་དྲིན་ཆེ་ཟེར།
ལོ་རིམ་ལྔ་བའི་སྦྲ་གུར་འཛིན་གྲྭའི་ནང་དུ་སློབ་མ་རྣམས་ཀྱིས་བར་འཚང་ཅན་གྱི་ལྭ་རིང་གྱོན་ནས་སྒྲོག་ཙེའི་མདུན་དུ་བསྡད་དེ་ཟིན་བྲིས་འབྲི་བཞིན་འདུག་ལ། རྩིས་རིག་དགེ་རྒན་ལྷག་པ་ཚེ་རིང་གིས་ཏག་ཏག་རྩིས་དཔེ་ཁྲིད་སྟོན་བྱེད་ཀྱི་འདུག
ས་ཡོམ་བྱུང་རྗེས་སུ། ང་ཚོས་དུས་ཚོད་དམ་འཛིན་བྱས་ནས་སྦྲ་གུར་ཕུབ་པ་དང་སྒོ་སམ་དང་དཔེ་ཆ་ཚང་མ་ཚུར་སྐྱེལ་བ་ཡིན། ཆ་རྐྱེན་ཅུང་ཙམ་ཞན་ནའང་ད་ལྟ་སློབ་ཁང་ནང་གི་སྤྱོད་ཆས་ཚང་མ་ཆ་ཚང་ཡིན་ཞེས་ལྷག་པ་ཚེ་རིང་གིས་བཤད། སློབ་མ་རྣམས་ལ་དེ་ལྟར་སློབ་ཁྲིད་བྱེད་ཀྱི་འདུག་ནའང་ད་དུང་མི་མང་པོ་ཞིག་ཁོ་ཚོའི་ཆེད་དུ་བྱ་བ་སྣ་ཚོགས་ལ་བྲེལ་བཞིན་འདུག་སྟེ། སློབ་གྲྭའི་གནས་སྐབས་ཀྱི་ཟ་ཁང་ནང་དུ་ཇ་མ་རྣམས་དྲོས་ཇ་གཡོ་སྐོལ་བྱེད་པའི་ལས་ལ་བྲེལ་བཞིན་འདུག ཐབ་ཆས་དང་སླ་ང་སོགས་ལ་གཙང་སྤྲ་ལེགས་པོ་བྱས་ནས་སློབ་མའི་བཟའ་བཏུང་གི་བདེ་ཐང་ལ་འགན་སྲུང་བྱེད་དགོས་ཞེས་ཟས་རིགས་གཡོས་སྦྱོར་གྱི་ལས་ལ་བྲེལ་བཞིན་པའི་ཇ་མས་བཤད། །
སློབ་གྲྭའི་སློབ་གཙོ་ཀྲང་ཡའེ་ཆིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། སློབ་གྲྭ་དེ་ཡོངས་ལ་སློབ་མ་བརྒྱ་དང་གྱ་དྲུག་ཡོད་ཅིང་། མདང་དགོང་ལོ་རིམ་སོ་སོ་ཚང་མ་དགོང་ཚོགས་ལ་ཞུགས་ཐུབ་པར་གྱུར་བས་རྒྱུན་ལྡན་གྱི་སློབ་ཁྲིད་ལ་བར་ཆད་ཅི་ཡང་བྱེད་ཐུབ་མེད་ཟེར།
གཟའ་མཇུག་ཅིག་ལ་སློབ་གྲྭ་དེའི་སློབ་མ་རྣམས་ཀྱི་འཚོ་བ་དང་སློབ་ཁྲིད་སོགས་ཁོར་ཡུག་ལ་གཞི་ནས་འགྱུར་ལྡོག་བྱུང་མོད། སློབ་མ་རྣམས་ཀྱི་སློབ་སྦྱོང་གི་སེམས་ཁམས་ལ་འགྱུར་བ་གཏན་ནས་བྱུང་མེད།
ཉིན་དེའི་ཉིན་གུང་ལ་ཉེ་བའི་སྐབས་སུ་ཡང་བསྐྱར་རྒུད་སྐྱོབ་རླངས་འཁོར་ཞིག་གིས་སིལ་ཏོག་རླངས་འཁོར་གང་དྲུད་ནས་སློབ་གྲྭར་ཐོན་བྱུང་།
ས་ཡོམ་བྱུང་བའི་དུས་སྐབས་དང་པོའི་ནང་དུ་ང་ཚོས་སློབ་མ་རྣམས་བདེ་འཇགས་ཀྱིས་གནས་སྤར་བ་དང་། ད་ལྟ་འོ་མ་དང་སྔོ་ཚལ། སིལ་ཏོག བཟའ་ཆས་གཞན་དག་གི་རིགས་བཅས་སྔོན་ལ་སློབ་གྲྭ་སོ་སོར་བསྐྱལ་བ་དང་། དེ་མིན་གང་མགྱོགས་ཀྱིས་སྦྲ་གུར་སྐོར་ཅིག་ཀྱང་བྱིན་པས། སློབ་མ་རྣམས་ཀྱི་སྡོད་གནས་ཁོད་ཡངས་ཤིང་སློབ་སྦྱོང་གི་ཁོར་ཡུག་དབེན་འཇགས་ཡིན་ཞེས་ཀྲང་ཡའེ་ཆིན་གྱིས་བཤད།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།