ཟླ6ཚེས7ནས་ཚེས9ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད། སྤྱི་ཁྱབ་ཧྲུའུ་ཅིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། ཡང་དག་པ། ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། མཁྲེགས་གཏོར་དཀའ་སེལ་དང་གསར་སྤེལ་གསར་གཏོད་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་ཧུར་ཐག་གིས་འབྲི་དགོས་ཞེས་ནན་གྱིས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ཐད་བླངས་པའི་གྲུབ་འབྲས་ཆེན་པོར་གདེང་འཇོག་གང་ལེགས་གནང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་གྱི་རྩོད་སྒྲུབ་འབྲེལ་བ་རྒྱས་བཤད་གཏིང་ཟབ་གནང་ཞིང་། ཚན་རིག་དང་མཐུན་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བའི་ཤུགས་འདོན་ས་གལ་ཆེན་གསལ་སྟོན་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་མཚོ་སྔོན་གྱི་འཕེལ་རྒྱས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པས་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་བའི་ཡིད་ཆེས་སྔར་ལས་ཆེ་རུ་བསྐྱེད་ཡོད།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་ལ་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ལས་དོན་ཡག་པོར་བསྒྲུབས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་གཏེར་སོགས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་སྲུང་སྐྱོབ་ཡག་པོ་བྱས་པ་དང་། གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བྱས་པ་མ་ཟད། བོད་ཀྱི་ས་གདན་སོགས་ཁྱད་ལྡན་ཐོན་ལས་དང་གྲོང་གསེབ་དར་སྤེལ་གཏོང་བའི་སྦས་ཤུགས་ཟམ་མི་ཆད་པར་བཏོན་ནས། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཡོད། མཚོ་སྔོན་གྱི་ལག་ལེན་ལས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱས་ཚེ། སྔོ་ལྗང་གི་རི་དང་དྭངས་གཙང་གི་ཆུ་དེ་མི་དམངས་མང་ཚོགས་ཀྱིས་རྒྱུན་མཐུད་སྒོས་ལོངས་སྤྱོད་བྱེད་པའི་རྒྱུ་ནོར་རྩ་ཆེན་དུ་བསྒྱུར་ཐུབ་ལ། རྒྱུན་ཆད་མེད་པར་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་ཐུབ་པ་ར་སྤྲོད་བྱུང་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་དག་ཆེན་པོ་ཞིག་ཡིན་ཞིང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་སྐབས་མཚོ་སྔོན་གྱིས་འགོ་འཛུགས་ས་སྔར་ལས་མཐོན་པོ་ནས་འགན་འཁྲི་སྔར་ལས་ཆེན་པོ་འཁུར་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། ས་ཁུལ་གྱི་དོན་བསམ་དགོས་པར་མ་ཟད་ཁྱོན་ཡོངས་ཀྱི་དོན་ཡང་བསམ་དགོས། ཕྱོགས་གཅིག་ནས་མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་གོ་གནས་དང་། རྒྱལ་ཁོངས་བདེ་འཇགས་ཀྱི་གོ་གནས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་ཀྱི་གོ་གནས་བཅས་སྔར་ལས་གལ་ཆེན་དུ་གྱུར་ཡོད་པས། མུ་མཐུད་དུ་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། སྐྱེ་ཁམས་བཅོས་སྐྱོང་སླར་གསོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཞན་ཞིག་ནས་མཚོ་སྔོན་གྱིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་། “རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཁྲོད་རང་འགུལ་ངང་མཉམ་འདྲེས་དང་འབྲེལ་མཐུད་བྱས་ནས་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ་དང་ལེགས་སྐྱེས་གསར་པ་འབུལ་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”དང་ཐ་ན་དུས་ཡུན་དེ་ལས་རིང་བའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་ཡིན། ས་ཁུལ་སོ་སོས་ཡུལ་བབ་དང་བསྟུན་པ་དང་ལེགས་ཆ་གསབ་རེས་བྱས་ཏེ་ས་ཁུལ་གྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་དགོས། ཐོན་ལས་ལ་རྒྱབ་བརྟེན་པ་དང་། ཐོན་ཁུངས་ཀྱི་ཁྱད་ཆོས་ལ་རྐང་འཛུགས་པ། ལེགས་ཆ་འདོན་སྤེལ་བྱེད་པ། སྐྱེ་ཁམས་དཔལ་འབྱོར་གོང་དུ་སྤེལ་བ་སོགས་འཕར་སྣེ་གསར་པ་བཏོད་ནས། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱེད་པ་དང་། སྒྲིག་སྲོལ་དང་རྐྱེན་སྲོལ་མྱུར་དུ་བཅོས་སྒྱུར་བྱེད་པ། སྒུལ་ནུས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་ཕན་ནུས་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དམངས་ཚིས་དོན་དངོས་མུ་མཐུད་དུ་ཡག་པོར་སྒྲུབ་ནས། ཧུར་ཐག་གིས་རིགས་སོ་སོའི་མི་དམངས་ཀྱི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་དགོས། ཕྱོགས་སོ་སོས་འབད་བརྩོན་ལྷོད་མེད་བྱས་ནས། མཇུག་མཐར་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྡུད་དགོས།
རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པ་བཏོད་ནས་གཟི་བརྗིད་ཀྱི་བྱ་གཞག་མུ་མཐུད་བསྐྲུན་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་དང་། འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པའི་ཁྲོད་བྱས་རྗེས་གསར་པ་མངོན་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འགོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་དགོས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།