ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་དམར་པོའི་གཏམ་རྒྱུད་ཚོགས་པ་ཡིས་མཚོ་བྱང་ནས་སྤེལ་བའི་བྱ་འགུལ་གལ་ཆེན་ཞིག
2021.06.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། ཧུར་བརྩོན་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།

ཟླ5པའི་ཚེས20ཉིན། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གིས་མཛུབ་སྟོན་གནང་ཞིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་། ཀྲེ་ཅང་ཉིན་རེའི་ཚགས་པར་ལས་རིགས་ཚོགས་པ། དར་དམར་དཔེ་སྐྲུན་ཁང་། མཚོ་བྱང་ཁུལ་ཏང་ཨུ་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་། 《སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་ཏང་འཛུགས》དུས་དེབ་ཁང་། མཚོ་བྱང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ། “མདེལ་གཉིས་སྐར་གཅིག”གི་ཕུགས་རེའི་ཡིད་ཆེས་སློབ་གསོ་སློབ་གླིང་བཅས་ཀྱིས་སྒྲུབ་འགན་འཁུར་བའི“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི‘དམར་པོའི་གཏམ་རྒྱུད་ཚོགས་པ’མཚོ་བྱང་དུ་སོང་ནས་རྗེས་འདེད་འཚོལ་ཞིབ”བྱ་འགུལ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ།

“དམར་པོའི་གཏམ་རྒྱུད་ཚོགས་པ”ཡིས་གྱེར་འདོན་དང་ཡུལ་རྣམ་ཟློས་གར། གླུ་གར། སྒྲ་བྲིས་སྙན་ངག གཏམ་བརྗོད་ཟློས་གར་སོགས་རྣམ་པ་མང་པོ་སྤྱད་དེ། ཡུལ་དངོས་ཀྱི་ལྟད་མོ་པར་སྣེ་ཁྲིད་དེ་ལོ་ངོ་བརྒྱའི་དཀའ་སྡུག་གི་ལོ་རྒྱུས་བརྒྱུད་ཅིང་། “རྒྱང་ཐག་རིང་བའི་གནས་ཏེ”—མཚོ་བྱང་གསེར་དངུལ་རྩྭ་ཐང་དུ་སོང་ནས། མཉམ་གཅིག་ཏུ་འདས་སོང་གི་དཀའ་སྤྱད་ཧུར་བརྩོན་དང་བརྩེ་སེམས་ཀྱི་མེ་ལྕེ་དགུང་དུ་འཕྱོ་བའི་ལོ་ཟླར་རྗེས་དྲན་དང་། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཐོག་མ་ཞིབ་འཇུག་གསར་བཟོ་བྱས་པའི་རྟེན་གཞི་ཤུལ་རྙིང་གི་འོད་སྟོང་འབར་བའི་འདས་སོང་ཉམས་སུ་མྱངས་ལ། “མདེལ་གཉིས་སྐར་གཅིག”སྙིང་སྟོབས་ཀྱི་ཡལ་བ་མེད་པའི་ཡིད་དབང་འཕྲོག་ཤུགས་དང་དུས་རབས་ཀྱི་རིན་ཐང་ཚོར་མྱོང་བྱས།

