མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
2021.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

-----སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་མཚོ་ནུབ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཟླ་6ཚེས་7ཉིན་ནས་ཚེས་9ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་།   འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ།ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱས་ནས།  མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་བརྟན་འཇགས་ཀྱི་ཁྲོད་དུ་ཡར་ཐོན་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་སྒྲིག་གཞི་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། མཁྲེགས་གཏོར་དཀའ་སེལ་དང་གསར་གཏོད་གསར་བསྐྲུན་བཅས་བྱས་ནས། མདོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་རྒྱུན་མི་ཆད་པར་ཐོབ་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཞིག་ནུས་ཤུགས་ཡོད་རྒུས་གསར་དུ་འབྲི་དགོས་ཞེས་བསྟན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་མཚོ་ནུབ་ཁུལ་གྱི་ཏང་ཡོན་དང་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།  ཚང་མས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། དམངས་ཚིས་འགན་ལེན་ལ་ནན་ཏན་སྒོས་ཤུགས་སྣོན་བྱེད་པ། ཐུན་མོང་ཕྱུག་འགྱུར་ཡོང་བ་མངོན་འགྱུར་བྱེད་པ།   མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ཡོང་ཆེད་ཡང་འབད་བསྐྱར་འབད་དང་འབད་འཐབ་ལྷོད་མེད་བྱེད་དགོས་པ་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཧུའེ་སྲང་ལམ་ཝུན་ཐིན་སྡེ་ཁུལ་དུ་གཟིགས་ཞིབ་གནང་སྐབས། སྡེ་ཁུལ་བཅོས་སྐྱོང་ཡག་པོ་བྱེད་ཐུབ་མིན་གྱི་འགག་རྩ་ནི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་ཐུག་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དེ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། སྡེ་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པས་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། སྡེ་ཁུལ་གྱི་བྱ་བ་དེ་ཁྱིམ་གྱི་བྱ་བའི་གོ་གནས་སུ་འཇོག་པ།མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དོན་དག་རེ་རེ་ལེགས་པོར་བསྒྲུབ་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར།བདེ་ཚོར་སེམས་བཅས་ཆེ་རུ་གཏོང་དགོས་པ་བསྟན།

གཏེར་ལེན་ཁ་གྲོང་ཁྱེར་ཧོང་ཧོ་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུའི་ཧྲུའུ་ཅི་ཀྲུའུ་རིན་ཀྲའོ་ཀང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྡེ་ཁུལ་དུ་ཕེབས་ནས་སྡེ་ཁུལ་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་དང་མང་ཚོགས་དང་བྱམས་བརྩེའི་ངང་གསུང་གླེང་མཛད་པ་མཐོང་དུས།  ཁོ་རང་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ས་ཆ་གང་ཞིག་ཏུ་ཕེབས་ཀྱང་སྡེ་བ་དང་སྡེ་ཁུལ་ལ་གཟིགས་ཞིབ་གནང་པ་ནི་ང་ཚོ་སྡེ་ཁུལ་གྱི་ལས་བྱེད་པར་སྐུལ་ལྕག་སྐུལ་བཏང་བ་ཞིག་ཡིན་པས། ང་ཚོ་སྡེ་ཁུལ་གྱི་ལས་བྱེད་པས་ངེས་པར་དུ་སྡེ་ཁུལ་མང་ཚོགས་ཀྱི་བྱ་བ་ཡག་པོ་བསྒྲུབ་དགོས་པ་ལས་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཅངས་པའི་རེ་བ་ཆུད་ཟོས་སུ་གཏོང་མི་རུང”ཟེར།

ཉེ་བའི་ལོ་ཤས་རིང་།གཏེར་ལེན་ཁ་གྲོང་ཁྱེར་ཧོང་ཧོ་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱེད་པ་དང་སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་སྲོག་ཤིང་བྱེད་པ། ཏང་འཛུགས་སྐྲུན་བྱ་བ་དེ་མི་དམངས་མང་ཚོགས་ལ་སྔར་ལས་ལྷག་པའི་སྒོ་ནས་ཞབས་འདེགས་ཞུ་བར་བསྒྱུར་རྒྱུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། སྡེ་ཁུལ་གྱི་བྱ་བ་དེ་སྣེ་མང་ཅན་དང་ཕན་ཚུན་རོགས་རེས། མཐུན་སྦྱོར་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། དོན་དངོས་ཐོག་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་པ་དང་མང་ཚོགས་ཀྱི་ཆེད་དུ་དོན་བཟང་བསྒྲུབས་པ་རེད།

