ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད།
2021.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

(2021ལོའི་ཟླ7ཚེས1ཉིན།)

ཞི་ཅིན་ཕིང་།

བློ་མཐུན་རྣམ་པ།       གྲོགས་པོ་རྣམ་པ།

དེ་རིང་ནི།  ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྟེང་ཆེས་དོན་སྙིང་ལྡན་ཞིང་གཟི་བརྗིད་ལྡན་པའི་ཉིན་མོ་ཞིག་རེད།    ང་ཚོ་འདི་རུ་གཟབ་རྒྱས་ངང་ལྷན་དུ་འཛོམས་ཏེ།  ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ཡི་རིང་ལ་འབད་འཐབ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་མིག་ལྟ་ཞིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་མདུན་ལྗོངས་ལ་རྒྱང་ལྟ་བྱེད།

ཐོག་མར་ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཀྲུང་གོའི་གུང་ཁྲན་ཏང་མི་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན།

འདི་རུ་ངས་ཏང་དང་མི་དམངས་ཀྱི་ཚབ་བྱས་ནས།  ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་ནས། ང་ཚོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཟཔ་དང་། ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཞིང་། དབུལ་ནག་གི་གནད་དོན་དེ་ལོ་རྒྱུས་རང་བཞིན་གྱིས་ཐག་གཅོད་བྱས་ཏེ། བློ་སྟོབས་ཆེར་བསྐྱེད་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་བཞིན་པ་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་བྱས་པ་ཡིན།

འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གཟི་བརྗིད་དང་འདི་ནི་ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གཟི་བརྗིད་ཅིག འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གཟི་བརྗིད་ཅིག་རེད།

བློ་མཐུན་རྣམ།     གྲོགས་པོ་རྣམ་པ།

ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་གི་མི་རིགས་རླབས་ཆེན་ཞིག་ཡིན་པ་དང་། དེར་ལོ་ངོ་5000ལྷག་རྒྱུན་མ་ཆད་པའི་དཔལ་ཡོན་གྱི་ལོ་རྒྱུས་ལྡན་ཞིང་། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཡོང་བར་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད།  1840ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་ནས་བཟུང་།   ཀྲུང་གོ་རིམ་བཞིན་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གྱུར་སྟབས།  རྒྱལ་ཁབ་ལ་བརྙས་བཅོས་བྱེད་པ་དང་མི་དམངས་ལ་སྡུག་བསྔལ་བསྐྱེད་པ། ཤེས་དཔལ་ལ་རྡོག་རྫིས་གཏོང་བ་བཅས་བྱས་པས། ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མ་མྱོང་པའི་གོད་ཆག་ཚབས་ཆེན་བྱུང་བ་རེད། དུས་དེ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་རྒྱུ་དེ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཞིག་ཏུ་གྱུར།

མི་རིགས་འཇིག་ཉེན་ལས་སྐྱོབ་ཆེད། ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་དང་སྤྱོད་བཟང་མི་སྣ་གང་སར་བསྐྱོད་ནས་འབོད་ཚིག་བསྒྲགས་ཏེ། ཞི་བདེ་རྣམ་རྒྱལ་ལས་འགུལ་དང་ས་ཁྱི་ལོའི་ལུགས་སྒྱུར། དབྱི་ཧོ་ཐོན་ལས་འགུལ། ལྕགས་ཕག་ལོའི་གསར་བརྗེ་བཅས་གཅིག་རྗེས་གཉིས་མཐུད་དུ་བྱུང་སྟེ། རྒྱལ་སྐྱོབ་ཇུས་གཞི་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བཏོན་མོད། འོན་ཀྱང་ཚང་མར་ཕམ་ཉེས་བྱུང་ནས་མཇུག་བསྒྲིལ་བ་རེད། ཀྲུང་གོར་བསམ་བློ་གསར་པས་རྒྱལ་ཁབ་སྐྱོབ་པའི་ལས་འགུལ་ལ་ཁྲིད་སྟོན་བྱེད་པ་དང་རྩ་འཛུགས་གསར་པས་གསར་བརྗེའི་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུའི་དགོས་གལ་ཤིན་ཏུ་ཆེན་པོ་ཡོད།

ཟླ་བ་བཅུ་པའི་གསར་བརྗེའི་སྒྱོགས་སྒྲ་དང་བསྟུན་ནས་ཀྲུང་གོར་མར་ཁེ་སི་ལེ་ཉིན་རིང་ལུགས་བསྐྱལ་ཡོང་བ་རེད། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་རྟོགས་སད་ཁྲོད་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་དམ་པོ་བྱེད་པའི་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་རེད། ཀྲུང་གོར་གུང་ཁྲན་ཏང་བྱུང་བ་དེ་ནི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་དུས་འགྱུར་ཆེན་པོ་ཞིག་ཡིན་ཞིང་། ཉེ་རབས་ཀྱི་ཚུན་ལ་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་བཅོས་གཏིང་ཟབ་བྱུང་བ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་བཅོས་གཏིང་ཟབ་བྱུང་བ།  འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྣམ་པར་འགྱུར་བཅོས་གཏིང་ཟབ་བྱུང་བ་རེད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ཀྲུང་གོ་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་པ་དང་།  ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་འབད་འབུངས་བྱེད་པ་དེས་ཐོག་མའི་བསམ་འདུན་དང་འགན་འཁྲི་གཏན་འབེབས་བྱས།  ལོ་ངོ་བརྒྱ་ཡི་རིང་ལ།  ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཡོད་ཚད་འབད་འཐབ་དང་ཡོད་ཚད་བློས་གཏོང་། ཡོད་ཚད་གསར་གཏོད་བཅས་བྱས་པ་ནི་མདོར་ན་བརྗོད་གཞི་གཅིག་ཏུ་བབ་ཡོད་དེ།    དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་རྒྱུ་དེ་རེད།

--ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད།  ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རླབས་ཆེན་གྲུབ་འབྲས་གསར་གཏོད་བྱས།  ང་ཚོས་བྱང་འདུལ་དམག་འཁྲུག་དང་ས་ཞིང་གསར་བརྗེའི་དམག་འཁྲུག འཇར་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་བརྒྱུད་ནས། དྲག་ཆས་སྤྲས་པའི་གསར་བརྗེ་ཡིས་དྲག་ཆས་སྤྲས་པའི་གསར་བརྗེར་ངོ་ རྒོལ་བྱེད་མཁན་ལ་རྒོལ་ལན་སྤྲོད་པ་དང་།  བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསློགས་ནས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་།  མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་པ་རེད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དེས་ཀྲུང་གོ་རྙིང་པའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ལོ་རྒྱུས་རྦད་དེ་མཇུག་བསྒྲིལ་བ་དང་། ཀྲུང་གོ་རྙིང་པའི་སྲན་ཕུང་ཐོར་བ་ལྟ་བུའི་རྣམ་པ་རྦད་དེ་མཇུག་བསྒྲིལ་བ།  བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོར་བཞག་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་ཀྲུང་གོར་ཡོད་པའི་བཙན་རྒྱལ་རིང་ལུགས་ཀྱི་དམིགས་བསལ་དབང་ཆ་མཐའ་དག་མེད་པར་བཟོས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་རྩ་བའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་པ་རེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་གོ་མི་དམངས་ཡར་ལངས་ཟིན་པ་དང་། ཀྲུང་ཧྭ་མི་རིགས་ལ་སུ་དང་གང་གིས་ཀྱང་རང་སྣང་གང་ཤར་དུ་མནར་གཅོད་གཏོང་བ་དང་བརྙས་བཅོས་ཚད་མེད་བྱེད་པའི་དུས་རབས་ཡང་བསྐྱར་འབྱུང་མི་སྲིད་པ་རྔམ་བརྗིད་ལྡན་པས་ཁྱབ་བསྒྲགས་བྱས།

ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རང་སྟོབས་རང་སྤེལ་དང་འབད་འབུངས་ཡར་བརྩོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ཐད་རླབས་ཆེན་གྱི་གྲུབ་འབྲས་གསར་གཏོད་བྱས།  ང་ཚོས་སྤྱི་ཚོགས་རིང་ལུགས་ གསར་བརྗེ་བྱས་ནས་ཀྲུང་གོར་ལོ་སྟོང་ཕྲག་ཁ་ཤས་རིང་རྒྱུན་འཛིན་བྱས་པའི་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་དང་གཉའ་གནོན་གྱི་ལམ་ལུགས་མེད་པར་བཟོས་ཏེ།  སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།  བཙན་རྒྱལ་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱི་གཏོར་བཤིག་དང་འཁྲུག་སློང་ལས་རྣམ་པར་རྒྱལ་ཏེ།  ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་འཕོ་འགྱུར་མངོན་འགྱུར་བྱུང་བ་དང་།   དབུལ་ཞིང་ཕོངས་ལ་མི་འབོར་མང་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་གོམ་སྟབས་ཆེན་པོས་བསྐྱོད་རྒྱུའི་རླབས་ཆེན་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ།  ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་འབྱུང་བར་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིངས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་གོ་མི་དམངས་ནི་འཛམ་གླིང་རྙིང་པ་གཏོར་བཤིག་གཏོང་མཁས་པར་མ་ཟད། འཛམ་གླིང་གསར་པའང་འཛུགས་མཁས་ལ།  སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་སུ་གཏོང་མི་ཐུབ་པ་རྔམ་བརྗིད་ལྡན་པས་ཁྱབ་བསྒྲགས་བྱས།

ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད།ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས།  ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ། ཏང་གི་ལོ་རྒྱུས་སྟེང་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པའི་འཕོ་འགྱུར་རླབས་པོ་ཆེ་མངོན་འགྱུར་བྱས། ཏང་གི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་བྱས་པ་དང་བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། ཕྱོགས་གང་ཅིའི་ཐད་ནས་ཡོང་བའི་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་ནས།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་མཐའ་འཁྱོངས། སྲུང་སྐྱོབ། གོང་སྤེལ་བཅས་བྱས་ནས་ཚད་མཐོའི་གཅིག་གྱུར་གྱི་འཆར་ལྡན་དཔལ་འབྱོར་སྒྲིག་སྲོལ་ནས་གསོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མངོན་འགྱུར་བྱས་ཤིང་།  བཀག་སྡོམ་དང་བཀག་སྡོམ་ཕྱེད་ཙམ་ཡིན་པ་ནས་ཕྱོགས་ཡོངས་ནས་སྒོ་འབྱེད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱས་ལ།  ཐོན་སྐྱེད་ནུས་ཤུགས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་གནས་ཚུལ་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་མངོན་འགྱུར་བྱུང་། མི་དམངས་ཀྱི་འཚོ་བ་ལྟོ་གོས་མི་འདང་བ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་དུ་སླེབས་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ།  ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་འབྱུང་བར་གསོན་ཤུགས་གསར་པ་ལྡན་པའི་སྒྲིག་སྲོལ་འགན་ལེན་དང་འཕེལ་རྒྱས་མགྱོགས་པོ་ཡོང་བའི་དངོས་པོའི་ཆ་རྐྱེན་འདོན་སྤྲོད་བྱས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་བཅོས་བསྒྱུར་སྒོ་འབྱེད་བྱེད་པ་ནི་དེང་རབས་ཀྲུང་གོའི་མདུན་ལམ་དང་ལས་དབང་ལ་ཐུག་པའི་གནད་འགག་གི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་ཡོད་ཅེས་རྔམ་བརྗིད་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་བྱས།

ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རང་རྟོན་རང་འབད་དང་དག་སྲུང་གསར་གཏོད་བྱས་ནས། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་གཏོད་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ང་ཚོས་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་།“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འཐུས་སྒོ་ཚང་བའི་ཏང་ནང་གི་ཁྲིམས་སྲོལ་མ་ལག་ཆགས་པར་བྱས་ཤིང་། ཉེན་ཁ་དང་འགྲན་སློང་གལ་ཆེན་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ཏེ།  བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འཐབ་ཇུས་ཀྱི་བཀོད་སྒྲིག་གསལ་བོ་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་སྲ་བརྟན་གྱི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་གྱུར་པ་དང་། དེ་ནས་སྟོབས་ལྡན་དུ་འགྱུར་བའི་བར་གྱི་རླབས་ཆེན་མཆོང་སྐྱོད་བསུས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་དེ་བཟློག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད་པ་རྔམ་བརྗིད་ལྡན་པའི་ངང་ནས་ཁྱབ་བསྒྲགས་བྱས།

ལོ་ངོ་བརྒྱ་ཡི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།“རང་སྲོག་ཕངས་མེད་དོར་བའི་བློ་སྟོབས་ལས། སྐལ་བཟང་དུས་ཀྱི་འཇིག་རྟེན་གསར་བ་བསྐྲུན།  ”ཞུམ་མེད་ཀྱི་བློ་སྟོབས་ལ་བརྟེན་ནས།  ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཐོག་ཆེས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་སྙན་ངག་བྲིས། ལོ་ངོ་བརྒྱ་ཡི་རིང་གསར་དུ་བཏོད་པའི་རླབས་ཆེན་གྱི་འགྲོ་ལམ་དང་། གསར་གཏོད་ཀྱི་རླབས་ཆེན་བྱ་གཞག བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་བཅས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དང་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་ནང་བཀོད།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ལོ་ངོ་བརྒྱ་ཡི་སྔོན་དུ།  ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས། བདེན་དོན་རྒྱུན་འཁྱོངས་དང་ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་འཁུར་ཕོད་པ། རང་སྲོག་བློས་གཏོང་བར་མི་འཛེམ་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་ཕོད་པ། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་རྒྱབ་འགལ་མི་བྱེད་པ་བཅས་ཀྱི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་གྱི་སྙིང་སྟོབས་གྲུབ་པ་དེ་ནི།  ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་རེད།

ལོ་བརྒྱ་ཡི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་བཏང་སྟེ་དུས་ཡུན་རིང་པོའི་འབད་འཐབ་ཀྱི་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་མིའི་རླབས་ཆེ་བའི་སྙིང་སྟོབས་མ་ལག་རབ་དང་རིམ་པ་བཙུགས་ཏེ།  ཆབ་སྲིད་ཀྱི་གཤིས་རྒྱུད་མངོན་གསལ་དོད་པོ་ཞུན་བརྡར་བྱས་ཡོད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་སྙིང་སྟོབས་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད། ང་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དུ་དར་སྤེལ་དང་གསར་བརྗེའི་ཁྲག་རྒྱུན་མུ་མཐུད་དུ་རྒྱུན་འཛིན་བྱས་ཏེ།  ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་དགོས།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ལོ་ངོ་བརྒྱའི་རིང་ལ་ང་ཚོས་བླངས་པའི་གྲུབ་འབྲས་མཐའ་དག་ནི་ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏིང་ཞའོ་ཕིང་།  བློ་མཐུན་ཅང་ཙེ་མེན།  བློ་མཐུན་ཧུའུ་ཅིན་ཐའོ་བཅས་སྐུ་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད་ལོ་རྒྱུས་དེབ་ཐེར་སྟེང་འགོད་པའི་མཛད་རྗེས་རླབས་ཆེན་བཞག་ཡོད། ང་ཚོས་ཁོང་ཚོར་བླ་ན་མེད་པའི་གུས་འདུད་ཞུ།

སྐབས་འདིར། ང་ཚོས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ཆེད་དང་།  ཀྲུང་གོ་གུང་ཁྲན་ཏང་འཛུགས་པ་དང་སྲ་བརྟན། འཕེལ་རྒྱས་བཅས་གཏོང་བའི་ཆེད་དུ་བྱས་རྗེས་གལ་ཆེན་བཞག་པའི་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏིན་ཞའོ་ཕིང་། ཁྲིན་ཡུན་སོགས་གསར་བརྗེའི་རྒན་རབས་པ་རྣམས་ལ་སེམས་གཏིང་ནས་དྲན་གསོ་ཞུ་རྒྱུ་དང་། ཀྲུང་གོ་གསར་པ་འཛུགས་པ་དང་སྲུང་སྐྱོབ་བྱེད་པ། འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་།  བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་ཆེད་དཔའ་ངར་ཆེན་པོས་ཡོད་ཚད་ཕུལ་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་སེམས་གཏིང་ནས་དྲན་གསོ་ཞུ་རྒྱུ་དང་། ཉེ་རབས་ནས་བཟུང་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གཏོང་ཕྱིར་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་པའི་སྤྱོད་བཟང་འདུན་ཆེའི་མི་སྣ་ཡོངས་ལ་སེམས་གཏིང་ནས་དྲན་གསོ་ཞུ་རྒྱུ་ཡིན། ཁོང་ཚོས་མེས་རྒྱལ་དང་མི་རིགས་ཀྱི་ཆེད་དུ་བཞག་པའི་མཛད་རྗེས་རླབས་ཆེན་དག་དུས་ནམ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་སྟེང་འགོད་སྲིད་པ་དང་། ཁོང་ཚོའི་བླ་ན་མེད་པའི་སྙིང་སྟོབས་དེ་ནམ་ཡང་མི་དམངས་ཀྱི་སེམས་ཁོང་དུ་བརྟན་པོར་ངེས་དགོས།

མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་དཔའ་བོ་ངོ་མ་ཡིན། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་པ་དང་ཞིང་པ། ཤེས་ལྡན་མི་སྣ་བཅས་དང་། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཀྱི་ཚོགས་པ་སོ་སོ་དང་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ།  དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག སྤྱི་བདེ་ལས་བྱེད་པ་དང་ཉེན་རྟོག་པ། མེ་གསོད་མྱུར་སྐྱོབ་རུ་ཁག་གི་བཀོད་འཐབ་པ་བཅས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་ཡོངས་དང་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།   ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ།  ཐའེ་ཝན་སྤུན་ཟླ། དེ་བཞིན་རྒྱ་ཆེའི་ཕྱིར་སྡོད་རང་མི་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོ་མི་དམངས་དང་མཛའ་མཐུན་མཉམ་གནས་དང་། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཁག་གི་མི་དམངས་དང་གྲོགས་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ཐོག་མའི་བསམ་འདུན་ཐོབ་སླ་ཡང་། ཐོག་མཐའ་བར་གསུམ་དུ་སྲུང་དཀའ། ལོ་རྒྱུས་དཔྱད་གཞིར་བཟུང་ན་དར་རྒུད་ཤེས་ཐུབ། ང་ཚོས་ལོ་རྒྱུས་ཀྱི་འདས་དོན་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཏེ།  ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་འདས་ཟིན་པར་ང་ཚོས་ཇི་ལྟར་བྱས་ན་གཞི་ནས་རྒྱལ་ཁ་ཐོབ་པ་དང་།  འབྱུང་འགྱུར་ང་ཚོས་ཇི་ལྟར་བྱས་ན་མུ་མཐུད་དུ་རྒྱལ་ཁ་ལེན་ཐུབ་པ་གསལ་བོར་ཤེས་ཐུབ་པས།  རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྔར་བས་བརྟན་ཞིང་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་སྐྲུན་བྱེད་དགོས།

ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་གསར་གཏོད་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་ལས་དོན་བཟང་བོར་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ཀྲུང་ཧྭ་མི་རིགས་ཉེ་རབས་ཚུན་གྱི་ལོ180ལྷག་གི་ལོ་རྒྱུས་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན་གྱི་ལོ100ཡི་ལོ་རྒྱུས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཚུན་གྱི་ལོ70ལྷག་གི་ལོ་རྒྱུས་བཅས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའང་ཡོད་མི་སྲིད་པ་ར་སྤྲོད་གང་ལེགས་བྱས་ཡོད།  ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་རྩ་བ་དང་སྲོག་རྩ་གནས་ས་ཡིན་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་ལ་དམ་པོར་འབྲེལ་ཡོད།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ངེས་པར་དུ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་འགོ་ཁྲིད་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ།   “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས་ཏང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་སྐྱོང་བ་དང་དམངས་གཙོས་སྲིད་སྐྱོང་བ།  ཁྲིམས་ལྟར་སྲིད་སྐྱོང་བ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏེགས་ཏེ། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་གསར་གཏོད་བྱེད་པར་ངེས་པར་དུ་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཛེས་སྡུག་གི་འཚོ་བ་གཏོད་ཆེད་འབད་འཐབ་བྱེད་དགོས།   སྲིད་ཀྱི་དར་རྒུད་དམངས་ལ་བརྟེན་པ་དང་དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན་པ།  སྲིད་དབང་བརྩོན་ལེན་དང་རྒྱལ་སྲིད་སྐྱོང་བ་ནི་མི་དམངས་ཀྱི་བསམ་པ་ཡིན།   ཀྲུང་གོ་གུང་ཁྲན་ཏང་གི་རྩ་བ་ནི་མི་དམངས་ཡིན་ཞིང་། ཁྲག་རྒྱུན་ནི་མི་དམངས་ཡིན་ལ་སྟོབས་ཤུགས་ཀྱང་མི་དམངས་ཡིན།

ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་དང་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་། ཤི་གསོན་མཉམ་གནས་བྱེད་པ་མཚོན་ཡོད་པ་དང་།  རང་ཉིད་ལ་དམིགས་བསལ་ཁེ་ཕན་གང་ཡང་མེད་པ་དང་། སྔོན་ནས་བཟུང་ཁེ་ཕན་ཚོགས་པ་དང་དབང་ཤུགས་ཚོགས་པ། ཁྱད་དབང་དང་རིམ་གྲས་གང་རུང་གི་ཁེ་ཕན་གཏན་ནས་མཚོན་གྱི་མེད།  ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཁ་བྲལ་དུ་གཏོང་འདོད་པ་དང་། ཁ་གཏད་དུ་ལངས་བསམ་པའི་རེ་ངན་གང་ཞིག་ཡིན་རུང་ཚང་མ་གཏན་ནས་འགྲུབ་མི་སྲིད།  ཀྲུང་གོ་གུང་ཁྲན་ཏང་མི་བྱེ་བ་དགུ་དང་ས་ཡ་ལྔ་ལྷག་གིས་ཀྱང་ཁས་ལེན་མི་སྲིད་ལ། ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་གིས་ཀྱང་ཁས་ལེན་མི་སྲིད།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་། ང་ཚོས་ངེས་པར་དུ་མི་དམངས་ལ་རྒྱབ་བརྟེན་བྱས་ནས་ལོ་རྒྱུས་གསར་སྐྲུན་བྱེད་དགོས་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས་མི་དམངས་ཀྱི་ཕྱོགས་སུ་བརྟན་པོར་ལངས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་དོན་འཁྱོལ་བྱེད་པ་དང་། མི་དམངས་ཀྱི་དག་སྲུང་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ།  མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་བོའི་ཁྲོད་དུ་མི་དམངས་དམངས་གཙོ་ཡིན་པ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བཅས་བྱས་ཏེ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་བྲེལ་བ་དང་དཀའ་བ། སེམས་ཁུར། རེ་བ་བཅས་ཀྱི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱས་ཏེ། མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོ་ཡོང་བར་སྔར་ལས་མངོན་གསལ་གྱི་དངོས་ཡོད་རང་བཞིན་གྱི་འཕེལ་རིམ་འབྱུང་བར་སྐུལ་འདེད་གཏོང་དགོས།

--ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། འབྱུང་འགྱུར་གསར་གཏོད་བྱེད་པར་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། མར་ཁེ་སི་རིང་ལུགས་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་མཛུབ་སྟོན་བསམ་བློ་ཡིན་པ་དང་ང་ཚོ་ཏང་གི་བླ་སྲོག་དང་དར་ཆ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པའི་གཞུང་ལུགས་རྒྱུན་འཁྱོངས་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་དངོས་ཡོད་ལ་དམིགས་ནས། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་མཐིལ་རྟོགས་བྱེད་པ་དང་། ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པར་བྱེད་པ། དཀའ་སྤྱད་ཀྱིས་འཚོལ་ཞིབ་བྱས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་མི་དམངས་ཀྱིས་རྒྱུན་ཆད་མེད་པར་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྐུལ་འདེད་གཏོང་བར་མཛུབ་སྟོན་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟང་དོན་དེ་མཐར་གཏུགས་ན་མར་ཁེ་སི་རིང་ལུགས་འགྲིག་པའི་རྐྱེན་གྱིས་རེད།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་། ང་ཚོས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མར་ཁེ་སི་རིང་ལུགས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་བྱེད་པ་དང་། དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་དེ་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་། དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས།

--ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། འབྱུང་འགྱུར་གསར་གཏོད་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས། རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་ནི་ཏང་གི་རིགས་པའི་གཞུང་ལུགས་ཡོད་ཚད་དང་ལག་ལེན་དངོས་ཀྱི་གཞི་འཛིན་ས་ཡིན་ལ། ཏང་གིས་ལོ་ངོ་བརྒྱ་ཡི་རིང་ལ་འབད་འཐབ་བྱས་པ་ལས་ཐོབ་པའི་ལོ་རྒྱུས་ཀྱི་སྡོམ་ཚིག་ཀྱང་ཡིན།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱོང་བ་བརྒྱུད་དེ་རིན་དོད་ཆེན་པོ་བཏང་ནས་ཐོབ་པའི་རྩ་བའི་གྲུབ་འབྲས་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བགྲོད་ལམ་ཡང་དག་པའང་ཡིན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། དངོས་པོའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བགྲོད་ལམ་གསར་པ་དང་མིའི་རིགས་ཀྱི་ཤེས་དཔལ་རྣམ་པ་གསར་བ་གསར་བསྐྲུན་བྱས།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་། ང་ཚོས་ངེས་པར་དུ་ཏང་གི་རྩ་བའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱེད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ནས “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་བཙུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ། ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། འཕེལ་རྒྱས་གསར་བའི་རྣམ་པ་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་སྤེལ་བྱེད་པར་ཡར་སྐུལ་བཏང་ནས་མི་དམངས་ཀྱི་རང་ཁྱིམ་རང་བདག་ལ་ཁག་ཐེག་བྱས་ཏེ།  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བཅོས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་པ། མི་དམངས་འབྱོར་ཕྱུག་དང་རྒྱལ་ཁབ་སྟོབས་ལྡན། ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས།

ཀྲུང་ཧྭ་མི་རིགས་ལ་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་རིམ་འགྱུར་ཁྲོད་གྲུབ་པའི་འོད་སྟོང་འབར་བའི་ཤེས་དཔལ་ལྡན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ལ་ལོ་བརྒྱའི་འབད་འཐབ་ཀྱི་ལག་ལེན་དང་ལོ་ངོ་བདུན་ཅུ་ལྷག་ཙམ་གྱི་སྲིད་འཛིན་རྒྱལ་དར་གྱི་ཉམས་མྱོང་ཡོད་པས། ང་ཚོས་ཧུར་ཐག་གིས་མིའི་རིགས་ཀྱི་ཤེས་དཔལ་གྱི་ཕན་ཡོད་གྲུབ་འབྲས་མཐའ་དག་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་ལ། ཕན་ཡོད་ཀྱི་གྲོས་གཞི་དང་དོན་དང་ལྡན་པའི་སྐྱོན་བརྗོད་མཐའ་དག་དང་ལེན་བྱེད་དགོས། ཡིན་ནའང་། ང་ཚོས“བསམ་བློ་མཁྲེགས་འཛིན་ཅན”གྱི་རྫིག་ཉམས་ཀྱི་སློབ་སྟོན་དང་ལེན་བྱེད་མི་སྲིད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་རང་ཉིད་ཀྱིས་གདམ་གསེས་བྱས་པའི་བགྲོད་ལམ་སྟེང་མགོ་བོ་དགྱེས་ནས་གོམ་སྟབས་ཆེན་པོས་བགྲོད་རྒྱུ་ཡིན་པ་དང་། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།

--ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། འབྱུང་འགྱུར་གསར་གཏོད་བྱེད་པར་ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་དགོས་ན་ངེས་པར་དུ་དམག་དཔུང་སྟོབས་ཆེར་གཏོང་བ་དང་། དམག་དཔུང་སྟོབས་ཆེར་བཏང་ཚེ་གཞི་ནས་རྒྱལ་ཁབ་བདེ་ལ་འགོད་ཐུབ། ཏང་གིས་མེ་མདའ་ལ་བཀོད་འདོམས་བྱེད་པ་དང་རང་ཉིད་ཀྱི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཏང་གིས་ཟུངས་ཁྲག་དང་མེ་ལྕེ་ཡི་འཐབ་རྩོད་ཁྲོད་ཐོབ་པའི་འགྱུར་མེད་ཀྱི་བདེན་དོན་ཞིག་རེད། མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ལ་ཉམས་པ་མེད་པའི་བྱས་རྗེས་བཞག་ཡོད་པས། དེ་ནི་དམར་པོའི་སྲིད་དབང་སྲུང་སྐྱོབ་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པའི་ཀ་རྡོ་བརྟན་པོ་ཞིག་ཡིན་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་ཡིན།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་། ང་ཚོས་ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས་དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པ་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་བསྐྲུན་ནས་ནུས་པ་སྔར་ལས་ཆེན་པོ་ལྡན་པ་དང་། སྔར་ལས་རྒྱབ་རྟེན་བཅོལ་ཆོག་པའི་བྱེད་ཐབས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་དགོས།

--ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། འབྱུང་འགྱུར་གསར་སྐྲུན་བྱས་ནས་ངེས་པར་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས། ཞི་བདེ་དང་འགྲིག་མཐུན། འཆམ་མཐུན་བཅས་ནི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་རིང་ལ་འཚོལ་སྙེག་དང་རྒྱུན་འཛིན་བྱས་པའི་འདུ་ཤེས་ཤིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ཁྲོད་དུ་གཞན་ལ་བཙན་འཛུལ་དང་ང་ཆེ་ང་བཙན་བྱེད་པའི་གཞི་རྒྱུ་ཅི་ཡང་མེད། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་མཐོང་ཆེན་བྱས་ནས་འཛམ་གླིང་སྟེང་གི་ཡར་ཐོན་གྱི་སྟོབས་ཤུགས་མཐའ་དག་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་བྱེད་མཁན་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་གཞི་ལ་སྲུང་སྐྱོབ་བྱེད་མཁན་བཅས་ཡིན།

རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་སྟེང་། ང་ཚོས་ངེས་པར་དུ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་རྒྱལ་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་དང་། ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་གཅིག་ཏུ་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་འཕེལ་རྒྱས་གསར་བས་འཛམ་གླིང་ལ་གོ་སྐབས་གསར་བ་འདོན་སྤྲོད་བྱས། ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་དུ་ཞི་བདེར་དགའ་བའི་རྒྱལ་ཁབ་དང་མི་དམངས་དང་མཉམ་དུ་ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་སྟེ། མཉམ་ལས་རྒྱུན་འཁྱོངས་དང་འགྲན་རྒོལ་མི་བྱེད་པ། སྒོ་འབྱེད་རྒྱུན་འཁྱོངས། བཀག་སྡོམ་མི་བྱེད་པར་གཉིས་ཕན་མཉམ་རྒྱལ་དང་། ཕྱོགས་གཅིག་རྒྱལ་ཞིང་ཕྱོགས་གཅིག་ཕམ་པར་མི་བྱེད་པར་བཙན་དབང་རིང་ལུགས་དང་དབང་ཤེད་ཆབ་སྲིད་ལ་ངོ་རྒོལ་བྱས་ནས་ལོ་རྒྱུས་ཀྱི་འཁོར་འགྲོས་དེ་འོད་ཟེར་ལྡན་པའི་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས།

ཀྲུང་གོ་མི་དམངས་ནི་དྲང་བདེན་ལ་བརྩི་མཐོང་དང་བཙན་ཤུགས་ལ་མི་སྐྲག་པའི་མི་དམངས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ནི་མི་རིགས་ཀྱི་སྤོབས་སེམས་དང་ཡིད་ཆེས་ཆེན་པོ་ལྡན་པའི་མི་རིགས་ཤིག་ཡིན། ཀྲུང་གོ་མི་དམངས་ཀྱིས་གནའ་ནས་བཟུང་རྒྱལ་ཁབ་གཞན་དག་གི་མི་དམངས་ལ་བརྙས་བཅོས་དང་གཉའ་གནོན། བྲན་བཀོལ་བཅས་གཏན་ནས་བྱས་མྱོང་མེད་པ་དང་། སྔོན་ཆད་བྱས་མ་མྱོང་ལ། ད་ལྟ་མི་བྱེད་ལ་མ་འོངས་པར་ཡང་བྱེད་མི་སྲིད། དེ་དང་ཆབས་ཅིག ཀྲུང་གོ་མི་དམངས་ལ་ཡང་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་ང་ཚོར་བརྙས་བཅོས་དང་གཉའ་གནོན། བྲན་བཀོལ་བཅས་གཏན་ནས་བྱས་མི་ཆོག  སུ་ཞིག་གིས་འདི་ལྟར་བྱ་རྒྱུའི་རེ་སྟོང་བཅངས་ན། ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་ཙམ་གྱིས་ཤ་ཁྲག་ལས་གྲུབ་པའི་ངར་ལྕགས་ལྟ་བུའི་ལྕགས་རིའི་མདུན་དུ་འཁོན་ལན་སློག་ངེས།

