གསར་བརྗེའི་ཡུལ་སྐོར་གྱིས་བསྩལ་བའི་རེ་བ།
2021.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

གཅན་ཚ་རྫོང་གི་མར་ཁུ་ཐང་ནས་སྣང་རར་བགྲོད་པའི་གཞུང་ལམ་བརྒྱུད་དེ་སྣང་ར་ཡུལ་ཚོ་གྲམ་པ་ནང་སྡེ་བར་འགྲོ་བའི་ལམ་བར་དུ། སྔོ་བསངས་བསངས་ཀྱི་རྨ་ཆུ་དལ་གྱིས་ལྷོ་ཕྱོགས་སུ་བཞུར་བ་དང་། རྨ་འགྲམ་གྱི་སྦྱར་ལྕང་མང་པོར་ཡལ་འདབ་རྒྱས་ཤིང་། སིལ་སྡོང་མེ་ཏོག་རྣམ་པར་བཞད་ལ། ལམ་འགྲམ་གྱི་སྡེ་བ་དང་གྲམ་པ། རི་སྒང་བཅས་ལྗང་མདོག་གི་འཇིག་རྟེན་ཞིག་ཏུ་སླེབས་པ་ལྟར་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད།

གྲམ་པ་ནང་སྡེ་བ་རུ་ཡོད་པའི་སྣང་རའི་སྟོང་དཔོན་ཚང་གི་རྔམ་བརྗིད་ལྡན་པའི་སྒོ་ཆེན་མཐོང་རྗེས། མི་སེམས་རབ་ཏུ་གཡོ་རུ་འཇུག་པའི་འདས་དོན་དེ་དག་རང་དབང་མེད་པར་སེམས་ལ་དྲན་སྲིད། ལོ་ངོ་བདུན་ཅུ་ལྷག་འདས་ཡོད་རུང་། འདས་དོན་དེ་དག་སྔར་བཞིན་སྟོང་དཔོན་ཚང་གི་གཞིས་ཀའི་ཟུར་རེ་རེར་གསལ་པོར་བརྐོས་ཡོད་པ་དང་འདྲ་ལ། མི་རྣམས་ཀྱི་དྲན་པའི་ངོས་སུའང་གསལ་པོར་བཀོད་ཡོད།

སྣང་ར་བ་སུ་ཞིག་ཡིན་རུང་སྟོང་དཔོན་ཚང་དང་འབྲེལ་བའི་གཏམ་རྒྱུད་རེ་གཉིས་བཤད་མི་ཤེས་མཁན་གཅིག་ཀྱང་མེད། ཁོ་ཚོས་འདས་པའི་ལོ་རྒྱུས་དེ་དག་སེམས་སུ་བརྟན་པོར་བཟུང་སྟེ། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དེ་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱེད་པ་དང་། ལག་ཟུང་བརྩོན་པས་འགུལ་ནས་རང་ཉིད་ལ་གཏོགས་པའི་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་བཞིན་ཡོད།

“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་གྱིས་ང་ཚོ་ཡར་ལངས་སུ་བཅུག་པས། ང་ཚོ་ཡང་བསྐྱར་མར་ལོག་དོན་མེད། ང་ཚོས་བསྒྲུབ་འོས་པ་ནི་བརྩོན་པས་མདུན་དུ་བསྐྱོད་རྒྱུ་དེ་ཡིན།”དཔོན་པོ་དབང་ཆེན་དོན་འགྲུབ་ཀྱི་བུ་རབས་ཚ་རྒྱུད་དུ་གཏོགས་པའི་ལོ་ན་བདུན་ཅུ་ཅན་གྱི་རྒན་པོ་སངས་རྒྱས་ཀྱིས་གསར་འགོད་པར་ཁ་བརྡ་བྱེད་སྐབས་སེམས་འགུལ་ཐེབས་པའི་སྒོ་ནས་དེ་ལྟར་བཤད། “ད་ལྟ་ནི་དངོས་གནས་ཉིན་དང་ཟླ་རེ་བཞིན་འགྱུར་ལྡོག་འབྱུང་བཞིན་པའི་ལོ་རབས་ཤིག་རེད། ཡུལ་སྐོར་པ་རྣམས་ཀྱིས་ཡུལ་སྐོར་བྱེད་ཞོར་ད་རུང་ཁྱིམ་ཚང་དུ་ཡོང་སྟེ་གོ་རེ་དང་མར་ཉོ་བ་རེད”ཅེས་རྒན་པོ་སངས་རྒྱས་ཕ་ཡུལ་གྱི་ལོ་འདི་དག་གི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ངོ་མཚར་ཞིང་། མ་འོངས་པའི་འཚོ་བར་དེ་བས་ཀྱང་རེ་བས་ཁེངས་འདུག

