རྨ་ཆུའི་མགོ་ཁུངས་ནས་རི་དྭགས་གླ་བ་མཐོང་།
2021.06.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

རི་དྭགས་གླ་བ་ནི་རྒྱུན་དུ་དོགས་ཟོན་མཐོར་འདེགས་བྱེད་མཁན་གྱི་རི་སྐྱེས་སྲོག་ཆགས་ཤིག་རེད། དམར་ཕྱིའི་པར་ཆས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པའི་ཁྲོད་གྲངས་འབོར་ཤིན་ཏུ་ཉུང་ཞིང་། གླ་བ་དེ་དག་གིས་ནམ་ཡང་རང་གི་ཉེ་འཁོར་གྱི་གྲགས་འགུལ་ལ་རྣམ་ཤེས་གཏད་འདུག་པ་དང་གྲགས་འགུལ་ཙུང་ཙམ་ཞིག་ཡོད་དུས་མཆོང་ལྡིང་བྱེད་བཞིན་ནགས་ཚལ་སྟུག་པོའི་ཁྲོད་དུ་བྲོས་འགྲོ།

གསའ་དང་གཙོད།  ཐང་རྒོད་ཀྱི་བྱི་ལ་སོགས་དང་བསྡུར་ན་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གླ་བ་ལ་ཀུན་གྱིས་དེ་འདྲ་དོ་སྣང་བྱེད་ཀྱི་མེད། ཡངས་ཤིང་རྒྱ་ཆེ་བའི་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་གླིང་ཁུལ་དུ་རི་དྭགས་གླ་བ་ཡོད་པ་དེས་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། མཚོ་སྔོན་ཞིང་ཆེན་རྩྭ་ཐང་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་རུ་མི་རྣམས་ཀྱིས་ལོ་གཉིས་ཀྱི་དུས་ཚོད་བཀོལ་ནས་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དུ་རི་དྭགས་གླ་བ་བཙལ་བའི་གནས་ཚུལ་དེར་ད་ལྟ་རིན་ཐང་ལྡན་པའི་ཐོག་མའི་གྲུབ་འབྲས་བྱུང་ཡོད།

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྩྭ་ཐང་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་དྲུང་ཡིག་ངག་དབང་ལ་ཆེད་དོན་བཅར་འདྲི་བྱེད་སྐབས་སུ་ཁོས་ང་ཚོར་རྨ་ཆུའི་མགོ་ཁུངས་ཀྱི་གླ་བའི་གནས་ཚུལ་སྐོར་གྱི་དོན་དག་མང་པོ་ཞིག་གི་གསལ་ཁ་བཀྲོལ་སོང་།

གླ་བ་ནི་སྲུང་སྐྱོབ་གང་ལེགས་བྱེད་དགོས་པའི་སྲོག་ཆགས་ཤིག་རེད།

རི་དྭགས་གླ་བའི་སྐོར་ལ་ངག་དབང་ལ་ཆ་རྒྱུས་གསལ་བོ་ཡོད། ངག་དབང་གི་ཕ་ཡུལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་རེད། ཁོ་རང་ཆུང་ངུའི་དུས་སུ་སློབ་གྲྭར་འགྲོ་བའི་ལམ་བར་དུ་རྒྱུན་དུ་རི་དྭགས་གླ་བ་མཐོང་ཐུབ་ཀྱི་ཡོད། ཁོའི་བསམ་པ་ཞིག་ལ་གླ་བ་ནི་གཡི་དང་ཁ་ཤ། ཕག་རྒོད་སོགས་རི་སྐྱེས་སྲོག་ཆགས་དེ་དག་དང་འདྲ་བོ་འདུག་པ་དང་། སྡེ་བའི་ཉེ་འཁོར་གྱི་རི་ལུང་དག་ཏུ་རྒྱུན་པར་མཐོང་ཐུབ་ཀྱི་ཡོད།

