རྩྭ་ཐང་གི་འཚོ་བ་གསར་པ།
2021.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་བའི་མཚོ་སྔོན་རྐང་ཚའི་བོད་རིགས་ཁྱིམ་ཚང་ལ་བཅར་འདྲི་བྱས་པ།

རྐང་ཚའི་རྩྭ་ཐང་ཆེན་མོ་གཡུ་ཡི་གཞོང་པ་ལྟར་མཛེས་ཤིང་། འོམ་ཆུའི་ཆུ་རྒྱུན་ཕྲ་མོ་མཚོ་སྔོན་པོའི་ཀློང་ལ་དལ་གྱིས་འབབ་ཀྱིན་འདུག བོད་རིགས་འབྲོག་པ་བསོད་ནམས་ཚེ་རིང་གི་ཁྱིམ་གྱི་ཅོག་ཙེའི་ཐོག་ཏུ་སྣུམ་བཙོས་གོ་རེ་སྣ་ཚོགས་དང་སིལ་ཏོག་སོགས་བསྒྲིགས་ཡོད་པ་དང་། ལྕགས་ཐབ་ཐོག་འཁོལ་བཞིན་པའི་འོ་ཇའི་དྲི་ཞིམ་གང་སར་འཐུལ་འདུག

ཟླ་དྲུག་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་འབྲོག་པ་བསོད་ནམས་ཚེ་རིང་གི་ཁྱིམ་དུ་ཕེབས་ནས་བོད་རིགས་མང་ཚོགས་ལ་འཚམས་འདྲི་གནང་།

མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཆགས་ཡོད་པའི་རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བ་ནི་མཚོ་འཕགས་སུམ་སྟོང་སུམ་བརྒྱའི་མཚམས་སུ་གནས་པ་དང་། ས་དེའི་མང་ཚོགས་མང་པོ་ཞིག་གནས་འདིར་གཞི་ཆགས་ནས་འཚོ་བ་རོལ་བཞིན་ཡོད།

བསོད་ནམས་ཆེ་རིང་གིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ངེད་ཚང་གི་ཁྱིམ་དུ་ཕེབས་ནས་ཁང་བའི་ཕྱི་ནང་ཀུན་ལ་གཟིགས་རྟོག་ཞིབ་མོ་གནང་། ཁོང་ནི་དངོས་གནས་མི་ལ་བྱམས་བརྩེ་ཆེ་བ་ཞིག་ཡིན་པས་ང་ཚོ་སེམས་འགུལ་ཐེབས།” སྔོན་ཆད་ཀྱི་ཁོང་ཚང་གི་འཚོ་བའི་གནས་ཚུལ་མཚོན་པའི་འདྲ་པར་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ལ་མིག་སྔར་གྱི་འཚོ་བའི་འགྱུར་ལྡོག་སྐོར་མཚམས་སྦྱོར་བྱེད་དུས། བོད་ལྭ་གོན་པའི་བསོད་ནམས་ཚེ་རིང་གི་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་འདུག

དེ་ལས་པར་གཅིག་ནི་བསོད་ནམས་ཚེ་རིང་ཚང་གི་སྔོན་ཆད་ཀྱི་སྡོད་ཁང་ཡིན་ཞིང་། དེ་ནི་རི་འདབས་སུ་ཆགས་པའི་ས་ཁང་ཞིག་རེད། རྡོ་ཡིས་བསྒྲིགས་པའི་ཕྱི་རའི་མཐོ་དམའ་མི་སྙོམས་ཤིང་ཧ་ཅང་ཐབས་ཆག་གི་ཚུལ་དུ་གནས།  པར་རིས་གཞན་ཞིག་ནི་བསོད་ནམས་ཚེ་རིང་ཚང་གི་རྩྭ་ས་དང་ལུག་ར་རེད། དྭངས་གཙང་ནུས་ཁུངས་བརྒྱུད་སྤྲོད་བྱེད་པའི་མཐོ་གནོན་གློག་སྐུད་དེ་མཁའ་དབྱིངས་སུ་ལྷོད་ཀྱིས་འཐེན་ཞིང་། རྩྭ་ཐང་དུ་ཁྱབ་པའི་ལུག་གི་ཤ་ཤེད་ཧ་ཅང་བཟང་།

2014ལོའི་ལོ་མཇུག་ཏུ། བསོད་ནམས་ཚེ་རིང་ཚང་སྤྱི་ལེ་བཅུ་བདུན་ལྷག་གི་ལམ་ཐག་ཡོད་པའི་རི་ཁུལ་ནས་རུ་བ་སྤོར་བའི་འཚོ་བ་མཇུག་བསྡུས་ཏེ་གཏན་སྡོད་སྡེ་གསར་དུ་ཡོང་། 2015ལོའི་ལོ་མཇུག་ཏུ། བསོད་ནམས་ཚེ་རིང་ཚང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དུ་བདམས།