མཱ་པུའུ་ཧྥེང་ཇག་ལྷག་གི་ངན་སྐུལ་འོག་བསླངས་པའི་ངོ་ལོག་ཟིང་འཁྲུག་ནས་སྔ་གཞུག་ཐེངས་བཅུ་བདུན་ལ་གྲོས་མོལ་བྱས་པའི་བར་དང་། དམག་མངགས་ནས་བཅིངས་འགྲོལ་བྱས་པ་ནས་སྟོང་དཔོན་དབང་ཆེན་དོན་འགྲུབ་ཀྱིས་སེམས་བསམ་པས་རྒྱལ་ཁབ་ལ་མགོ་སྒུར་བའི་བར་སོགས། གནའ་བོའི་ཉམས་ལྡན་ཞིང་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐུ་དྲག་གི་གཞིས་ཀ་འདིའི་ནང་དུ་གསེར་མདོག་སྣང་ར་ནས་བྱུང་བའི་ལོ་རྒྱུས་ཀྱི་གཏམ་རྒྱུད་རེ་རེ་སྦྲུམ་ཡོད། ད་ལྟ་སྣང་རའི་སྟོང་དཔོན་གྱི་གཞིས་ཀར་སོང་ན། “རྨ་ལྷོ་ཁུལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྟེན་གཞི”དང“མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྟེན་གཞི།”“མཚོ་སྔོན་སློབ་ཆེན་གྱི་ལག་ལེན་སློབ་གསོ་རྟེན་གཞི”སོགས་ཀྱི་སྒོ་བྱང་བཀལ་ཡོད་པ་མཐོང་ཐུབ།

“ཞིང་ཆེན་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྟེན་གཞི”ཡི་སྒོ་བྱང་བཀལ་བའི་ལོ་ངོ་གསུམ་གྱི་རིང་ལ། གཞིས་ཀ་འདི་ཏང་ཡོན་ལས་བྱེད་པ་དང་སློབ་མ། དམག་མི། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ཀྱི་བསམ་པའི་བྱབས་ཁྲུས་དང་ལེན་བྱེད་སའི་གསར་བརྗེའི་ཞུན་ཐབ་ཆེན་མོ་རུ་གྱུར་ཡོད། གནས་འདི་རུ་ཡོང་ནས་བྱབས་ཁྲུས་དང་ལེན་བྱེད་མཁན་རྣམས་གསར་བརྗེའི་ལས་དོན་ལ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་པ་རྣམས་ཀྱི་སྙིང་སྟོབས་དང་། ཐབས་ཇུས་སྣ་མང་འཐེན་ཞིང་མིག་རྒྱ་ཡངས་པོར་ཕྱེ་བའི་གསར་བརྗེའི་སྔོན་གཤེགས་པ་རྣམས་ཀྱི་འཇོན་ཐང་། ཡུལ་གྲུ་འདིར་བྱུང་དང་འབྱུང་བཞིན་པའི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ངོ་མཚར་བཞིན་ཡོད།