དུས་སྐབས་ཤིག་གི་ནང་དུ་རི་དྭགས་གླ་བ་དེ་དག་མི་རྣམས་ཀྱི་མཐོང་ལམ་ནས་ཡལ་བར་གྱུར་ཅིང་།  ད་ལྟ་ངག་དབང་ཕ་ཡུལ་དུ་ལོག་པའི་ཚེ་ན་གླ་བ་དེ་དག་གི་རྗེས་ཤུལ་ཙམ་ཡང་མཐོང་རྒྱུ་མི་འདུག་ལ་སྡེ་མི་རྣམས་ཀྱིས་ཀྱང་རི་དྭགས་གླ་བའི་སྐོར་གྱི་དོན་དག་གླེང་བ་ཤིན་ཏུ་ཉུང་།

གླ་བ་དེ་དག་དོན་གྱིས་གང་དུ་བུད་སོང་བ་ཡིན་ནམ། གནས་ཚུལ་དེ་ངག་དབང་གི་སེམས་སུ་ཡང་ཡང་དྲན་བཞིན་ཡོད། ཉིས་སྟོང་བཅུ་དགུ་ལོར། ངག་དབང་རུ་མི་རྣམས་དང་མཉམ་དུ་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དུ་རི་དྭགས་གླ་བ་འཚོལ་བར་སོང་། ད་ལྟ་སྤྱི་ཚོགས་སྟེང་གི་མི་མང་པོ་ཞིག་གིས་གསའ་དང་ཐང་རྒོད་ཀྱི་བྱི་ལ་སོགས་རི་སྐྱེས་སྲོག་ཆགས་སྐོར་ཞིག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་ལས། རི་དྭགས་གླ་བར་དོ་སྣང་བྱེད་མི་ཤིན་ཏུ་ཉུང་། ངག་དབང་གི་བསམ་པར་མི་རྣམས་ཀྱིས་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་མེད་པའི་རི་སྐྱེས་སྲོག་ཆགས་དེ་དག་ལ་དོ་ཁུར་བྱས་ན་འགྲིག་པར་སེམས་ཀྱི་ཡོད།

རྨ་ཆུའི་མགོ་ཁུངས་གླིང་ཁུལ་དུ་མ་སོང་བའི་ཡར་སྔོན་དུ། ངག་དབང་གིས་ཆེད་དུ་རི་དྭགས་གླ་བ་དང་འབྲེལ་བ་ཡོད་པའི་རྒྱུ་ཆ་སྐོར་ཞིག་ལ་བལྟས། ཤེས་གསལ་ལྟར་ན་མིག་སྔར་རྒྱལ་ནང་དུ་རི་དྭགས་གླ་བར་ཞིབ་འཇུག་བྱེད་པའི་སྐོར་གྱི་དཔྱད་ཡིག་ཧ་ཅང་ཉུང་ཉུང་ཡིན་པས་རི་དྭགས་གླ་བའི་ད་ལྟའི་ཁྱུ་ཚོགས་ཀྱི་གྲངས་འབོར་དང་ཁྱབ་ཚུལ་གྱི་གཞི་གྲངས་ཕལ་ཆེར་སྟོང་ཆར་ལུས་འདུག

ངག་དབང་གིས་བཤད་རྒྱུར། རི་དྭགས་གླ་བའི་གྲངས་ཀ་ཚོད་རྩིས་བྱེད་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་རེད། རྒྱུ་མཚན་ནི་རྒྱུ་ཆ་མང་པོའི་ཁྲོད་དུ་དགོས་གལ་ཆེ་བའི་མཇུག་འབྲས་ཅི་ཡང་རྙེད་མི་ཐུབ་པས་རེད།  དོན་དངོས་ཀྱི་གནས་ཚུལ་ཞིག་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་ནས་བརྒྱད་བཅུའི་ནང་དུ་རྒྱལ་ནང་གི་རི་དྭགས་གླ་བའི་གྲངས་འབོར་དེ་རིམ་བཞིན་ཇེ་ཉུང་དུ་སོང་བ་རེད།