འདས་ཟིན་པའི་འཚོ་བར་དཀའ་ཁག་ཆེ་ལ། རི་ཁུལ་ནས་ཕར་འགྲོ་ཚུར་འོང་བྱེད་པར་སྟབས་བདེ་མིན་པས་ཆུང་མར་ན་ཚ་བྱུང་ཡང་བསྲན་ནས་འདུག་དགོས་པ་དང་། བྱིས་པ་གཉིས་ཀྱང་སློབ་གྲྭར་འགྲོ་ཐུབ་ཀྱིན་མེད་པར་རྒྱུན་ཏུ་ཡུལ་ན་ཕྱུགས་ཟོག་འཚོ་བཞིན་ཡོད་ཅེས་བསོད་ནམས་ཚེ་རིང་གིས་ཕྱིར་དྲན་བྱེད་ཞོར་བཤད། ནོར་ལུག་ཉོ་བའི་སྒོར་མོ་མེད་པའི་རྐྱེན་གྱིས་ཁྱིམ་གྱི་རྩྭ་ས་མུའུ་བཞི་བརྒྱ་དང་ལྔ་བཅུའི་སྟེང་དུ་ནོར་བརྒྱད་ཙམ་མ་གཏོགས་འཚོ་ཐུབ་ཀྱིན་མེད་པས་འཚོ་བར་དཀའ་ཁག་ཆེ།

ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་དང་དངུལ་གྲངས་ཉུང་བའི་དངུལ་བུན་བཀོལ་སྤྱོད་བྱེད་པར་བརྟེན་ནས། བསོད་ནམས་ཚེ་རིང་གིས་རིམ་བཞིན་གསོ་སྤེལ་གཞི་ཁྱོན་རྒྱ་བསྐྱེད་དེ། ལུག་བརྒྱད་ཅུ་དང་ནོར་ཉི་ཤུ་གསོ་སྤེལ་བྱས། ན་ནིང་། བསོད་ནམས་ཚེ་རིང་ཚང་གི་ནོར་ལུག་གསོ་སྤེལ་དང་རྩྭ་སའི་ཁ་གསབ། སྤྱི་ཕན་ལས་རྐང་སོགས་ཀྱི་སྤྱིའི་ཡོང་འབབ་སྒོར་འབུམ་གཅིག་ལས་བརྒལ་ནས་ཁྱིམ་མི་གཅིག་གི་ཡོང་འབབ་དེ2015ལོའི་སྒོར་སྟོང་གཉིས་དང་བརྒྱ་ནས་སྒོར་ཁྲི་གཉིས་དང་སྟོང་གཅིག་ལ་འཕར་ཡོད།

ད་ལྟ། བསོད་ནམས་ཚེ་རིང་ཚང་བསྡད་ཡོད་པའི་སོ་ཕག་གིས་ལས་པའི་ཁང་བའི་ནང་དུ་ས་གདན་བཏིངས་ཡོད་པ་དང་། ཁྱིམ་ཆས་སྣ་ཚོགས་ཁ་ཚང་ཡིན་ལ་ཁང་བའི་ནང་དུ་དྲོད་ཀྱིས་ཁེངས་འདུག

བོད་མིའི་གཏམ་དཔེར་ཡང་བརྩོན་པའི་ལས་མ་བྱས་ན། ཞིམ་པའི་ཟས་མི་ཐོབ་ཅེས་པ་ནང་བཞིན། དཀའ་སྤྱད་ལས་བརྩོན་བྱས་པས་དབུལ་ཐར་ཕྱུག་འགྱུར་བྱུང་སྟེ། 2019ལོར་བསོད་ནམས་ཚེ་རིང་འོམ་ཆུ་གྲོང་རྡལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དུ་བདམས། འགྲུལ་ཁང་གི་ནང་དུ་བྱ་དགའི་དཔང་ཡིག་རྣམས་གསལ་བོར་མཐོང་། ཏང་གི་སྲིད་ཇུས་བཟང་བོས་ང་ཚོ་འབྲོག་པ་རྣམས་ཀྱི་འཚོ་བ་ནི་དབྱར་གྱི་རྩྭ་ཐང་ཆེན་མོ་དང་འདྲ་བར་ཉི་མ་རེ་ལ་འགྱུར་ལྡོག་འབྱུང་དུ་འཇུག་བཞིན་ཡོད།

དཀོན་ལོ་གོང་མ་སྡེ་བར་ཐོན་དུས་ཁྱིམ་ཚང་རེ་རེས་དེང་རབས་སྤྱོད་ཁང་བཀོལ་སྤྱོད་བྱེད་བཞིན་ཡོད་པར་མ་ཟད། རླངས་འཁོར་ཡང་ཁྱིམ་ཚང་རེ་རེའི་སྒོ་ཁར་ཐོན་ཐུབ། རྒྱང་ཐག་རིང་བོའི་གཡུ་མདོག་གི་རྩྭ་ཐང་དུ་ཆགས་པའི་འབྲོག་པའི་སྡོད་ཁང་གསར་བ་དེ་དག་གིས་མི་རྣམས་ཀྱི་མིག་ལམ་དུ་མཛེས་པའི་རི་མོ་ཞིག་ངང་གིས་བྲིས་འདུག