སྟོང་དཔོན་གཞིས་ཀར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྟེན་གཞིའི་སྒོ་བྱང་བཀལ་རྗེས། སྡེ་བའི་ནང་དུ་མི་ཚོགས་འཁོར་བས། སྡེ་མི་ཁ་ཤས་ཀྱིས་རང་གི་གཞིས་ཁྱིམ་དེ་ཞིང་པའི་སྤྲོ་སྐྱིད་ཁང་དུ་བསྒྱུར་བ་དང་། “དེ་ནི་སྡེ་མི་རྣམས་ལ་མཚོན་ནས་བཤད་ན་ཕྱུག་བསྒྱུར་གྱི་སྟེགས་བུ་བཟང་པོ་ཞིག་རེད”ཅེས་གྲམ་པ་ནང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་སྐྱབས་བྷ་ཡིས་དེ་ལྟར་བཤད། “ལོ་ངོ་འདི་དག་གི་རིང་ལ། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་སྤྱི་ཕན་རང་བཞིན་གྱི་ལས་རྐང་སོགས་ཀྱི་སྲིད་ཇུས་སྣ་ཚོགས་ལ་བརྟེན་ནས་སྡེ་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྗེས་ཕྱོགས་ང་ཚོས་གྲོང་གསེབ་ཡུལ་སྐོར་ལ་བརྩོན་པ་ལྷུར་ལེན་བྱེད་རྒྱུ་ཡིན།”ད་ལོའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་ཚོགས་ཆེན་གཉིས་ཀྱི་སྟེང་དུ། རྫོང་དམངས་ཆེན་གྱི་འཐུས་མི་ཡིན་པའི་སྐྱབས་བྷས་གྲོང་གསེབ་དར་སྤེལ་ལ་ཟུང་འབྲེལ་བྱེད་པ་དང་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་སྔར་བས་འཕེལ་རྒྱས་གཏོང་བའི་རིག་ལམ་དང་བསམ་འཆར་བཏོན་པས་འཐུས་མི་རྣམས་ཀྱི་ཁས་ལེན་ཐོབ།

མཚོ་སྔོན་གྱི་ཉར་ཚགས་བྱས་པ་ཆེས་བཟང་བའི་སྐུ་དྲག་གི་གཞིས་ཀ་སྟེ་སྣང་རའི་སྟོང་དཔོན་གྱི་གཞིས་ཀ་ཡོད་པར་མ་ཟད། སྣང་ར་རུ་ད་རུང་སྣང་རའི་གོར་མོ་ཆེ་ཡང་ཡོད་པ་རེད། སྣང་རའི་གོར་མོ་ཆེ་ནི་གཅན་ཚ་དམངས་ཁྲོད་ཀྱི་སྲོལ་རྒྱུན་ས་བསྲེགས་གོ་རེ་ཞིག་ཡིན་ལ། བསྲེགས་ཚུལ་གྱི་ལག་ཤེས་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན། ས་ནས་བླངས་མ་ཐག་པའི་གོར་མོ་ཆེའི་ཤུན་པ་སོབ་སོབ་དང་ནང་སྙི་མོ་ཡིན་ལ་དྲི་ཞིམ་སྣ་ལམ་དུ་འཐུལ་བ་ཞིག་ཡིན་པས་མིང་དུ་གྲགས་ཡོད། སྟོང་དཔོན་གཞིས་ཀར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྟེན་གཞིའི་སྒོ་བྱང་བཀལ་རྗེས་སྡེ་བའི་ནང་དུ་ཐོན་པའི་ཡུལ་སྐོར་པ་མཚམས་ཆད་མ་མྱོང་ལ། ཡུལ་སྐོར་པ་མི་ཉུང་བ་ཞིག་སྡེ་བའི་ནང་དུ་ཡོང་ནས་ཕྱིར་ལམ་ལ་ཆས་སྐབས་ཡུལ་མི་རྣམས་ཀྱི་ལག་ནས་གོར་མོ་ཆེ་དང་ཁྱད་ལྡན་ཐོན་རྫས་ཉོས་ནས་འགྲོ་བ་རེད།

                                                              རྩོམ་སྒྲིག་པ། གཡང་འབུམ་རྒྱལ།