དམིགས་ཡུལ་ལག་ལེན་བྱས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན།
2021.07.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

--སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག་གཟེངས་རྟགས”གནང་བའི་མཛད་སྒོའི་སྟེང་གི་གཏམ་བཤད་གལ་ཆེན་སློབ་སྦྱོང་དང་དངོས་འབེབ་བྱེད་པའི་སྐོར་གླེང་བ།

བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་ནི་ང་ཚོ་ཏང་གི་རྩ་བའི་དམིགས་ཡུལ་ཡིན་པ་དང་། མི་རབས་ནས་མི་རབས་བར་ཀྲུང་གོ་གུང་ཁྲན་ཏང་མིའི་རེ་སྙེག་བྱེད་ཡུལ་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི“བདུན་གཅིག་གཟེངས་རྟགས”གནང་བའི་མཛད་སྒོའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དམིགས་ཡུལ་ལག་ལེན་བྱེད་པ་དེ་ནི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་བ་དང་། སེམས་སུ་མི་དམངས་བཅངས་བ། བྱ་བ་སྒྲུབ་པ་མི་དམངས་ཀྱི་ཆེད་ཡིན་པ། མང་ཚོགས་ཀྱི་ཆེད་དུ་བསམ་བློ་གཏོང་བ། མང་ཚོགས་ཀྱིས་སེམས་ཁུར་བྱེད་སར་སེམས་ཁུར་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་སེལ་བ། མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་མང་ཚོགས་ལ་བརྟེན་པ། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དངོས་ཡོད་འགུལ་སྐྱོད་ཀྱིས་གུང་ཁྲན་ཏང་མིའི“བདག་མེད་ཞུམ་མེད་ཀྱི་སྙིང་སྟོབས་དང་། མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་མི་གཏོང་བའི”བླ་མེད་ཀྱི་བརྩེ་བ་མངོན་པར་བྱས།