ཕོ་གླ་དག་ལས་གླ་རྩི་བླངས་ཆོག་པས་གལ་ཏེ་སྲུང་སྐྱོབ་ཡག་པོ་མ་བྱས་ན་གླ་བ་དེ་དག་ནི་གཞི་ནས་སྟོང་ཉེན་ཆེན་པོ་ཡོད་ལ། དེ་དག་སྐྱེ་འཕེལ་འབྱུང་རྒྱུ་ནི་ཤིན་ཏུ་ཁག་པོ་རེད་ཅེས་ངག་དབང་གིས་བཤད། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་ཤེས་རྟོགས་བྱུང་བར་གཞིགས་ན། རྨ་ཆུའི་མགོ་ཁུངས་གླིང་ཁུལ་དུ་དམར་ཕྱིའི་པར་ཆས་ལ་བརྟེན་ནས་མཐོང་བའི་གླ་བའི་ནང་མོ་གླའི་གྲངས་ཀ་ཅུང་མང་ཟེར།

ག་དབང་གིས་བཤད་རྒྱུར། གཙང་གསུམ་མགོ་ཁུངས་གླིང་ཁུལ་གྱི་རྩ་ཆེའི་སྲོག་ཆགས་མང་པོའི་ཁྲོད་དུ་གླ་བ་ནི་སྟོང་ཉེན་ལ་འཕྲད་ཡོད་པས་མྱུར་དུ་སྲུང་སྐྱོབ་བྱེད་དགོས་པའི་སྲོག་ཆགས་ཀྱི་གྲས་སུ་གཏོགས་ཟེར།

རི་དྭགས་གླ་བས་སྲོག་དོར་ཡང་འཚོ་གནས་མི་དོར།

ཉེ་སྔོན་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། རི་དྭགས་གླ་བའི་འཚོ་བའི་གོམས་གཤིས་ལ་རྒྱུས་ལོན་བྱས་པའི་རྨང་གཞིའི་སྟེང་། ངག་དབང་དང་རུ་མི་རྣམས་ཀྱིས་གདམ་གསེས་ཀྱི་ངང་ནས་གཏན་འཇགས་ས་ཁུལ་དུ་དམར་ཕྱིའི་པར་ཆས་བཙུགས་པ་དང་། དམར་ཕྱིའི་པར་ཆས་ལས་ཐོག་མར་མངོན་པ་ནི་གསའ་དང་དྲེད་མོང་། གཡི་སོགས་རི་སྐྱེས་སྲོག་ཆགས་སྐོར་ཞིག་འགུལ་སྐྱོད་བྱེད་པའི་རྣམ་པ་ཡིན་ལ་དུས་ཡུན་གང་འཚམ་ཞིག་སོང་རྗེས་སུ་རི་དྭགས་གླ་བའང་མཐོང་ཐུབ་པར་གྱུར།

རི་དྭགས་གླ་བ་ནི་གཏན་འཇགས་ཀྱི་འགུལ་སྐྱོད་ཁྱབ་ཁོངས་སུ་འགུལ་སྐྱོད་བྱེད་པའི་སྲོག་ཆགས་ཤིག་ཡིན་པ་དང་། འཚོ་བའི་གོམས་གཤིས་དེས་ཁོའི་གནས་བབ་ལ་འཇིགས་ཉེན་བཟོ་བཞིན་ཡོད་པ་རེད་ཅེས་ངག་དབང་གིས་བཤད། ཁོ་ཚོས་ཐེངས་མང་པོར་བརྟག་དཔྱད་བྱས་པ་ལས་ཤེས་གསལ་ལྟར་ན། གླ་བ་རྣམས་ཕྱི་རོལ་གྱི་འགོག་རྐྱེན་དང་འཕྲད་པའི་དུས་སུ་མྱུར་དུ་རིའི་ལྡེབས་སོགས་སུ་ཉེན་གཡོལ་དུ་བྲོས་འགྲོ་ཞིང་། ཉེན་ཁར་གཡོལ་རྗེས་སླར་ཡང་ཕྱིར་རང་གི་ས་ཁོངས་དེར་ལོག་ནས་འཚོ་གཞེས་བྱེད་ཀྱི་ཡོད།

