ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་དྲན་གསོ་ཁང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནན་ཁྲོན་ཤར་ལམ་གྱི་ཟི་ལིང་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གླིང་གི་བྱང་ངོས་སུ་ཡོད།
ཆིག་སྟོང་དགུ་བརྒྱ་སོ་དྲུག་ལོའི་ཟླ་བཅུ་པར། ཀྲུང་གོའི་བཟོ་ཞིང་དམར་དམག་དཔུང་ཕྱོགས་དང་པོ་དང་གཉིས་པ། བཞི་པ་བཅས་ཀྱི་དམག་དཔུང་ཀན་སུའུ་ཧུའེ་ཉིང་ནས་རྒྱལ་ཁའི་ངང་ལྷན་འཛོམས་བྱུང་རྗེས། དམར་དམག་རྨ་ཆུའི་འགྲམ་གཉིས་ནས་འཕྲེད་བརྒལ་བྱས་ཏེ་སུའུ་ལེན་དང་འབྲེལ་གཏུག་བྱེད་འདོད་པའི་བསམ་པ་བཅངས་ཐོག ནུབ་བྱང་གཞི་བཅོས་པའི་འཐབ་ཇུས་ཀྱི་རྣམ་པ་ཞིག་ཆགས་པ་རེད། དམར་དམག་དཔུང་ཕྱོགས་སྒར་ཆེན་བཞི་པའི་འབུམ་ཤོག་ལྔ་པ་དང་དགུ་པ། སུམ་ཅུ་པ་བཅས་དང་སྤྱི་ཁྱབ་ཐད་གཏོགས་དམག་དཔུང་གི་དམག་མི་ཁྲི་གཉིས་དང་སྟོང་གཅིག་བརྒྱད་བརྒྱ་ལྷག་བཀའ་ལྟར་ཟླ་བཅུ་པའི་ཟླ་སྨད་དུ་རྨ་ཆུའི་ནུབ་ལམ་བརྒལ་ནས། “ཉིང་ཞ་གཡུལ་འགྱེད་འཆར་གཞི”ལག་བསྟར་བྱས། རྗེས་ནས་དམག་འཁྲུག་གི་གནས་ཚུལ་ལ་འགྱུར་ལྡོག་བྱུང་བས། ཀྲུང་དབྱང་གིས་ཉིང་ཞ་གཡུལ་འགྱེད་འཆར་གཞི་བསྐྱུར་རྒྱུའི་ཐག་བཅད་ནས་དམག་འཐབ་འཆར་གཞི་གསར་པ་གཏན་འབེབས་བྱས། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། རྨ་ཆུ་བརྒལ་ཟིན་པའི་དམག་དཔུང་དེ་ནུབ་ལམ་དམག་དཔུང་དུ་སྒྲིག་འཛུགས་བྱས་ཏེ།“རྨ་ཆུའི་ནུབ་ཏུ་གནས་གཞིའི་ས་ཁུལ་བཙུགས་ནས། ཐད་ཀར་རྒྱང་རིང་ལ་ཐོན་པའི་བགྲོད་ལམ་ཤར་གཏོང་བྱས་ཏེ། ལོ་གཅིག་གི་ནང་ལ་ལེགས་འགྲུབ་འབྱུང་བར་གྲ་སྒྲིག་བྱེད་དགོས་པའི”ལས་འགན་ལྗིད་མོ་ཕྲག་ཏུ་བླངས། དེ་ནས་བཟུང་། ནུབ་ལམ་དམག་དཔུང་གིས་ནུབ་འདུལ་ཀན་སུའུ་ནུབ་བྱང་ས་ཁུལ་དང་། སུའུ་ལེན་དང་འབྲེལ་གཏུག་བྱེད་པའི་བགྲོད་ལམ་ཤར་གཏོང་ཐུབ་པའི་འཐབ་འཛིང་གི་ལོ་རྒྱུས་འཕེལ་རིམ་གྱི་མགོ་བརྩམས་པ་རེད།