སྡེ་བའི་ནང་དུ་རྐང་རྩེད་སྤོ་ལོའི་ར་བ་ཆུང་ཆུང་ཞིག་ཡོད་པ་དང་། བྱིས་པ་རྣམས་ཀྱིས་དེ་རུ་རྩེད་འཇོར་རོལ་བཞིན་འདུག སྡེ་བའི་འགྲམ་གྱི་གསར་དུ་ལས་པའི་གངས་རི་མེ་ཏོག་གནས་སྐོར་སྤྲོ་ཁྱིམ་གླིང་དུ་སྦྲ་གུར་སྣ་ཚོགས་ཕུབ་ཡོད་པ་ལས་གཞན་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཤིང་ཁང་ཆུང་ངུ་དག་གིས་གནས་སྐོར་བར་ངལ་གསོའི་བསྟི་གནས་ཤིག་བསྐྲུན་ཡོད།

“ད་ལྟ། སྡེ་བའི་ནང་དུ་ནོར་ལུག་གསོ་སྤེལ་དང་སྐྱེ་ཁམས་གནས་སྐོར་གྱི་ཐོན་ལས་ཆེན་པོ་གཉིས་འཕེལ་རྒྱས་སུ་བཏང་བས། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་སྒོ་དེ་ན་ནིང་སྒོར་འབུམ་གསུམ་དང་ཁྲི་དྲུག་ལ་སླེབས་པ་དང་། དབུལ་ཐར་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་སྒོར་སྟོང་བདུན་དང་དྲུག་བརྒྱ་དོན་བརྒྱད་ལ་སླེབས་ཡོད།”དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་མཚམས་སྦྱོར་བྱེད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་སྡེ་བར་ཕེབས་པས་ཚང་མས་མཛེས་སྡུག་འཚོ་བར་བཅངས་བའི་རེ་སྨོན་སྔར་ལས་ཇེ་དྲག་ཏུ་སོང་བ་དང་། མ་འོངས་འཚོ་བ་སྔར་ལས་བཟང་བར་ཡིད་ཆེས་ཡོད”ཟེར།

རྨང་གཞིའི་སྒྲིག་ཆས་ལེགས་བཅོས་ཆེན་པོ་བྱུང་བ་དང་། ཐོན་ལས་འཕེལ་རྒྱས་བརྟན་འཇགས་འཕར་སྣོན་བྱུང་བས་འབྲོག་པའི་གཏན་སྡོད་འཚོ་བ་བདེ་སྐྱིད་ལྡན་པར་གྱུར། མཐོ་སྒང་གི་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་གྱི་ཁྲོད་དུ། མཚོ་སྔོན་ཞིང་ཆེན་གྱིས་རིམ་བསགས་བྱས་ན་འབྲོག་པ་བསོད་ནམས་ཚེ་རིང་དང་འདྲ་བའི་འབྲོག་པ་འབུམ་ལྔ་ཙམ་རྫོང་མཁར་དང་འདུས་སྡོད་ས་ཁུལ་དུ་གཏན་སྡོད་བྱས་ཡོད།  མཚོ་སྔོན་གྱི་བོད་འབྲེལ་ས་ཁུལ་དུ2020ལོར་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་སྒོར་ཁྲི་གཅིག་དང་སྟོང་གཉིས་ལ་སླེབས་པས། 2015ལོ་དང་བསྡུར་ན་བརྒྱ་ཆའི་དོན་བཞི་ལྷག་འཕར། དབུལ་ཕོངས་སྡེ་བ་དྲུག་བརྒྱ་རེ་གཅིག་གི་དབུལ་ཕོངས་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་མི་གྲངས་འབུམ་གཉིས་དང་ཁྲི་ལྔ་སྟོང་བདུན་དབུལ་ཕོངས་ལས་ཡོངས་སུ་ཐར།

མིག་སྔར། བསོད་ནམས་ཚེ་རིང་གི་ཚ་མོ་དོན་གྲུབ་མཚོ་འོམ་ཆུ་གྲོང་རྡལ་གྱི་བཅའ་སྡོད་སློབ་ཆུང་གི་ལོ་རིམ་དང་པོར་ཞུགས་ཡོད་པ་དང་། ནར་སོན་རྗེས་དགེ་རྒན་ཞིག་བྱེད་འདོད་ཡོད་པའི་ལོ་བརྒྱད་ཅན་གྱི་བུ་མོ་དེས་རེ་བའི་མིག་མདངས་ཀྱིས་ང་རང་རྒྱལ་ས་པེ་ཅིན་དུ་སོང་ནས་རྒྱལ་དར་བསྒྲེང་བར་ལྟ་འདོད་པ་དང་། དེ་ལས་གཞན་རྩྭ་ཐང་དང་མི་འདྲ་བའི་མཛེས་ལྗོངས་དག་ལ་བལྟ་འདོད་ཟེར།

ཡིག་སྒྱུར་བ། གཡང་འབུམ་རྒྱལ། ཤ་བོ་རིན་མཚོ།