—ལོ་རྒྱུས་དཔྱད་གཞིར་བཟུང་ནས་མ་འོངས་པ་གསར་གཏོད་བྱེད་པར་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྲན་ཟླ་བྲལ་བའི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱ་དགོས་ན་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་དང་འབད་འཐབ་ལྷོད་མེད་བྱེད་དགོས། ད་ལྟ། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་རྒྱུར་སྔར་ལས་ཉེ་བར་བཅར་བ་དང་། ཡིད་ཆེས་དང་ནུས་པ་སྔར་ལས་ཆེན་པོ་ལྡན། དེ་དང་ཆབས་ཅིག ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེ་བ་དང་འབད་བརྩོན་སྔར་ལས་ཆེན་པོ་བྱེད་རྒྱུའི་གྲ་སྒྲིག་བྱེད་དགོས།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་།  ང་ཚོས་ངེས་པར་དུ་དཀའ་ཁག་དང་ཉེན་ཁའི་འདུ་ཤེས་འཛིན་ཤུགས་དང་ཐོག་མཐའ་བར་གསུམ་དུ་བདེ་སྡོད་ཉེན་བསམ་ཆེ་རུ་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། དཀའ་སྡུག་གི་རི་བོར་ཁོང་ཕུགས་ཀྱང་འགྲན་སློང་གི་ཆུ་བོར་ཟམ་འཕངས་ནས།  ཉེན་ཁ་དང་འགྲན་སློང་ཐམས་ཅད་ལས་རྣམ་པར་རྒྱལ་ཕོད་དགོས།

—ལོ་རྒྱུས་དཔྱད་གཞིར་བཟུང་ནས་མ་འོངས་པ་གསར་གཏོད་བྱེད་པར་ངེས་པར་དུ་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱེད་དགོས། ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུའི་སྟེང་། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དེ་གོ་གནས་གལ་ཆེན་དུ་བཞག་ནས། ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། སྐུལ་སློང་བྱེད་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྣ་ཚོགས་སྐུལ་སློང་བྱས་ནས།  ཐུན་མོང་གིས་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་གང་ཐུབ་བྱེད་དགོས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་། ང་ཚོས་ངེས་པར་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ། ངོས་འཛིན་གཅིག་མཐུན་ཡོངས་ཁྱབ་ཏུ་གོང་བུར་འགྲིལ་བ། གནམ་འོག་གི་འཇོན་ཐང་ཅན་ཡོངས་ཁྱབ་ཏུ་བསྡུ་བ། སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་ཞིབ་ཧུར་ཐག་བྱེད་པ། དམངས་སེམས་གཅིག་མཐུན་གྱི་རྣམ་པ་ལེགས་པོ་འབྲི་གང་ཐུབ་བཅས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་བསམ་བློ་གཅིག་མཐུན་དང་ངར་ཤུགས་གཅིག་ཏུ་བསྒྲིལ་བའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱས་ནས། མི་རིགས་བསྐྱར་དར་ཡོང་བའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་བར་བྱ་དགོས།

—ལོ་རྒྱུས་དཔྱད་གཞིར་བཟུང་ནས་མ་འོངས་པ་གསར་གཏོད་བྱེད་པར་ངེས་པར་དུ་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་ཏང་གཞན་དག་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་ཞིག་རེད། ང་ཚོའི་ཏང་གིས་བསྲེགས་བཅད་བརྡར་གསུམ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཉམས་མྱོང་བརྒྱུད་མྱོང་། རྒྱུ་མཚན་ཧ་ཅང་གལ་ཆེན་ཞིག་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་རང་ཉིད་ལ་འཕྲད་པའི་ཉེན་ཁ་དང་ཚོད་བགམ་ལ་ཁ་གཏད་འཇལ་ནས། ང་ཚོའི་ཏང་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་ཟབ་མོ་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་དུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་དགོས།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་། ང་ཚོས་ནམ་ཡང་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི་གནས་ལུགས་སེམས་སུ་དམ་པོར་བཅངས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ནམ་ཡང་ལམ་ན་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་ཆེར་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་བྱས་ནས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཏང་གི་རྩ་འཛུགས་མ་ལག་རྒྱུན་ཆད་མེད་པར་ཇེ་དམ་དུ་གཏོང་བ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་ཏེ། ཏང་གི་སྔོན་ཐོན་རང་བཞིན་དང་སྤྱོད་གཙང་རང་བཞིན་ལ་གནོད་སྐྱོན་གཏོང་བའི་རྒྱུ་རྐྱེན་ཐམས་ཅད་གཙང་སེལ་བྱེད་པ། ཏང་གི་འཛུགས་སྐྲུན་ལ་གནོད་པ་ཡོད་པའི་ནད་དུག་ཐམས་ཅད་གཙང་སེལ་བྱས་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་རང་མདངས་མི་འགྱུར་བ། རྣམ་པ་མི་འགྱུར་བ་བཅས་ལ་ཁག་ཐེག་བྱས་ཏེ། ཏང་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་མགོ་ཁྲིད་ཀྱི་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་དགོས།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་།“ཞང་ཀང་བས་ཞང་ཀང་སྐྱོང་བ།”“ཨའོ་མོན་པས་ཨའོ་མོན་སྐྱོང་བ།”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་གིས་ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་དངོས་འབེབ་དང་། དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་དངོས་འབེབ་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱས་ནས། དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པ་དང་། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་བ་བྱེད་དགོས།

ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ནས་མེས་རྒྱལ་མཐའ་གཅིག་ཏུ་གཅིག་གྱུར་ཡོང་བ་བྱེད་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཡིན་ལ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་སྨོན་ཡང་ཡིན། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ལྟ་བ”རྒྱུན་འཁྱོངས་བྱས་ནས། མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། འགྲམ་གཉིས་ཀྱི་སྤུན་ཟླ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཚང་མས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མདུན་སྐྱོད་བྱས་ནས། “ཐའེ་དབན་རང་བཙན”གྱི་ལྐོག་གཡོ་ཐམས་ཅད་མཐའ་གཅིག་ཏུ་ཐལ་བའི་རྡུལ་དུ་བརླགས་ཏེ། མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་ཐུན་མོང་གིས་གསར་སྐྲུན་བྱེད་དགོས། མི་སུ་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་དང་བློ་རྩ་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་སྣང་ཆུང་བྱེད་མི་རུང་།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

མ་འོངས་པ་ན་གཞོན་རྣམས་ལ་དབང་བས་རེ་བ་ན་གཞོན་རྣམས་ལ་བཅོལ་དགོས། ལོ་ངོ་བརྒྱ་ཡི་སྔོན་ལ། ན་གཞོན་གསར་པ་སྐོར་ཞིག་གིས་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་སྙིང་སྟོབས་ལ་བརྟེན་ནས། ཆར་རླུང་ཆེན་པོས་ཁྲོད་ཀྲུང་གོས་མི་རིགས་བསྐྱར་དར་གྱི་མདུན་ལམ་འཚོལ་ཞིབ་ཧུར་ཐག་བྱས། ལོ་ངོ་བརྒྱ་ཡི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གི་དར་ཆའི་འོག མི་རབས་རེ་རེའི་ཀྲུང་གོའི་ན་གཞོན་རྣམས་ཀྱིས་ལང་ཚོའི་འབད་འཐབ་དེ་ཏང་དང་མི་དམངས་ཀྱི་ལས་དོན་ཁྲོད་འདྲེས་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་གདོང་ལེན་སྟོབས་ཤུགས་སུ་གྱུར་ཡོད། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་ལ་བརྩིས་ནས། ཀྲུང་གོ་བའི་བློ་སྟོབས་དང་ལ་རྒྱ། གདེང་ཚོད་བཅས་ཆེ་རུ་བཏང་སྟེ། དུས་རབས་ཀྱི་རེ་འབོད་དང་ལང་ཚོའི་རེ་སྐུལ། ཏང་དང་མི་དམངས་བཅས་ཀྱི་རེ་སྒུག་ཆེན་པོ་གཏོང་ཟད་དུ་གཏོང་མི་རུང་།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ལོ་ངོ་བརྒྱ་ཡི་སྔོན་ལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་སྐབས་ཏང་ཡོན་ལྔ་བཅུ་ལྷག་ལས་མེད་པ་དང་། ད་ལྟ་ཏང་ཡོན་བྱེ་བ་དགུ་དང་ས་ཡ་ལྔ་ལྷག་ཡོད་ལ། དེ་དག་གིས་མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་ཟིན་པའི་མི་གྲངས་མང་པོའི་རྒྱལ་ཁབ་ཆེན་པོ་ཞིག་ལ་མགོ་ཁྲིད་བྱེད་བཞིན་ཡོད་པ་དང་། འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་འཛམ་གླིང་གི་སྲིད་འཛིན་ཏང་ཆེ་ཤོས་དང་པོར་གྱུར་ཡོད།

ལོ་ངོ་བརྒྱ་ཡི་སྔོན་ལ། འཛམ་གླིང་སྟེང་ཀྲུང་ཧྭ་མི་རིགས་འདི་ལ་ཉམས་རྒུད་དུ་གྱུར་བའི་རྣམ་པ་ཞིག་མངོན་ཡོད་ལ། ད་ལྟའི་འཛམ་གླིང་སྟེང་ཀྲུང་ཧྭ་མི་རིགས་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་གསར་བ་ཞིག་མངོན་ཏེ།   རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་སྐྱོད་བཞིན་ཡོད།

འདས་ཟིན་པའི་ལོ་ངོ་བརྒྱ་ཡི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཞིག་བསྐྲུན་ཡོད། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལམ་བུའི་སྟེང་སྐྱོད་བཞིན་ཡོད།

ཀྲུང་གོ་གུང་ཁྲན་ཏང་ཡོན་ཡོངས་ལ། ཏང་ཀྲུང་དབྱང་གིས་ཁྱོད་ཚོར་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་དགོངས་དོན་ལག་ལེན་དུ་བསྟར་བ། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་གནས་པ་དང་མཉམ་དུ་ལས་ཀ་སྒྲུབ་པ། སྐྱིད་སྡུག་མཉམ་མྱོང་བཅས་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་མུ་མཐུད་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་སྔར་ལས་ཆེ་བ་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བྱ་གཞག་ལ་ཆོད་སེམས་བརྟན་པོ་བཅངས་ཡོད། ལོ་བརྒྱ་ནི་ལང་ཚོ་དར་ལ་བབ་པ་དང་འདྲ་ལ། འདས་ཟིན་པར་ཕྱི་མིག་བལྟ་བ་དང་མ་འོངས་པར་རྒྱང་ལྟ་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ལྡན་མགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ངེས་རེད།

རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ་ཡང་དག་པའི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག

རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ་དཔའ་ངར་གྱི་ཀྲུང་གོ་མི་དམངས་ཁྲི་ལོར་བརྟན་པར་ཤོག

              ཡིག་སྒྱུར་བ།  གཡང་འབུམ་རྒྱལ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ། ཤ་བོ་རིན་མཚོ།