དམར་དམག་ནུབ་ལམ་དམག་དཔུང་གིས་རྨ་ཆུ་བརྒལ་ནས་ནུབ་འདུལ་བྱས་པའི་གནས་ཚུལ་ཅང་ཅེ་ཧྲི་ཡིས་ཐོས་རྗེས། མཱ་པུའུ་ཧྥང་ལ་རྗེས་འདེད་དང་བཀག་འགོག་བྱེད་དགོས་པའི་གློག་འཕྲིན་ཡང་ཡང་བཏང་། ནུབ་ལམ་དམག་དཔུང་གིས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ནས་གོ་མིན་ཏང་དམག་ཤེད་ཅན་མཱ་པུའུ་ཧྥང་དང་མཱ་པུའུ་ཆིན། དེ་བཞིན་ས་གནས་ལོག་སྤྱོད་མི་དམངས་ཚོགས་པ་བཅས་དང་མཉམ་དུ་དམར་འཛིང་དྲག་པོ་བྱས། འཚོ་བར་དཀའ་ཁག་ཤིན་ཏུ་ཆེ་བའི་གནས་ཚུལ་ངན་པའི་འོག དམག་ཡོངས་ཀྱི་དམག་མི་ཁྲི་སྟོང་མང་པོས་སེམས་པ་གཅིག་ཏུ་ཕྱོགས་ཏེ་སྔོན་འགྱེལ་རྗེས་མཐུད་ཀྱིས་དགྲ་བོར་ཟླ་ངོ་ལྔ་ཙམ་ལ་འཐབ་འཛིང་ཆེ་ཆུང་ཐེངས་བརྒྱད་ཅུ་ལྷག་བྱས་ནས། མཱ་པུའུ་ཧྥང་དང་མཱ་པུའུ་ཆིན་གྱི་དམག་དཔུང་ལ་གཏོར་སྐྱོན་ཚབས་ཆེན་བཟོས་མོད། འོན་ཀྱང་མཐར་གྲོགས་མེད་ཁེར་རྐྱང་དུ་ལུས་ནས་ཉུང་བས་མང་བ་མ་ཐུབ་པར། ཆིག་སྟོང་དགུ་བརྒྱ་སོ་བདུན་ལོའི་ཟླ་གསུམ་པའི་ཟླ་དཀྱིལ་དུ་ཆི་ལེན་རི་བོ་རུ་ཕམ་ཁ་བྱུང་།
ཆིག་སྟོང་དགུ་བརྒྱ་སོ་བདུན་ལོའི་ཟླ་གསུམ་པའི་སྔ་གཞུག་ཏུ། མཱ་པུའུ་ཧྥང་གིས་རྨ་ནུབ་གཡུལ་འགྱེད་ཁྲོད་གསོན་བཟུང་བྱས་པའི་དམར་དམག་ནུབ་ལམ་དམག་དཔུང་གི་དཔོན་དམག་སྟོང་དྲུག་ལྷག་བསྟུད་མར་མཚོ་སྔོན་དུ་བསྐྱལ་ཞིང་། ཁོང་ཚོ་མང་ཆེ་བ་ནི་ཀྲང་ཡེ་ནས་མེན་ལའོ་དང་ཆི་ལེན། མིན་ཡོན། ཏ་ཐུན་བཅས་བརྒྱུད་དེ་ཟི་ལིང་དུ་ཐོན་པ་དང་། ཉུང་ཤས་ཤིག་ནི་ཝུའུ་ཝེ་ནས་ཡུང་ཏེང་དང་། མིན་ཧི། ལོ་ཏུའུ་བཅས་བརྒྱུད་དེ་ཟི་ལིང་དུ་ཐོན། ལམ་བར་དུ་གསོན་བཟུང་བྱས་པའི་དམར་དམག་ལ་དགྲ་བོའི་ཡ་ང་བའི་གནོད་འཚེ་ཕོག་ནས་འགྲོ་སྐྱོད་དཀའ་བའི་རྨས་མ་བསད་པ་དང་། ལོ་ན་ཆུང་ཞིང་ལུས་སྟོབས་ཞན་པའི་ནད་པ་གསོན་པོར་སྦས་པར་མ་ཟད། ད་དུང་མདའ་ཤོག་ཞིག་དགྲ་བོས་གསོན་པོར་མེར་བསྲེགས་ནས་བསད་པ་དང་། མཐར་མི་སྟོང་ལྔ་དང་དྲུག་བརྒྱ་ལྷག་ཟི་ལིང་དུ་འབྱོར། མཱ་པུའུ་ཧྥང་གིས་དེའི་ཁྲོད་ཀྱི་མི་སྟོང་གཉིས་དང་བརྒྱད་བརྒྱ་ལྷག་གསར་དུ་བཙུགས་པའི་འབུམ་ཤོག་གཉིས་པའི་ཁོངས་གཏོགས་ཀྱི་ཁ་གསབ་ཚོགས་པའི་ནང་བཅུག་ནས་དམག་སྒར་དང་། ཟམ་པ། སློབ་གྲྭའི་ཉལ་ཁང་སོགས་སུ་བཙན་ཤེད་རང་བཞིན་གྱིས་ངལ་རྩོལ་བྱེད་དུ་བཅུག་ཅིང་། དེའི་ཁྲོད་ཀྱི་མི་བཞི་བརྒྱ་ལྷག་བཟོ་བའི་དམག་བྱེད་དུ་བཅུག་ནས་ཞུན་ཧྭ་རྫོང་དུ་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