མི་དམངས་ཀྱི་ཆེད་དུ་སྐྱེས་པ་དང་། མི་དམངས་ཀྱི་ཆེད་དུ་དར་བ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་གནས་པ། མི་དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་འབད་འཐབ་བྱེད་པ་བཅས་ནི་ང་ཚོ་ཏང་གིས་ཏང་འཛུགས་སྐྲུན་དང་། ཏང་དར་རྒྱས་གཏོང་བ། ཏང་སྟོབས་ལྡན་དུ་གཏོང་བའི་རྩ་བའི་གཞི་འཛིན་ས་དང་རྐང་ཚུགས་ས་རེད། ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་འགན་འཁྲི་ལག་བསྟར་བྱེད་པའི་ལོ་རྒྱུས་ཡིན་པ་དང་། དེ་ནི་ཏང་དང་མི་དམངས་གཅིག་སེམས་གཅིག་ལ་འབྲེལ་བ་དང་། དབུགས་ལམ་གཅིག་གྱུར་དང་སྐྱིད་སྡུག་མཉམ་མྱོང་བཅས་ཀྱི་ལོ་རྒྱུས་ཤིག་ཀྱང་ཡིན། “བདུན་གཅིག་གཟེངས་རྟགས”ཐོབ་མཁན་གྱི་ཁྲོད། སྡོད་དམངས་ཀྱིས་སེམས་ཁྲལ་དང་སེམས་ཁུར་བྱེད་པའི་དོན་དག་ཐག་གཅོད་བྱེད་པ་དེ་ཚེ་གང་བོའི་ལས་དོན་དུ་བརྩི་བའི་དང་བླངས་པ་ཡོད་ལ། ལོ་ན་བརྒྱད་ཅུ་ལྷག་ལ་སླེབས་ནས་སྙིང་གི་འཕར་འགོ་འཕྲུལ་ཆས་བཏགས་ཏེ། མཚོ་འཕང་ལ་མུས་སྟོང་བཞི་དང་ལྔ་བརྒྱ་ཡོད་པའི་མཐོ་སྒང་ནས་ཚན་རིག་ཞིབ་འཇུག་གི་བྱ་བ་སྒྲུབ་པའི་སྨན་བཅོས་བྱ་བ་སྒྲུབ་མཁན་ཡོད་པ་དང་། དབུལ་ཕོངས་རི་ཁུལ་གྱི་བུ་མོ་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་གིས་སློབ་གྲྭ་ཆེན་མོ་འགྲིམས་པའི་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་རམ་གནང་མཁན་གྱི་སློབ་གསོ་བྱ་བ་སྒྲུབ་མཁན་ཡོད་ཅིང་། གཅེས་པའི་ཚེ་སྲོག་དབུལ་སྐྱོར་མཁྲེགས་གཏོར་ལས་དོན་ཐད་ལ་ཕུལ་བའི་གཞི་རིམ་ལས་བྱེད་པའང་ཡོད། ཁོ་ཚོས་རང་འགུལ་གྱིས་ཏང་གི་རྩ་བའི་དམིགས་ཡུལ་ལག་བསྟར་བྱས་ནས་མི་དམངས་ཀྱི་ཁེ་ཕན་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་དུ། སེམས་ཤུགས་ཡོད་ཚད་དང་འབད་བརྩོན་ལྷུར་ལེན་བྱས་པས། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཏེ། དཀའ་སྤྱད་དངོས་སྒྲུབ་ལ་བརྟེན་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་འགྲེལ་བཤད་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྲིད་ཀྱི་དར་རྒུད་དམངས་ལ་བརྟེན་པ་དང་། དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན་པ་ཡིན”ཞེས་གསུངས། ཏང་དང་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་། ཤི་གསོན་མཉམ་གནས་བྱེད་པ། ཐོག་མཐའ་བར་གསུམ་དུ་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་བྱ་རྒྱུ་ནི་ཏང་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ བའི་འགན་སྲུང་རེད། ལོ་རྒྱུས་ལ་ཕྱིར་མིག་ལྟོས་ན། གསར་བརྗེ་ཆེན་པོ་ཕམ་པའི་རྗེས་སུ། གསར་བརྗེ་པ་འབུམ་གསུམ་ལྷག་གི་ཁྲོད་ང་ཚོ་ཏང་གི་རྗེས་བསྙེགས་ནས་གསར་བརྗེ་བྱེད་མཁན་མང་ཆེ་བ་ནི་མང་ཚོགས་ཡིན་པ་དང་།  དམར་དམག་གི་དུས་སྐབས་སུ། མི་དམངས་མང་ཚོགས་ནི་ཏང་དང་མི་དམངས་དམག་དཔུང་གི་ལྕགས་རི་བརྟན་པོ་ཡིན་པ་དང་། འཇར་འགོག་དམག་འཁྲུག་གི་དུས་སྐབས་སུ། ང་ཚོ་ཏང་གིས་མང་ཚོགས་རྒྱ་ཁྱབ་ཏུ་སྐུལ་སློང་བྱས་པ་དེས་འཇར་པན་བཙན་རྒྱལ་རིང་ལུགས་མི་དམངས་དམག་འཁྲུག་གི་མཚོ་འཇིངས་སུ་འཐིམས་སུ་བཅུག ཧོའེ་ཧའེ་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་ནི་མང་ཚོགས་ཀྱིས་འདྲུད་འཁོར་དྲུད་དེ་ཐོབ་པ་ཞིག་ཡིན་ཞིང་། འབྲི་ཆུ་བརྒལ་བའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་དེ་ནི་མི་དམངས་ཀྱིས་གྲུ་ཆུང་དཀྲུགས་ནས་ཐོབ་པ་ཞིག་རེད། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་ནི་མི་དམངས་མང་ཚོགས་ལ་བརྟེན་ནས་བྱུང་བ་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་ཀྱི་རླབས་ཆེན་ཟློས་གར་ནི་མི་དམངས་མང་ཚོགས་དུང་ཕྱུར་མང་པོས་གཙོ་འཁྲབ་བྱས་པ་རེད། ལག་ལེན་གྱི་ཁྲོད། མི་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་། མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཚེ། ཏང་གིས་དཀའ་ངལ་གང་ཞིག་ཀྱང་ཁྱད་བསད་བྱེད་ཐུབ་པ་དང་། ཕྱོགས་གང་དུ་བསྐྱོད་ཀྱང་རྒྱལ་མི་ཐུབ་པ་མེད་པ་ར་སྤྲོད་གང་ལེགས་བྱས་ཡོད། གུང་ཁྲན་ཏང་ཡོན་རེ་རེས་གསལ་བོར་ཤེས་དགོས་པ་ནི། ཏང་གིས་མི་དམངས་ཀྱི་ཁེ་ཕན་བསམ་པ་ལས་རང་ཉིད་ལ་དམིགས་བསལ་ཁེ་ཕན་གང་ཡང་མེད་པ་དང་། ཏང་གི་བྱ་བ་ཡོད་ཚད་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་ཡག་པོ་ཡོང་བ་དང་། སྲུང་སྐྱོབ་བཟང་པོ་བྱེད་པ། འཕེལ་རྒྱས་ལེགས་པོ་ཡོང་བའི་ཆེད་ཡིན། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་མི་དམངས་ནི་དཔའ་བོ་ངོ་མ་ཡིན་པས། ངེས་པར་དུ་མི་དམངས་ལ་ཡིད་ཆེས་དང་མི་དམངས་ལ་བརྟེན་དགོས། ང་ཚོ་དུས་ནམ་ཡང་ངལ་རྩོལ་མི་དམངས་ཁྲོད་ཀྱི་ཆེས་དཀྱུས་མ་ཞིག་ཡིན་པས། ངེས་པར་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་དགོས།

