མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།
2021.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་མེད་དུ་མི་རུང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་ཁྲོད། ང་ཚོ་ཚང་མ་སེ་འབྲུ་ལྟར་དམ་པོར་འབྲེལ་ནས་སྤུན་ཟླའི་མཛའ་བརྩེ་དང་ཕན་ཚུན་རོགས་རེས་བྱས་ཚེ། གཞི་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གང་སར་རྣམ་པར་བཀྲ་ངེས།” བསྟུད་མར་ཉིན་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་གཅིག་རྗེས་གཉིས་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་ངེས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུའི་སྟེང་སྤུན་ཟླའི་མཛའ་མཐུན་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། མི་རིགས་སོ་སོས་ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་གིས་ཡར་རྒྱས་གོང་འཕེལ་ཡོང་བའི་རྣམ་པ་བཟང་པོ་ནུས་ཤུགས་ཡོད་རྒུས་ཇེ་བརྟན་དུ་བཏང་སྟེ། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་སྐྲུན་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་བརྩི་དགོས།

མཚོ་སྔོན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྣེ་མང་གཞི་གཅིག་དང་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་བསྡུས་རིས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སྐབས་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས་ཞེས་ནན་གྱིས་གསུངས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྔར་ལས་གཏིང་ཟབ་ཏུ་གཏོང་ཆེད་རྩ་བའི་ཁ་ཕྱོགས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན། གསར་གཏོད་ཀྱི་སྒུལ་ཤུགས་བཅས་གསལ་སྟོན་གནང་ཡོད།” ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཕྱོགས་བསྡུས་མཐུན་སྦྱོར་ཁྲུའུ་ཡི་ཁྲུའུ་ཀྲང་ཧི་ཏེ་ལུའུ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ཀ་སྒྲུབ་མཁན་ཞིག་གི་ངོས་ནས་བཤད་ན། ངེས་པར་དུ་ཆབ་སྲིད་དང་བསམ་བློ། བྱ་སྤྱོད་བཅས་ཀྱི་སྟེང་སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་སོ་སོའི་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས་ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་སྐུལ་མ་ཆེན་པོ་ཐེབས་བྱུང་།” ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཞིབ་བཤེར་ཁྲུའུ་ཡི་ཞིབ་འཇུག་པ་སུང་ཝའེ་ཀྲུང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ། དམངས་ཚིས་ལེགས་བཅོས་དང་མི་སེམས་གོང་བུར་འགྲིལ་བ་བྱ་རྒྱུ་དེ་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མགོ་རྩོམ་ས་དང་རྐང་འཛུགས་ས་བྱེད་པ། མི་རིགས་སོ་སོའི་མང་ཚོགས་ཐུན་མོང་གིས་ཕྱུག་པོར་འགྱུར་བར་སྐུལ་སྤེལ་གཏོང་བ་དང་མཉམ་དུ་མི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོར་སྐུལ་སྤེལ་གཏོང་བའི་བྱ་བ་ཏན་ཏིག་དང་ཞིབ་ཚགས་ཀྱི་སྒོ་ནས་ཡག་པོ་བསྒྲུབས་ཏེ། མི་རིགས་སོ་སོ་སེ་འབྲུ་བཞིན་ཕན་ཚུན་དམ་པོར་འབྲེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གསར་འཛུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཙུང་ཅིན་ཚའེ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། མི་རིགས་སོ་སོས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་བྱས་ནས་མི་རིགས་ལས་དོན་ཡག་པོ་བསྒྲུབས་པས། བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཐང་བོད་གནའ་ལམ་རྒྱུད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་དོད་པའི་གཏམ་རྒྱུད་ཡག་པོ་བཤད་ནས་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་སྐྲུན་རྒྱུར་སྐུལ་འདེད་བཏང་ཡོད་ཟེར།

སེམས་པ་གཅིག་མཐུན་དང་རྒྱུན་མཐུད་ཡར་བརྩོན་གྱིས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་ཁྱིམ་གཞིས་ཐུན་མོང་གིས་བསྐྲུན་དགོས།