“མདེལ་གཉིས་སྐར་གཅིག”གི་ཕུགས་རེའི་ཡིད་ཆེས་སློབ་གསོ་སློབ་གླིང་གིས་ཆེད་དུ་གདན་འདྲེན་ཞུས་པའི་དགེ་རྒན་ཆེན་མོའམ་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཏང་འཛུགས་པུའུ་ཡི་དགེ་རྒན་ཆེན་མོ་གཞོན་པ་ཀྲའོ་ཧུང་ཞང་གིས“ཏང་གི་མགོ་ཁྲིད་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས། མི་རིགས་ཀྱི་ཁྱད་ཆོས། ཚན་རྩལ་གསར་སྐྲུན་གྱི་ཡལ་མེད་རིན་ཐང་ཕྱིར་མངོན་པ”བཅས་ཕྱོགས་བཞི་ནས《“མདེལ་གཉིས་སྐར་གཅིག”སྙིང་སྟོབས་ཀྱི་ཡལ་མེད་རིན་ཐང》ཞེས་པ་དང་།བརྙན་ཐུང《མཁར་གྲོང་རེ་ལ་གླུ་གཞས་རེ》 སྒྲ་བྲིས་སྙན་ངག《221ལ་གུས་འདུད་ཞུ་བ》 ཞབས་བྲོ《སྦྲ་གུར་གསུམ》བཅས་ངོ་མཚར་བའི་སྒོ་ནས་ཀློག་འགྲེལ་བྱས་ཤིང་།ཡུལ་དངོས་ཀྱི་ལྟད་མོ་པ་ཚོའི་སྣེ་ཁྲིད་དེ་གནས་མཆོག221རྟེན་གཞིར་བསྐྱོད་པ་དང་། 221ལས་བཟོ་པའི་སེམས་ཁམས་འཚོལ་ཞིབ་བྱས་ལ། སྐབས་དེའི་བརྩེ་སེམས་ཀྱི་མེ་ལྕེ་རབ་ཏུ་འབར་བའི་ལོ་ཟླ་ཉམས་སུ་མྱངས། 《དད་མོས་ཀྱི་སྟོབས་ཤུགས》ཞེས་པ་དང་།《རྒྱལ་ཁབ་ཀྱི་ཟིལ་ཤུགས་མངོན་པའི་ལས་ལ་ཞུགས་ཏེ་མེས་རྒྱལ་སྟོབས་ལྡན་དུ་གཏོང་བ》 《མགོ་བོ་ཡར་དགྱེ་བ》 《སྨག་རུམ་ཁྲོད་ཆེས་གསལ་བའི་སྐར་མ་འོད་ཆེན》བཅས་ཀྱིས་ཝང་ཀན་ཁྲང་དང་ཡུས་རྨིན། ཏེང་ཅ་ཞན། ཀུའོ་ཡུང་ཧོའེ། ཆན་ཞུའེ་སིན་སོགས་གསར་བརྗེ་སྔོན་རབས་པས་དཀའ་སྤྱད་ཧུར་བརྩོན་གནང་བའི་བྱས་རྗེས་འགྲེལ་བཤད་བྱས་ལ། ཁོ་ཚོའི་ཞུམ་པ་མེད་པའི་གསར་བརྗེའི་སྙིང་སྟོབས་ཕྱིར་མངོན། གླུ་གར《རྒྱང་ཐག་རིང་བའི་གནས་དེ་ན》ཞེས་པ་དང་།གླུ་གཞས་གཏམ་བརྗོད་ཟློས་གར《གནས་སྤོར་བ》ཡུལ་རྣམ་ཟློས་གར《ཆེས་མཛེས་པའི་བརྩེ་དུང》སོགས་ལ་ལོ་རྒྱུས་ཀྱི་ཚོར་སྣང་སྟུག་ཅིང་འཚོ་བའི་རྣམ་པ་ཡང་ཕུན་སུམ་ཚོགས་པ་ཞིག་ལྡན་པས། དེ་ལ་བལྟས་རྗེས་ཡིད་སེམས་འཕྲོག་ཅིང་སྤོབས་པ་ཆེས་ཆེར་རྒྱས་སུ་བཅུག མི་སྣའི་སྣང་བརྙན་རེ་རེ་ཡིས་མཉམ་འུར་དྲག་ཏུ་སློང་ལ། ངོ་མཚར་བའི་གཏམ་རྒྱུད་རེ་རེ་ཡིས་དཔའ་སྤོབས་རྒྱས་སུ་བཅུག ཡུལ་དངོས་ཀྱི་མཐོ་རླབས་གཅིག་རྗེས་གཉིས་མཐུད་དུ་འཕྱུར་ཞིང་ཐལ་མོའི་རྡེབ་སྒྲ་མཚམས་མ་ཆད་པར་གྲགས།

ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། ཐེངས་འདིའི་བྱ་འགུལ་གྱིས“མདེལ་གཉིས་སྐར་གཅིག”གི་གསར་བརྗེའི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་འགྲེལ་བཤད་བྱས་པར་བརྟེན། ཏང་གི་རླབས་ཆེན་མཛད་རྗེས་ལ་བསྟོད་གླུ་བླངས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས། གཞོན་ནུ་ལོ་ཆུང་བཅས་ལ་ཀྲུང་གོ་གུང་ཁྲན་ཏང་གི་དད་མོས་དང་བློ་སྟོབས། དམིགས་འབེན་དང་ཁ་ཕྱོགས། དགོངས་དོན་དང་བརྩེ་བ། ངེས་ཤུགས་དང་བློ་སྤོབས་བཅས་མཐོང་དུ་བཅུག རྗེས་ཕྱོགས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ལེགས་པོ་བྱེད་པ་དང་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གང་ལེགས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བར་འབད་པ་ལྷུར་ལེན་བྱེད་རྒྱུ་ཡིན་ཟེར།

                                                                            རྩོམ་སྒྲིག་པ། གཡང་འབུམ་རྒྱལ།