སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
2021.06.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 82

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། མཚོ་སྔོན་ནི་ཞིན་ཅང་དང་བོད་ལྗོངས་བརྟན་འཇགས་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས་ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ།རྒྱལ་ཁབ་ཀྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པ་བཅས་ནན་གྱིས་གསུངས།

མཚོ་སྔོན་དུ་མི་རིགས་ཀྱི་བྱ་བ་མ་སྒྲུབ་ན་ཁྱོན་ཡོངས་ལ་བསམ་བློ་གཏོང་མི་ཐུབ། ལོ་ངོ་སྟོང་ཕྲག་དུ་མའི་རིང་མཚོ་སྔོན་གྱི་ས་གཞི་འདིའི་སྟེང་མི་རིགས་ཕན་ཚུན་བར་བརྗེ་རེས་དང་མཉམ་འདྲེས་བྱས་ཏེ། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཐུན་མོང་ངང་དར་རྒྱས་གོང་འཕེལ་བྱུང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་གྱིས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རྩ་བའི་གཞི་འཛིན་སར་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས།  རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བཙུགས་པའི་ཞིང་ཆེན་ཐོག་མ་དང་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་དང་གྲོང་ཁྱེར།ཆུའུ་བཅས་ཀྱི་གྲངས་འབོར་ཕྱེད་ཀ་ལྷག་ཙམ་ཟིན་པའི་ཞིང་ཆེན་དང་པོ།ཐོག་དང་པོར་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་གི་གྲངས་འབོར་མང་ཤོས་ཐོབ་པའི་ཞིང་ཆེན།་ ཐེངས་གཅིག་རང་བཞིན་གྱིས་རྒྱལ་ཡོངས་ཀྱི་དཔེ་སྟོན་ཐུན་མོང་རྫོང་གི་བྱ་དགའ་ཐོབ་གྲངས་ཆེས་མང་པའི་ཞིང་ཆེན་བཅས་སུ་གྱུར་ནས།  ཨང་དང་པོ་གསུམ་མངོན་འགྱུར་བྱུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་མི་རིགས་སོ་སོའི་སྲོག་རྩ་དང་འབྲེལ་ཞིང་། བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁ་ལེན་པའི་གཞི་རྩའི་འགན་ལེན་ཡིན། ལོ་བརྒྱའི་མགོ་རྩོམ་ས་གསར་པར་རྐང་ཚུགས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཧུར་ཐག་གིས་གསར་གཏོད་བྱེད་པར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་བླང་བྱ་གལ་ཆེན་དེ་རྩ་འཛིན་དང་བརྩི་སྲུང་ཞུ་ཡུལ་དུ་བརྩིས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་ལས་དོན་ལ་གྲུབ་འབྲས་ཐོབ་པའི་རྨང་གཞིའི་ཐོག  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་དེ་ནམ་ཡང་རྣམ་པར་བཞད་པར་སྐུལ་འདེད་བཏང་ནས།  མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་བྱ་བའི་ཁྲོད་ཀྱི་མཚོ་སྔོན་གྱི་གོ་གནས་དང་ནུས་པར་ཡང་དག་པའི་ངོས་འཛིན་དང་ཁོང་དུ་ཆུད་པར་བྱས་ནས།  མཚོ་སྔོན་གྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས་རིག་པ་གསལ་བོའི་ངང་གཏིང་ཟབ་པའི་གོ་བ་ལེན་དགོས། མཚོ་སྔོན་ནི་ཞིན་ཅང་དང་བོད་ལྗོངས་བརྟན་འཇགས་ཀྱི་འཐབ་ཇུས་གལ་ཆེན་ཡིན་པའི་མཐོ་ཚད་དུ་ལངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།  འགན་ནུས་གཙོ་བོ་ཐེག་པར་བྱས་ཏེ་ཡུན་རིང་བདེ་འཇགས་ཀྱི་རྣམ་པ་གསར་གཏོད་དང་འཚར་ལོངས་དང་བཅོས་སྐྱོང་གི་བྱ་གཞག་གི་ཆེད་དུ་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས།

ང་ཚོས་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་གནད་འདི་དམ་འཛིན་བྱས། ཏང་གིས་མི་རིགས་ལས་དོན་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་བ།  མི་རིགས་ཁག་གི་མི་དམངས་ཀྱི་དཀའ་ཁག་དང་རེ་སྒུག་ཐག་གཅོད་ཡག་པོ་བཅས་བྱས་ནས། མི་རིགས་ཁག་གི་མི་དམངས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ཁ་འབྲལ་ཐབས་མེད་པ་གསུམ་དང་ངོས་ཟིན་ལྔ་སྔར་ལས་མི་སེམས་སུ་ཟུག་པར་བྱས་ཏེ། མི་རིགས་ཁག་གི་མི་དམངས་ལ་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་མེས་རྒྱལ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཁྲིད་སྟོན་བྱ་དགོས།

ང་ཚོས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པོ་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱིས་ཤུགས་ཆེན་པོས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བྱེད་པར་ཧུར་བརྩོན་གྱིས་ཁྲིད་སྟོན་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་ཧུར་བརྩོན་བྱེད་དགོས།

ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལྕགས་རི་བསྐྲུན་དགོས། མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་དང་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྒོ་དང་དྲག་ཤུགས་འཇིགས་སྐུལ་གྱི་བྱེད་སྒོ། མི་རིགས་ཁ་བྲལ་གྱི་བྱེད་སྒོ། ཆོས་ལུགས་ཐལ་སྐྱོད་ཀྱི་བྱེད་སྒོ་སྣ་ཚོགས་བཅས་ལ་དོགས་ཟོན་ནན་ཏན་དང་མཐའ་གཅིག་ཏུ་རྡུང་རྡེག་བཏང་ནས་སྤྱི་ཚོགས་ཡོངས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་བྱ་དགོས།

གྲུ་ཡི་སྟོབས་ཤུགས་དར་གྱི་སྟེང་ན་ཡོད།མི་ཡི་སྟོབས་ཤུགས་བསམ་པའི་སྟེང་ན་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་།  སྤུན་ཟླ་མི་རིགས་རྣམས་སེ་འབྲུ་དང་འདྲ་བར་དམ་པོར་འབྲེལ་ཞིང་ཏང་གི་མཐའ་སྐོར་དུ་དམ་པོར་རུབ་ནས།  མཛའ་ཞིང་མཐུན་པར་ཕན་ཚུན་རོགས་རེས་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་ཞིག་བྲིས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗིད་ཆགས་སྟོབས་ཤུགས་གཅིག་ཏུ་འགྲིལ་ཐུབ།

                                                                        ཡིག་སྒྱུར་བ། གཡང་འབུམ་རྒྱལ།