“ཐོན་ལས་སྐྱེད་སྲིང་དང་ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་མང་ཚོགས་ཀྱི་ལས་ཞུགས་དང་གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ་བཅས་དང་སྔར་ལས་སྤྱི་འདོམས་ཡག་པོ་བྱས་ནས་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་བརྗེ་རེས་བྱེད་དགོས།” “སྡེ་ཁུལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་གཡུལ་ས་གལ་ཆེན་ཞིག་ཏུ་བརྩིས་ནས། མི་རིགས་སོ་སོའི་མི་དམངས་ལག་གདང་སྦྲེལ་བ་དང་གཅིག་སེམས་གཅིག་འབྲེལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་ཁྱིམ་གཞིས་ཐུན་མོང་གིས་བསྐྲུན་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་དྲོད་སྐྱིད་ལྡན་པའི་བཀའ་མོལ་གྱིས་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཟབ་མོ་ཐེབས་ཡོད།

ཀོས་ནན་རྫོང་དུ་བོད་རིགས་དང་རྒྱ་རིགས། ཧོས་རིགས་སོགས་མི་རིགས་བཅུ་གཉིས་ཡོད་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་ཁག་བཞི་པ་རེད། ཀོས་ནན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཀྲ་ཤིས་རབ་བརྟན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་བསྐྱར་དུ་རེ་ཞུ་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟའི་དཔེ་སྟོན་དམ་འཛིན་བྱས་ནས། “མི་རིགས་མཐུན་སྒྲིལ”གྱི་བྱ་འགུལ་ཏན་ཏིག་ངང་སྤེལ་བ་དང་། དྲིལ་བསྒྲགས་ཁྲིད་སྟོན་ལ་སྔར་ལས་ཤུགས་སྣོན་རྒྱག་པ། བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ། མི་ཚང་མ་གསར་གཏོད་ནང་ཞུགས་རྒྱུར་ཤུགས་རྒྱག་པ། མི་ཚང་མས་དཔེ་བཟང་བརྩོན་ལེན་བྱེད་པའི་གསར་གཏོད་ཀྱི་རྣམ་པ་བཟང་པོ་གཏོད་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ཆེད་ལེགས་སྐྱེས་འབུལ་དགོས་ཟེར།

“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་ཁྱད་ལྡན་ཐོན་ལས་དང་མི་རིགས་མཐུན་སྒྲིལ་གཅིག་གྱུར་འཆར་འགོད་ཀྱི་གལ་ཆེའི་རང་བཞིན་ནན་བཤད་གནང་བ་དང་། ལས་ཡུལ་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྐུལ་ལྕག་ཆེན་པོ་ཐེབས་ཡོད།” མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཧུང་ཧྲོས་ཆོན་ཧོས་རིགས་ཡུལ་ཚོ་མ་ཅོན་སྡེ་བའི་ཧྲུའུ་ཅི་དང་པོ་ཧུའུ་གོ་ཧྭ་ཡིས་བཤད་རྒྱུར། གྲོང་གསེབ་དར་རྒྱས་གཏོང་བའི་བགྲོད་ལམ་སྟེང་། ང་ཚོས་བདེན་འཚོལ་དངོས་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ས་གནས་དེ་གའི་དོན་དངོས་གནས་ཚུལ་ལ་གཞི་ཚུགས་པ་དང་རང་ངོས་ཀྱི་ཐོན་ཁུངས་སྦས་ཤུགས་སྔོག་འདོན་བྱས་ཏེ། ལས་དོན་སོ་སོའི་འཕེལ་རྒྱས་གྲུབ་འབྲས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གི་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ་སྐྱེ་ཁམས་མཛེས་པ་དང་གྲོང་གསེབ་མཛེས་པ། ཐོན་ལས་མཛེས་པ་བཅས་ཀྱི་ཁྱད་ལྡན་ཞིང་སྡེ་གསར་པ་ཞིག་ཏུ་བསྐྲུན་ནས། གྲོང་གསེབ་དར་སྤེལ་གཏོང་བའི་ནང་སྐྱེས་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་ཚོར་སེམས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས།