དུས་ཡུན་ཅུང་རིང་བོར་བརྟག་དཔྱད་བྱས་པ་བརྒྱུད། ངག་དབང་དང་རུ་མི་རྣམས་ཀྱིས་རི་དྭགས་གླ་བའི་འཚོ་བའི་གོམས་གཤིས་ལ་རྒྱུས་ལོན་ཅུང་ཙམ་བྱེད་ཐུབ་པར་གྱུར་བས་སྔོན་ལས་ལྷག་པའི་སྒོ་ནས་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་རི་དྭགས་གླ་བར་རྒྱུས་ལོན་བྱེད་པར་རྨང་གཞི་བཏིངས།

རི་དྭགས་གླ་བ་ནི་རྩྭ་གཟན་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་ཤིང་། དུས་རྒྱུན་དུ་སྤྱང་ཀི་དང་གཡི། གླག་རྒོད་སོགས་དགྲ་ཟླ་ཡང་མང་པོ་ཞིག་ཡོད་ཅིང་། སྲོག་ཆགས་དེ་དག་གི་ཁྲོད་དུ་རི་དྭགས་གླ་བས་རང་ཉིད་ལ་དབང་བའི་ས་ཁོངས་སུ་འཚོ་བ་རོལ་བཞིན་ཡོད། ངག་དབང་གིས་བཤད་རྒྱུར། རི་དྭགས་གླ་བ་ནི་རི་མགོ་ལ་འགོ་བ་སོགས་ལ་བདེ་རྩལ་འཁྱུག་པོ་ཡོད། གླ་བའི་ལག་པ་གཉིས་ཅུང་ཐུང་ཞིང་རྐང་པ་གཉིས་ཅུང་རིང་། གླ་བ་ནི་རི་མགོར་འབྲོ་རྒྱུར་བྱང་ཆ་ལྡན་པས་ཉེན་ཁ་སྣ་ཚོགས་ལ་གཡོལ་ཐུབ་ཀྱི་ཡོད།

རི་དྭགས་གླ་བར་ད་དུང་གཏན་འཁེལ་གྱིས་རིལ་མ་གཏང་ས་ཡོད་ལ་རིལ་མ་ཁངས་ཀྱིས་གཡོགས་དུས་རི་དྭགས་གླ་བས་རིལ་མའི་སྟེང་གི་ཁངས་འདྲད་ཀྱི་ཡོད་པ་དང་། ཕོ་མོ་མི་འདྲ་བའི་གླ་བས་ས་གནས་གཅིག་ཏུ་རིལ་མ་གཏོང་བཞིན་པ་ངག་དབང་སོགས་ཀྱིས་མཐོང་།

རི་དྭགས་གླ་བའི་སྐྱེ་ཁམས་རིན་ཐང་།

གླ་བ་ཕོ་ལ་གླ་རྩི་ཡོད་པ་དང་གླ་རྩི་ལ་དྲི་མ་སྟུག་པོ་ལྡན། ལྷག་པར་དུ་དབྱར་གྱི་དུས་སུ་ཕོ་གླ་འགུལ་སྐྱོད་བྱེད་པའི་ས་ཆའི་མཁའ་དབུགས་ཀྱི་ཁྲོད་དུ་ཡང་གླ་རྩིའི་དྲི་མས་ཁྱབ་འདུག །ངག་དབང་སོགས་ཀྱིས་རྨ་ཆུའི་མགོ་ཁུངས་ཀྱི་ས་ཁུལ་སྐོར་ཞིག་ཏུ་བརྟག་དཔྱད་བྱེད་སྐབས་རྒྱུས་ལོན་བྱུང་བ་ལྟར་ན། ས་གནས་དེ་དག་དུ་འདི་འདྲའི་བཤད་རྒྱུན་ཞིག་གང་སར་ཁྱབ་ཡོད་དེ། གླ་བ་འགུལ་སྐྱོད་བྱེད་པའི་ས་ཁུལ་དུ་རྩྭ་དང་རྩི་ཤིང་གི་སྐྱེས་རྒྱ་མཐུག་ལ་རིམས་ནད་སོགས་འབྱུང་ཚད་ཤིན་ཏུ་ཉུང་བར་གྲགས། སྤྱིར་ན་དེ་ནི་བཤད་རྒྱུན་ཙམ་དུ་ཟད་ཀྱང་ངག་དབང་གི་བསམ་པར་སྐྱེ་ཁམས་ཀྱི་ཆ་ནས་བཤད་ན་དེ་ལ་གནས་ལུགས་ངེས་ཅན་ཞིག་ལྡན་པར་འདོད། རྒྱུ་མཚན་ནི་ཕོ་གླ་དག་གི་གླ་རྩའི་ནང་ནས་མཆེད་པའི་དྲི་མ་དེས་ས་ཁོངས་ཁོར་ཡུག་གི་མཁའ་དབུགས་ལེགས་བཅོས་ཐད་ནུས་པ་ཆེན་པོ་ཐོན་ཐུབ་ཀྱི་ཡོད་པར་སྙམ།