་བཅུག་པ་རེད། ནུབ་ལམ་དམག་དཔུང་གི་གསོན་བཟུང་བྱས་པའི་མི་སྣའི་ཁྲོད་དུ་བུད་མེད་དམར་དམག་གི་བཀོད་འཐབ་པ་མང་པོ་ཡོད་པ་རྣམས་སྐོར་ཞིག་བཟོ་གྲྭ་རུ་བསྐྱལ་ནས་ངལ་རྩོལ་བྱེད་དུ་བཅུག་པ་དང་། ཡང་སྐོར་ཞིག་མཱ་ཇག་དམག་གི་མངའ་འོག་ཏུ་བསྡུས་ནས་བཙན་གྱིས་དཔོན་གཡོག་དང་གཉེན་བསྡེབས་སུ་བཅུག་པ་རེད། ས་ཆ་གང་ཞིག་ལ་སྤྲད་ཀྱང་ཁོ་ཚོས་ཁྲག་དྲི་བྲོ་བའི་ཆར་རླུང་ཁྲོད་འཚོ་བ་བསྐྱལ་ཞིང་། བརྙས་བཅོས་སྣ་ཚོགས་མྱོང་དགོས་བྱུང་བར་མ་ཟད། ཐ་ན་རང་སྲོག་ཀྱང་གཅོད་དགོས་པའི་ཚད་དུ་སླེབས། གསོན་བཟུང་བྱས་པའི་དམར་དམག་བཀོད་འཐབ་པའི་ཁྲོད་དུ་མི་སྟོང་གཅིག་དང་དྲུག་བརྒྱ་ལྷག་བསད་པ་རེད།
ནུབ་ལམ་དམག་དཔུང་གི་སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་དྲིལ་སྒྲོག་པུའུ་ཀྲང་ལིའུ་རུའེ་ལུང་(གསང་མིང་ལ་ལི་ཀྲན་ཁུའེ་ཟེར)དང་། ལིའུ་ཅིང་ཧྲེང་། ཝེ་ཁྲོན་ཐུན། ཞུས་ཧུང་ཚའེ། ཧུའེ་ཙི་མིན། ཏུང་ཀོང་དབྱི། ཀྲང་ཡུས་ཆིན། ཡོན་ཀྲེང་མིང་སོགས་བློ་མཐུན་བརྒྱད་ཀྱིས་ཀྲང་ཡེའི་བཙོན་ཁང་ནང་གསང་བའི་སྒོ་ནས་ཏང་ཀྲི་པུའུ་བཙུགས་ཤིང་། ལིའུ་རུའེ་ལུང་ཧྲུའུ་ཅི་དང་། ཝེ་ཁྲོན་ཐུན་ཧྲུའུ་ཅི་གཞོན་པར་བསྐོས་ནས་བཙོན་གྲོགས་རྣམས་ལ་མགོ་ཁྲིད་དེ་དགྲ་བོར་འཐབ་རྩོད་བྱས། དགྲ་བོས་ཟི་ལིང་དུ་ཁྲིད་ཡོང་རྗེས། ཁོ་ཚོས་བཙོན་ཁང་གི་བཙོན་མ་རྣམས་སྒོ་ཕྱིར་གཏོང་བའི་གོ་སྐབས་སྤྱད་དེ་གསར་བརྗེའི་ལ་རྒྱ་སྐོར་གྱི་སློབ་གསོ་བཏང་། དེ་ནས་ཅང་མ་འགོར་བར། དགྲ་བོས་ལིའུ་རུའེ་ལུང་དང་། ཝེ་ཁྲོན་ཐུན། ཞུས་ཧུང་ཚའེ། ཧུའེ་ཙི་མིན་སོགས་མི་བཞི་ལན་ཀྲིག་ལ་སྐྱེལ་བའི་ལམ་བར་དུ། དམག་སྡེ་བརྒྱད་པ་ལན་ཀྲིག་རུ་སྡོད་པའི་དོན་གཅོད་ཁང་གིས་སྐྱོབ་ཐབས་བྱས་ནས་ཡན་ཨན་དུ་བསྐྱལ། དམར་དམག་དཔུང་ཕྱོགས་སྒར་ཆེན་དགུ་པའི་དམག་དཔོན་སུན་ཡུས་ཆིན་གྱིས་ཤི་ཡང་མགོ་བོ་མ་བསྒུར་བས། ཆིག་སྟོང་དགུ་བརྒྱ་སོ་བདུན་ལོའི་ཟླ་ལྔ་པའི་ཟླ་སྨད་དུ་མཱ་པུའུ་ཧྥང་གིས་གསང་བའི་སྒོ་ནས་བསད་པ་དང་། སྐབས་དེར་ཁོ་རང་ལོ་ཉེར་བརྒྱད་རེད། ནུབ་ལམ་དམག་དཔུང་ཆབ་སྲིད་པུའུ་ཡི་རྩ་འཛུགས་པུའུ་ཀྲང་ཀྲང་ཆིན་ཆིའུ་ཟི་ལིང་དུ་བཀག་ཉར་བྱས་རྗེས། གསང་མིང་ལ་ཀོའུ་ཞིའུ་དབྱིན་ཞེས་འབོད་ཅིང་། བློ་མཐུན་ཚོས་འགེབས་སྲུང་བྱས་ཏེ་ཚང་མར་སྣེ་ཁྲིད་དེ་དགྲ་བོར་འཐབ་རྩོད་བྱས། གཡུལ་ས་རུ་དགྲ་བོ་དང་སྲོག་བསྡོས་ནས་འཐབ་འཛིང་བྱས་པའི་དཔའ་བོ་འདི་དག་གསོན་བཟུང་བྱས་རྗེས། དགྲ་བོའི་ཡ་ང་བའི་གནོད་འཚེ་ལ་གདོང་གཏད་དེ་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་འཐབ་རྩོད་རྒྱུན་འཁྱོངས་བྱས་ཏེ། རང་སྲོག་བློས་གཏོང་བར་མི་འཛེམས་པ་དང་། བློ་ངར་ཞུམ་མེད་ཀྱིས་གསར་བརྗེའི་དཔའ་བོ་རིང་ལུགས་ཀྱི་དཔའ་ཉམས་མངོན།
ཆིག་སྟོང་དགུ་བརྒྱ་སོ་དྲུག་ལོའི་ཟླ་བཅུ་གཉིས་པར། “ཞི་ཨན་དུས་འགྱུར”བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་གི་བདེན་དོན་ལ་དམིགས་ནས། དུས་འགྱུར་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་བྱས། དེའི་རྗེས་སུ། ཀྲོའུ་ཨེན་ལའེ་ཡིས་ཏང་ཀྲུང་དབྱང་གི་མཛུབ་སྟོན་ལྟར། ཐེངས་མང་པོར་གསང་བའི་ཏང་ཡོན་ནམ་ཆེད་ཞུས་དམངས་གཙོའི་རྒྱལ་གཅེས་མི་སྣ་ཀན་སུའུ་དང་མཚོ་སྔོན་ས་ཁུལ་དུ་མངགས་ནས། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་མཱ་ཇག་སྤུན་གཉིས་ལ་འབྲེལ་གཏུག་བྱས་ཏེ། ནུབ་ལམ་དམག་དཔུང་ལ་ཚུར་རྒོལ་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་། གསོན་བཟུང་བྱས་པའི་མི་སྣར་བལྟ་རུ་སོང་ནས་ཀྲུང་དབྱང་གི་མཛུབ་སྟོན་གསང་བའི་སྒོ་ནས་མངགས་བཅོལ་གནང་། དཀའ་སྤྱད་དང་འབད་བརྩོན་ལྷོད་མེད་བྱས་པར་བརྟེན། མི་སྟོང་བཞི་ལྷག་དགྲ་བོའི་འདྲེ་ལག་ནས་ཐར་ཏེ་གསར་བརྗེའི་དཔུང་སྡེར་ཕྱིར་ལོག་པ་རེད།
དམར་དམག་ནུབ་ལམ་དམག་དཔུང་གི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་ཆེད། ཀྲུང་གུང་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཟི་ལིང་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་སྐྱེད་ཚལ་གླིང་དུ་ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་གི་དྲན་གསོ་ཁང་བསྐྲུན་རྒྱུ་ཐག་བཅད་པ་རེད། ཆིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོའི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་དྲན་གསོ་ཁང་སྒོ་ཕྱེས་པ་རེད། ཉིས་སྟོང་དྲུག་ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དྲན་གསོ་ཁང་བསྐྱར་སྐྲུན་བྱ་རྒྱུ་གཏན་འབེབས་བྱས་པ་དང་། ཁང་གསར་དེ་ཟི་ལིང་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོ་སྐྱེད་ཚལ་གླིང་གི་བྱང་ངོས་སུ་བདམས་པ་དང་། ཉིས་སྟོང་བཅུ་ལོའི་ལོའི་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་སྒོ་འབྱེད་མཛད་སྒོ་བསྡུས། ཉིས་སྟོང་བཅོ་ལྔ་ལོའི་ལོའི་ཟླ་ལྔ་པར། ཟི་ལིང་གྲོང་ཁྱེར་གྱིས་དྲན་གསོ་ཁང་རྒྱས་སྐྲུན་དང་བསྒྱུར་བཀོད་བྱས། ཟླ་བརྒྱད་པར་བསྐྱར་སྐྲུན་རྒྱས་སྐྲུན་ལེགས་འགྲུབ་བྱུང་བ་དང་འགྲེམས་ཁང་གསར་པ་སྒོ་ཕྱེས། འགྲེམས་སྟོན་ལམ་ཐིག་དེ་སྔའི་མུས་བཞི་བརྒྱ་ལྷག་ཙམ་ནས་མུས་དྲུག་བརྒྱ་དོན་བརྒྱད་བར་རྒྱ་བསྐྱེད་པ་དང་། དེའི་ནང་རི་མོ་དང་འཇིམ་བཟོའི་སྒྱུ་རྩལ། སྒྲ་དང་། འོད། གློག་བཅས་ཀྱི་གྲངས་ཀའི་ཚོད་འཛིན་གཞི་གཅིག་ཅན་གྱི་ལམ་ནས་ནུབ་ལམ་དམག་དཔུང་གི་ལོ་རྒྱུས་ཧྲིལ་པོ་ཅུང་ཆ་ཚང་བའི་སྒོ་ནས་མཚོན་ཡོད་པ་རེད།
ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཀྲུའུ་ཏེ་དང་ལིས་ཞན་ཉན། ཞུས་ཞང་ཆན་སོགས་ཀྱིས་སྔ་གཞུག་ཏུ་དྲན་གསོ་ཁང་ལ་ཕྱག་བྲིས་ཕྱག་བསྟར་མ་གནང་བ་རེད། དྲན་གསོ་ཁང་གིས་ནུབ་ལམ་དམག་དཔུང་གི་གསར་བརྗེའི་ལོ་རྒྱུས་དར་སྤེལ་གཏོང་བ་དང་། དེང་རབས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་དང་སྐུལ་ལྕག་གཏོང་བར་ནུས་པ་གལ་ཆེན་ཐོན་པར་མ་ཟད། དེ་ནི་ཁྱད་ཆོས་ལྡན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཀྱང་རེད། དྲན་གསོ་ཁང་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་དང་། རྒྱལ་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་རྟེན་གཞི། རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། རྒྱལ་ཡོངས་ཀྱི་སྲིད་གཙང་སློབ་གསོའི་རྟེན་གཞི་སོགས་ལ་གཏན་འཁེལ་བྱས་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།