གཏེར་ལེན་ཁ་གྲོང་ཁྱེར་ཀྲིན་ཧི་རང་བྱུང་སོལ་རླངས་ཀུང་སི་དེ་རྒྱལ་ཇུས་དམངས་ཚིས་ཞབས་ཞུ་སྒྲུབ་པའི་ཁེ་ལས་ཤིག་ཡིན་པའི་ངོས་ནས་སོག་རིགས་དང་ཧོས་རིགས། ཧོར་རིགས། བོད་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་ལས་བཟོ་བ་ཉེར་གཅིག་ཡོད། “བརྙན་འཕྲིན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་པའི་གསར་འགྱུར་མཐོང་སྐབས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་།” གཏེར་ལེན་ཁ་གྲོང་ཁྱེར་ཀྲིན་ཧི་རང་བྱུང་སོལ་རླངས་ཀུང་སིའི་སྤྱིའི་འགན་འཛིན་པའི་ལག་རོགས་ཞུས་ཅུན་གྱིས་བཤད་རྒྱུར། མི་རིགས་མཐུན་སྒྲིལ་དེ་རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པས་མཐུན་སྒྲིལ་ལ་སྣང་ཆེན་བྱས་ཚེ་གཞི་ནས་འཕེལ་རྒྱས་ཡོང་ཐུབ། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་འགན་ནུས་བསྒྱུར་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་གོ་སྐབས་བཟང་པོ་དང་ཟུང་འབྲེལ་བྱས་ཏེ། བབ་བསྟུན་མདུན་བསྐྱོད་དང་འབད་འཐབ་ཧུར་ཐག་བྱས་ནས། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་བཏང་སྟེ་ཕུགས་རྒྱང་རིང་བའི་དམིགས་ཚད་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིན་ཧེ་ལམ་ནི་མི་རིགས་མང་པོ་འདུས་སྡོད་དང་མི་རིགས་མང་པོ་མཉམ་གནས་ཀྱི་ལོ་རྒྱུས་སྲང་ལམ་རྙིང་པ་ཞིག་ཡིན་པ་དང་ཁོངས་གཏོགས་སུ་གྲངས་ཉུང་མི་རིགས་བཅོ་བརྒྱད་ཡོད། ཞིན་ཧེ་ལུའུ་སྲང་ལམ་སྡེ་ཁུལ་གྱི་ཏང་བཟོ་ཚོགས་ཀྱི་ཧྲུའུ་ཅི་ཚའེ་ཆིན་ཝུན་གྱིས་བཤད་རྒྱུར། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྔར་ལས་བརྒྱུད་སྤྲོད་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཏེ“སྡེ་ཁུལ་དུ་སྐྱོད་པ”དང“ཁྱིམ་ཚང་དུ་སྐྱོད་པ”“ཁེ་ལས་སུ་སྐྱོད་པ”སོགས་ཀྱི་གསར་སྐྲུན་བྱ་འགུལ་ཏན་ཏིག་ངང་སྤེལ་བ་དང་། འཆམ་མཐུན་བརྟན་བརླིང་གི་ཁོར་ཡུག་མུ་མཐུད་བཏོད་དེ། གནས་དེ་རུ་འཚོ་སྡོད་བྱེད་པའི་མི་རིགས་སོ་སོའི་མང་ཚོགས་མི་རབས་ནས་མི་རབས་བར་སེམས་པ་གཅིག་མཐུན་དང་མཐུན་སྒྲིལ་ཡར་བརྩོན་ཡོང་བ་བྱ་དགོས་ཟེར།

སེམས་པ་གཅིག་མཐུན་དང་ཕན་ཚུན་རོགས་རེས་བྱས་ཏེ་སེའུ་འབྲུ་བཞིན་དམ་པོར་འབྲེལ་དགོས།

ཏང་གི་འགོ་ཁྲིད་འོག རེབ་གོང་ནས་མཚོ་སྔོན་པོའི་བར་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་ཚྭ་འདམ་གཞོང་ས། རྩྭ་ཐང་གི་ཕྱུགས་ར་ནས་ཙོང་ཆུའི་ངོགས་གཉིས་བཅས་ཀྱི་བར་ཁྱོན་ཡོངས་ནས་འབྱོར་འབྲིང་གི་ཉི་འོད་རབ་ཏུ་འཕྲོས་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ་ཉིན་རེ་བཞིན་ཇེ་རྒྱས་སུ་འགྲོ་བཞིན་ཡོད་ལ། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། མི་རིགས་སོ་སོའི་སྤུན་ཟླའི་བར་སེམས་པ་གཅིག་མཐུན་དང་ཕན་ཚུན་རོགས་རེས་བྱས་ཏེ་སེའུ་འབྲུ་བཞིན་དམ་པོར་འབྲེལ་ཡོད།