བརྟག་དཔྱད་བྱེད་པའི་སྐབས་སུ་ས་གནས་མང་ཚོགས་ཀྱིས་ངག་དབང་དང་ཁོའི་རུ་མི་རྣམས་ལ་མཚམས་སྦྱོར་བྱས་དོན། རི་དྭགས་གླ་བའི་ཁ་གྲངས་ཇེ་ཉུང་དུ་སོང་བ་དང་བསྟུན་ནས། བྱ་དབང་སྔོན་པོ་དང་བྱ་དེ་སོགས་ཀྱི་གྲངས་འབོར་ཡང་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཅིང་། རི་དྭགས་གླ་བའི་གྲངས་འབོར་ཇེ་མང་དུ་སོང་བ་དང་བསྟུན་ནས་བྱ་རིགས་དེ་དག་གི་གྲངས་འབོར་ཡང་མུ་མཐུད་དུ་ཇེ་མང་ལ་འགྲོ་བཞིན་ཡོད་པ་རེད་ཟེར། གཞན་ཡང་ས་གནས་དེ་གའི་འབྲོག་པ་རྣམས་ཀྱིས་ལོ་འདི་དག་གི་ནང་དུ་དྲེད་མོང་དང་ཤ་བ་མཆུ་དཀར། གནའ་བ་སོགས་ཀྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་ལ་དེའི་ནང་དུ་རི་དྭགས་གླ་བའང་ཚུད་ཡོད་ཟེར། འགྱུར་ལྡོག་ཕྲ་མོ་དེའི་རིགས་ནི་སྐྱེ་དངོས་རིགས་ཁེར་རྐྱང་གི་གྲངས་འབོར་སླར་གསོ་བྱས་པ་ཙམ་མིན་པར་ལྷག་པར་དུ་འབྲེལ་ཡོད་སྐྱེ་དངོས་རིགས་ཀྱི་ཁྱོན་ཡོངས་ཀྱི་འགྱུར་ལྡོག་ཅིག་རེད།

ངག་དབང་གིས་བཤད་རྒྱུར། བརྟག་དཔྱད་བྱེད་པའི་སྐབས་སུ་ད་དུང་ཤེས་རྟོགས་བྱུང་བ་ནི། རྨ་ཆུའི་མགོ་ཁུངས་ཀྱི་རི་དྭགས་གླ་བ་འགུལ་སྐྱོད་བྱེད་པའི་ས་ཁོངས་ཀྱི་ཁོར་ཡུག་ལྟོས་བཅས་ཀྱིས་ལེགས་ཕྱོགས་སུ་འཕེལ་བཞིན་ཡོད་ཅིང་། རི་དྭགས་གླ་བར་མཚོན་ནས་བཤད་ན་དེ་ནི་གནས་ཚུལ་ལེགས་པོ་ཞིག་ཡིན་པ་དང་། དེས་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་སྲུང་སྐྱོབ་བྱེད་ཐབས་ཀྱི་ནུས་པ་རིམ་བཞིན་མངོན་གསལ་ཡིན་པ་མཚོན་ཡོད།

