ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་མཛད་སྒོའི་ཆེད་སྤེལ་གནས་ཚུལ་བཀོད་པ།
2021.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

 ཏང་ལ་ཐུགས་རྗེ་ཆེ་ཞུ།ང་ཚོས་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད།

ཟླ7ཚེས1ཉིན་གྱི་དུས་ཚོད7དང་སྐར་མ་30ཡི་སྟེང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གིས་དུས་ཆེན་གྱི་གཟབ་མཆོར་ལེགས་པོར་སྤྲས་ཤིང་བྲང་ཁར་དམར་མདངས་བཀྲ་བའི་ཏང་རྟགས་བཏགས་ནས། སྡེ་སྡོད་ལས་བྱེད་པ་དོན་གྲུབ་ཚེ་རིང་དང་མཉམ་དུ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཁང་དུ་ཐོན་བྱུང་།

དེ་མུར་ཁོས་བརྙན་འཕྲིན་གྱི་སྒོ་ཕྱེས་ནས་བརྡ་རྟགས་ལེགས་སྒྲིག་བྱས་རྗེས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་མགོ་རྩོམ་རྒྱུར་བསྒུག་ནས་བསྡད། སྐབས་དེར་བསོད་ནམས་ཚེ་བརྟན་གྱིས་ཡང་བསྐྱར་ཁ་སང་དང་འདྲ་བར་གྲོས་ཚོགས་ཁང་དུ་གཙང་སྤྲ་བྱེད་པའི་ཞོར་དུ་སྐུབ་སྟེགས་སོགས་གྲལ་འགྲིག་པར་བསྒྲིགས་ཤིང་། ཀྲུའུ་ཞི་སྟེགས་བུའི་སྟེང་གི་དར་དམར་ཚང་མ་ཡང་བསྐྱར་ལེགས་སྒྲིག་ཐེངས་ཤིག་བྱས།

དུས་ཚོད་བདུན་དང་སྐར་མ་ལྔ་བཅུའི་ཡས་མས་སུ།  སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་དང་ཏང་ཡོན་རྣམས་ཀྱིས་མི་རིགས་ཀྱི་གཟབ་མཆོར་སྤྲས་ནས་སྔ་གཞུག་ཏུ་སྡེ་བའི་གྲོས་ཚོགས་ཁང་དུ་ཐོན་བྱུང་ལ། ཁོ་ཚོ་རེ་རེའི་གདོང་ལ་སྤྲོ་སྣང་དང་བདེ་སྐྱིད་ཀྱི་འཛུམ་མདངས་ཀྱིས་ཁེངས་ཤིང་། གྲལ་འགྲིག་པོའི་ངང་བརྙན་འཕྲིན་གྱི་མདུན་དུ་བསྡད་རྗེས། ཧ་ཅང་ལྷིང་འཇགས་དང་བཅས་ཚོགས་ཆེན་མགོ་རྩོམ་པར་བསྒུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བའི་སྐབས་སུ། བསོད་ནམས་ཚེ་བརྟན་གྱིས་ཕྱོགས་གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་ནན་ཏན་གྱིས་ཉན་ཞོར་ཕྱོགས་གཅིག་ནས་བོད་ཡིག་གིས་ཟིན་བྲིས་འདེབས་བཞིན་འདུག སྤྱི་ཁྱབ་ཧྲུའུ་ཅིས“རླབས་ཆེན་དང་གཟི་བརྗིད། ཡང་དག་པའི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག  རླབས་ཆེན་དང་གཟི་བརྗིད། དཔའ་མཛངས་ལྡན་པའི་ཀྲུང་གོ་མི་དམངས་ཁྲི་ལོར་བརྟན་པར་ཤོག”ཅེས་གསུང་སྐབས།  གྲོས་ཚོགས་ཁང་དུ་ཡུན་རིང་བོར་ཐལ་མོ་རྡེབ་པའི་སྒྲ་ཡིས་ཁེངས་སོང་།

“དེ་རིང་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བའི་རླབས་ཆེན་གྱི་ཉིན་མོ་ཞིག་རེད།  ཟླ6ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་སྡེ་བར་ཕེབས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས་ངས་སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྐྱེ་ཁམས་ཕྱུགས་ལས་དང་སྐྱེ་ཁམས་ཡུལ་སྐོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། ང་ཚོ་སྡེ་བའི་ཐུན་མོང་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་ཡིན”ཞེས་བསོད་ནམས་ཚེ་བརྟན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད།