ཚེས་8ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་སྡེ་མི་ཚོར་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པ་དང་ང་ཚོ་ཚང་མ་ཕུ་ནུ་མིང་སྲིང་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་སྐབས་སུ། ཀྲུང་ཧྭ་མི་རིགས་འདི་ཉིད་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་སྔར་བས་བློ་རྩ་བརྟན་པོའི་སྒོ་ནས་འགྱིང་ངེར་ལངས་ཐུབ། ཀྲུང་ཧྭ་མི་རིགས་ནི་སེ་འབྲུ་ལྟར་དམ་པོར་འབྲེལ་ཡོད། ངེས་པར་དུ་སང་ཉིན་ནི་དེ་བས་ཀྱང་ཡག་པོ་ཡོང་རྒྱུར་ཡིད་ཆེས་བརྟན་པོ་བྱེད་དགོས་ཞེས་གསུངས།

ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་མི་སྣ་ལིས་ཅང་གིས།“ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་གཙོ་ཐིག་དེར་དམ་པོར་དམིགས་ནས། མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་ཁྱོན་ཡོངས་ནས་བརྗེ་རེས་བྱེད་པ། མཉམ་འདྲེས་གཏིང་ཟབ་བཅས་ཡོང་རྒྱུར་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ།  ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས། ཁུལ་ཡོངས་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་གྱི་ལས་ཁུངས་གསར་འཛུགས་བྱས་ཏེ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་གསར་གཏོད་དང་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་གསར་སྐྲུན་གྱི་སྒྲིག་གཞིའི་ཆུ་ཚད་མཐོ་རུ་འདེགས་དགོས།”ཟེར།

ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ཞིང་།མི་རིགས་56ནི་མེ་ཏོག་56ཡིན། ཉེ་བའི་ལོ་ཤས་རིང་མཚོ་ནུབ་ཁུལ་གྱིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པའི་སྐུལ་སློང་ཚོགས་འདུའི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། “མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་1811 གི་རྨང་གཞིའི་བཟོ་སྐྲུན”གྱི་སྐུལ་འདེད་སྒྲིག་སྲོལ་བཙུགས་པ་བརྒྱུད། མཚོ་ནུབ་ཁུལ་གྱི་མཉམ་འདྲེས་དཔེ་སྟོན་ཞིང་ཆེན་གསར་སྐྲུན་དོན་འཁྱོལ་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་བྱས་ནས། མི་དམངས་ལ་རྒྱབ་རྟེན་དམ་པོ་བྱེད་པ་དང་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་པ།ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱས་ཏེ་ལས་ཞུགས་དང་ཡོང་འབབ་བགོ་བཤའ།སློབ་གསོ།སྤྱི་ཚོགས་འགན་བཅོལ།སྨན་བཅོས།སྡོད་ཁང་།རྒན་གསོ།བཅོལ་གསོ།བཟའ་བཅའི་བདེ་འཇགས།སྤྱི་ཚོགས་བདེ་འཇགས་སོགས་ཀྱི་གནད་དོན་གཅིག་གྱུར་སྒོས་ཐག་གཅོད་ཡག་པོ་བྱས་ནས། སྐྱེ་ཁམས་དང་དམངས་ཚིས་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་འགན་ལེན་ཕན་ཚུན་མཐུན་སྦྱོར་ཡོང་བ་བྱེད་དགོས་པ་བསྟན།

ཁུལ་དམངས་སྲིད་ཅུའུ་ཡི་སྤྱི་ཚོགས་རོགས་སྐྱོབ་དང་ཕན་བདེ་ཚན་ཁག་གི་ཚན་གཙོ་ཝང་ཡའོ་ཝུའུ་ཡིས།“ཕྱིན་ཆད་ཀྱི་བྱ་བའི་ཁྲོད་དུ་ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཚོགས་རོགས་སྐྱོབ་དང་རྒན་གསོ་ཞབས་ཞུ།བྱིས་པའི་ཕན་བདེ་སོགས་དམངས་ཚིས་སྲིད་ཇུས་ཁག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར།བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས”ཟེར།

འདས་པའི་ལོ་གཅིག་གི་རིང་། ཁུལ་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ཁག་ལག་བསྟར་བྱས་ནས།  “གཅིག་སྡུད་གསུམ་དང་རྨང་གཞི་གསུམ”གྱི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། དམངས་སྲིད་བྱ་གཞག་ཁག་གི་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་། ལོ་ཧྲིལ་པོར་རིམ་རྩིས་བྱས་ན་དམངས་སྲིད་བྱ་གཞག་ཁག་གི་འགྲོ་གྲོན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་བཏང་བ་དང་།དམངས་སྲིད་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི24ལག་བསྟར་བྱས་པ་དང་། དམངས་སྲིད་ཞབས་ཞུའི་འགན་ལེན་བྱ་ཡུལ་མི་ཐེངས་འབུམ་གཅིག་དང་ཁྲི་གཅིག་སྟོང་གསུམ་བརྒྱད་བརྒྱ་ཟིན་ལ་དམངས་སྲིད་ཞབས་ཞུའི་འགན་ལེན་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་པ་བཅས་ཀྱིས་ཁུལ་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུས་པ་རེད།

                                                                                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།