ངག་དབང་གི་བསམ་པར། རྨ་ཆུའི་མགོ་ཁུངས་ས་ཁུལ་དུ་མཚོན་ནས་བཤད་ན་རི་དྭགས་གླ་བ་ནི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པའི་ངོས་ནས་དེ་ལ་འཚོ་གཞེས་ཀྱི་རིན་ཐང་ལྡན་ཞིང་། དེས་འཚོ་གནས་ཁོར་ཡུག་ལ་ནུས་པ་བླ་ལྷག་ཐོན་བཞིན་ཡོད་པས་རི་དྭགས་གླ་བ་སྲུང་སྐྱོབ་བྱེད་པར་རིན་ཐང་ཆེན་པོ་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

རི་དྭགས་གླ་བའི་གྲངས་འབོར་མངོན་གསལ་སྒོས་འཕར་བ།

ལོ་ངོ་གཉིས་ཀྱི་དུས་ཚོད་ནང་དུ་བརྟག་དཔྱད་བྱས་པ་བརྒྱུད། དག་དབང་དང་རུ་མི་རྣམས་ཀྱིས་རྨ་ཆུའི་མགོ་ཁུངས་ཀྱི་གླ་བའི་ཁྱབ་སྟངས་གནས་ཚུལ་སྐོར་ལ་རྒྱུས་ལོན་རགས་ཙམ་བྱེད་ཐུབ་པ་བྱུང་། ངག་དབང་གིས་བཤད་རྒྱུར། རྨ་ཆེན་གངས་རིའི་རི་སུལ་དག་ཏུ་རི་དྭགས་གླ་བའི་འཚོ་གནས་ཡོད་པ་དང་། བརྟག་དཔྱད་བྱས་པ་བརྒྱུད་གླ་བའི་ཁྱུ་ཚོགས་ཀྱི་གྲངས་འབོར་ཅུང་མང་པོ་ཡོད་པ་རྒྱུས་ལོན་བྱེད་ཐུབ་པ་བྱུང་ཟེར།

རྨ་ཆུའི་མགོ་ཁུངས་གླིང་ཁུལ་དུ་བཅར་འདྲིའི་ཆ་འཕྲིན་དང་ཟུང་འབྲེལ་གྱིས་ངག་དབང་དང་རུ་མི་རྣམས་ས་གནས་དེའི་མང་ཚོགས་དང་མཉམ་དུ་རི་དྭགས་གླ་བ་འཚོ་གཞེས་བྱེད་པའི་ས་གནས་སུ་སོང་བ་དང་། རི་དྭགས་གླ་བས་བཏང་པའི་རིལ་མ་སོགས་ལ་བརྟེན་ནས་གླ་བ་འདུག་སའི་ས་གནས་གཏན་འཁེལ་བྱས། བར་སྐབས་དེ་དག་ཏུ་ཁོ་ཚོས་སྤྱིའི་ལམ་ཐག་སྤྱི་ལེ་ཉིས་སྟོང་ཡོད་པའི་ལམ་ཐིག་བཅུ་བཞི་ལ་བཅར་འདྲི་བྱས་ནས་གནས་ཚུལ་ཟིན་ཐོར་བཀོད། དེ་ལས་རི་དྭགས་གླ་བའི་རྗེས་ཤུལ་སྐོར་གྱི་ཟིན་ཐོ་བཅུ་བདུན་བཀོད་ཡོད་པ་དང་དམར་ཕྱིའི་པར་ཆས་ཉི་ཤུ་བཙུགས་ནས་རི་དྭགས་གླ་བ་དང་འབྲེལ་བ་ཡོད་པའི་བརྙན་རིས་སུམ་བརྒྱ་འཚོལ་སྡུད་བྱས།