“ད་ལྟ་ང་ཚོའི་རྩྭ་ཐང་གི་འབྲོག་པའི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་བསྡད་ཡོད། ཁྱིམ་ཚང་ཚང་མར་ནགས་ཚལ་དོ་དམ་པ་དང་རྩྭ་ཐང་དོ་དམ་པ་ཡོད་པར་མ་ཟད། གླ་ཕོགས་བརྟན་པོ་དང་སྨན་བཅོས་འགན་སྲུང་ཉེན་ཚབ་ཡང་ཡོད་པས། འདི་དག་ནི་རྒན་རབས་པ་རྣམས་ཀྱིས་སེམས་སུ་ཡང་དྲན་མ་མྱོང་བའི་འཕོ་འགྱུར་ཡིན་པ་མ་ཟད། ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན་ལ་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་ཤིག་ཀྱང་རེད།” མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སོག་རུ་མ་ཡུལ་ཚོ་སོག་རུ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གུ་རུ་རྒྱལ་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། སྡེ་བ་ཡོངས་ཀྱི་ཏང་ཡོན་ཚོར་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་ངེས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ། རི་སྔོ་ཆུ་དྭངས་དང་མཐུན་སྒྲིལ་བརྟན་བརླིང་གི་རྣམ་པ་བཟང་པོ་སྲུང་སྐྱོབ་ཡག་པོ་བྱེད་པ། ཏང་ཡོན་ཡོངས་དང་འབྲོག་པ་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ་དང་སྐུལ་འདེད་པ། ལྟ་སྲུང་བ་བཅས་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་ཀྱི་རྣམ་པ་དེ་ཡིད་ལ་དྲན་སྐབས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཝུན་ཧོས་སྲང་ལམ་ཝུན་ཐེན་ལམ་སྡེ་ཁུལ་གྱི་སྡོད་དམངས་སྒྲོལ་མ་ཚེ་རིང་ལ་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་བཞིན་འདུག “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནམ་ཡང་བློ་ལ་བརྟན་པོར་ངེས་ནས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ་སེ་འབྲུ་ལྟར་དམ་པོར་འཛིན་པ་དང་། བྱ་བ་ཆུང་ངུ་ནས་མགོ་བརྩམས་ཏེ་མཐུན་སྒྲིལ་རོགས་རེས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་སྡེ་ཁུལ་འཆམ་མཐུན་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན། ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འཆམ་མཐུན་མཉམ་གནས་བྱས་ཚེ་རྗེས་ཕྱོགས་ཀྱི་འཚོ་བ་ཉིན་རེ་ཇེ་བཟང་དུ་འགྲོ་བ་ཡིད་ཆེས་ཡོད”ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་སེམས་ནང་དུ་མེ་ལྕེ་སྦར་བས་མི་རྣམས་ལ་དྲོད་སྐྱིད་དང་སྤྲོ་སེམས། ངར་ཤུགས་བཅས་སྔར་ལས་ཆེ་རུ་སྦྱིན་བྱུང”ཟེར། མཚོ་སྔོན་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་དཔལ་འབྱོར་དོ་དམ་སྡེ་ཁག་གི་དགེ་རྒན་ཡོན་ཧྥུན་དབྱིན་གྱིས་བཤད་རྒྱུར། མཐོ་རིམ་སློབ་གྲྭའི་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་ཡར་རྒྱས་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་རྒྱུན་ལྡན་གྱི་ལས་ཀའི་ཁྲོད་ལག་བསྟར་བྱས་ནས། སློབ་མ་ཚོར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་མི་ཆད་པར་བརྟན་པོ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ལ་བརྩི་བཀུར་བྱེད་པའི་ས་བོན་དེ་སེམས་སུ་ཤེས་བར་བྱས་ནས། བྱ་བའི་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་གསར་སྐྲུན་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།