ལོ་བརྒྱའི་རྒྱང་སྐྱོད་ཟིལ་རླབས་དགུང་དུ་འཕྱུར་ཞིང་། ལོ་བརྒྱའི་ཐོག་མའི་བསམ་འདུན་ཡུན་དུ་བརྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟེངས་རྟགས་གནང་བའི་མཛད་སྒོའི་སྟེང་། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་མི་དམངས་ཀྱི་ལངས་ཕྱོགས་དང་མི་དམངས་བླ་ན་མེད་པ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། འབད་བརྩོན་ལྷོད་མེད་སྒོས་མང་ཚོགས་ལ་དོན་དངོས་དང་དོན་བཟང་སྒྲུབ་སྟེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་བྱེད་དགོས་ཞེས་ནན་གྱིས་བསྟན། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་བཅས་བྱེད་པའི་རྩ་བའི་དམིགས་ཡུལ་ནི་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྲུན་ཆེད་ཡིན་ཞིང་། འགྲན་སློང་དང་གནོན་ཤུགས་ཇི་འདྲའི་ཆེན་པོ་ཞིག་ལ་ཁ་གཏོད་པ་དང་། རང་སྲོག་བློས་གཏོང་བ་དང་རིན་དོད་ཇི་འདྲའི་ཆེན་པོ་ཞིག་ལ་གདོང་གཏོད་དགོས་རུང་། ཐོག་མཐའ་བར་གསུམ་དུ་འགྱུར་བ་དང་གཡོ་འགུལ་སྤུ་ཙམ་ཡང་བྱེད་མི་རུང་བ་ངེས་པར་ཤེས་དགོས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་ན། ང་ཚོས་དམིགས་ཡུལ་ལག་བསྟར་དང་། ཐོག་མའི་བསམ་འདུན་ལ་ཞུན་བརྡར་བྱས་ནས་སེམས་ཤུགས་ཡོད་རྒུས་མང་ཚོགས“བྲེལ་བ་དང་། དཀའ་བ། སེམས་ཁུར། རེ་བ་ཆེ་བའི” གནད་དོན་ཐག་གཅོད་བཟང་པོ་བྱས་ཏེ། སྔར་ལས་ལྷག་པ་དང་། ཐད་ཀར། དོན་དངོས་བཅས་ཀྱིས་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཡོད་པར་བྱས་ནས་ཀྲུང་གོ་མི་དམངས་དུང་ཕྱུར14ལྷག་གོང་བུ་གཅིག་འགྲིལ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་སྟོབས་ཤུགས་སུ་འགྱུར་དགོས།

སྐལ་བརྒྱའི་བྱ་གཞག་སེམས་ལ་བཅངས་པ་ཡིས། ། ལོ་ངོ་བརྒྱ་ཡི་ལང་ཚོའི་གཟི་འོད་འབར། །

“བདུན་གཅིག་གཟེངས་རྟགས”ཐོབ་མཁན་རྣམས་མིག་དཔེར་བཟུང་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། མི་དམངས་དང་དམ་དུ་འབྲེལ་བ་དང་། རྒྱུན་ཆད་མེད་པར་མི་དམངས་ལ་བདེ་སྐྱིད་སྐྲུན་པ། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པར་བྱས་ནས་འབད་བརྩོན་ལྷོད་མེད་དང་ནམ་ཡང་འབད་འཐབ་བྱས་ན། ང་ཚོའི་ཏང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་དུས་རབས་གསར་བའི་འོད་སྟོང་དང་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་སྐྲུན་ཐུབ་ངེས་རེད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།