ངག་དབང་གིས་བཤད་རྒྱུར། རྨ་ཆེན་གངས་རིའི་འདབས་རོལ་གྱི་རུ་སུལ་དག་ཏུ་གླ་བའི་གྲངས་འབོར་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་པ་ནི། ས་གནས་སྲིད་གཞུང་སྡེ་ཁག་གིས་ནུས་ལྡན་བྱེད་ཐབས་སྤྱད་པ་དང་དམངས་ཁྲོད་ཀྱི་ཁོར་སྲུང་ཚོགས་པ་དང་ས་གནས་མང་ཚོགས་ཀྱིས་སྲུང་སྐྱོབ་གང་ལེགས་བྱས་པའི་ཕན་འབྲས་རེད་ཟེར།  དཔལ་འབྱོར་གྱི་རིན་ཐང་ལྡན་པའི་རི་དྭགས་གླ་བར་དུས་ཡུན་རིང་བོར་སྲུང་སྐྱོབ་བྱེད་དགོས་ན། འབྲེལ་ཡོད་སྲིད་གཞུང་གི་རྒྱབ་སྐྱོར་གལ་ཆེ་བར་མ་ཟད། དེ་ལས་ཀྱང་དམངས་ཁྲོད་ཀྱི་ཁོར་སྲུང་ཚོགས་པ་དང་མི་དམངས་མང་ཚོགས་རྣམས་ཧུར་བརྩོན་ཆེན་པོས་རི་དྭགས་གླ་བ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ཁྲོད་ཞུགས་དགོས།

བརྟག་དཔྱད་བྱས་པའི་རྫོང་གསུམ་གྱི་ས་ཁོངས་སུ་རྨ་སྟོད་རྫོང་གི་གྲོང་རྡལ་གཅིག་ཕུད་པའི་ས་ཁུལ་གཞན་དུ་རི་དྭགས་གླ་བའི་ཁྱབ་སྟངས་མི་མངོན་ཞིང་། རྫོང་གཞན་པ་གཉིས་སུ་བརྟག་དཔྱད་བྱས་པའི་ས་ཁུལ་དུ་རི་དྭགས་གླ་བ་འགུལ་སྐྱོད་བྱེད་པའི་རྗེས་ཤུལ་མཐོང་།

ངག་དབང་གིས་བཤད་རྒྱུར། ཐེངས་འདིའི་བརྟག་དཔྱད་བཅར་འདྲི་དང་དམར་ཕྱིའི་པར་ཆས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་ཤེས་རྟོགས་བྱུང་བར་གཞིགས་ན། རི་དྭགས་གླ་བ་དེ་གཙོ་བོ་རྨ་ཆུའི་ཆུ་མགོའི་གྲོག་རོང་གི་ངོགས་གཉིས་ཀྱི་ནགས་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། གླ་བ་འཚོ་སྡོད་བྱེད་པར་འཚམ་པའི་ས་དབྱིབས་གཙོ་བོ་ནི་ནགས་ཕྲན་སྣ་ཚོགས་ཡོད་པའི་རི་ལྡེབས་སོགས་ཡིན་པ་ལས། བདེ་ཐང་གི་ནགས་ཁུལ་དུ་འཚོ་གཞེས་བྱེད་པ་ཧ་ཅང་ཉུང་ཉུང་རེད།  ཟན་རྩྭ་ཟ་བ་དང་ངལ་གསོ་བ། མཆོང་རྩེད་བྱེད་པ་སོགས་ཚང་མ་གླ་བའི་འགུལ་སྐྱོད་བྱེད་གནས་གཙོ་བོ་ནི་རི་ལྡེབས་རེད།

ངག་དབང་གིས་བཤད་རྒྱུར། རི་དྭགས་གླ་བ་ནི་འཕེལ་སྐྱེས་ཀྱི་ནུས་པ་ཅུང་ཆེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང་། རྩེབ་ཐེངས་གཅིག་ལ་ཕྲུ་གུ་གཉིས་རེ་རྩེབ་པ་ནི་ཅུང་རྒྱུན་ལྡན་ཡིན་ཞིང་། རི་དྭགས་གླ་བ་དེ་དག་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་ནུས་ལྡན་ཡིན་ཚེ་རི་དྭགས་གླ་བའི་རིགས་ཀྱི་གྲངས་ཀ་སླར་གསོ་འབྱུང་རྒྱུ་ནི་ཅུང་མགྱོགས་པར་འདོད་ཟེར།

                                                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།