སྐལ་བཟང་ཟླ་བ་ནི་དཀོན་ལོ་གོང་མ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་དང་ཏང་ནང་དུ་ཞུགས་ནས་ལོ་25ལོན་པའི་གུང་ཁྲན་ཏང་ཡོན་རྒན་པ་ཞིག་རེད། ད་ལོའི་ཟླ་བཞི་པར་ལས་འཁྱུར་ངལ་གསོ་བྱས་ཟིན་ནའང་སྔར་བཞིན་སྡེ་བའི་འཕེལ་རྒྱས་ཀྱི་ཆེད་དུ་ཐབས་ཇུས་སྣ་ཚོགས་འདོན་གྱི་ཡོད། ཁོས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བའི་སྐབས་སུ། དཀོན་ལོ་གོང་མ་སྡེ་བའི་ཁྱིམ་ཚང་132ཀྱི་འབྲོག་པ་རྣམས་ཀྱི་ཕྱུགས་འཚོ་བའི་ལོ་རྒྱུས་མཇུག་བསྡུས་ནས་རི་མགོ་ནས་རྫོང་མཁར་དང་ཐག་ཉེ་བའི་སྡེ་གསར་དུ་གནས་སྤར་ནས་ཡོང་།

སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་གྱི་ཚབ་བྱེད་བཞིན་ཡོད་ཅེས་གསུངས་པར་ང་ལ་མྱོང་ཚོར་ཟབ་མོ་ཡོད། ཉིས་སྟོང་བཅུ་བཞི་ལོའི་ཡར་སྔོན་དུ་སྡེ་བར་ལམ་ཡག་པོ་ཞིག་ཀྱང་མེད་ལ་སྡེ་མི་རྣམས་ཀྱང་ས་ཁང་གི་ནང་དུ་བསྡད་ཡོད་པས་གཙང་སྤྲའི་ཐད་ནས་ཀྱང་དེ་འདྲ་ལེགས་རྒྱུ་མེད། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་པ་དང་བསྟུན་ནས། ང་ཚོ་ཆ་རྐྱེན་དེ་ལས་བཟང་བའི་སྡེ་གསར་དུ་གནས་སྤར། ད་ལྟ་ཨར་འདམ་གྱི་ལམ་སྡེ་བའི་ཁྱིམ་ཚང་རེ་རེའི་སྒོ་རྩར་ཤར་གཏོང་བྱས་ཡོད་པ་དང་།  ད་དུང་ཉི་འོད་ནུས་པའི་གློག་སྒྲོན་ཡོད་པར་མ་ཟད་རིག་གནས་ཐང་ཆེན་སོགས་ཀྱང་ཡོད་པས་སྡེ་བའི་ཆ་རྐྱེན་དེ་ཕྱོགས་གང་ཅིའི་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད། ད་ལྟའི་འགྱུར་ལྡོག་འདི་དག་ཚང་མ་ནི་ཏང་གི་སྲིད་ཇུས་བཟང་བོའི་བཀའ་དྲིན་དང་འབྲལ་ཐབས་མེད་པས་ཏང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་སྐལ་བཟང་ཟླ་བས་བཤད།

དཀོན་ལོ་གོང་མ་སྡེ་བའི་གྲོས་ཚོགས་ཁང་དུ་རྟེན་འབྲེལ་ཚོགས་ཆེན་ལ་ལྟ་མཁན་གྱི་ཁྲོད་དུ་ད་དུང་རྒྱལ་ཁབ་གློག་དྲ་རྐང་ཚ་རྫོང་གློག་འདོན་ཀུང་སིའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡེ་ཡོན་ཆིན་དང་ཏང་ཡོན་3ཡོད་པ་དང་། དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ནི་ཁོ་ཚོའི་མཉམ་སྐྲུན་གྱི་ལས་ཁུངས་ཤིག་རེད།

“རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་བལྟས་རྗེས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། གློག་ཤུགས་ཀྱི་བྱ་བ་བྱེད་མཁན་ཞིག་ཡིན་པའི་ངོས་ནས་ང་ཚོས་གློག་ཤུགས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། རྗེས་ཕྱོགས་སུ་དཀོན་ལོ་གོང་མ་སྡེ་བའི་གློག་དྲ་བསྐྱར་དུ་འཆར་འགོད་འཛུགས་སྐྲུན་བྱེད་རྒྱུ་དང་བསྐྱར་ལས་བྱེད་པའི་དུས་ཚོད་ཇེ་ཐུང་དུ་གཏོང་རྒྱུ་བཅས་བྱས་ནས། གློག་མཁོ་འདོན་བྱེད་པའི་ཡིད་རྟོན་རང་བཞིན་མཐོར་འདེགས་བྱེད་རྒྱུ་ཡིན་ཞེས་ཡེ་ཡོན་ཆིན་གྱིས་བཤད།

རྨ་ཆུའི་མགོ་ཁུངས་ཀྱི་ཏང་ལ་དགའ་བའི་བྱིས་བློ།

ཟླ7ཚེས1ཉིན་གྱི་ཞོགས་པའི་ཉི་འོད་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོར་འཕྲོས་ཤིང་། བཅའ་སྡོད་སློབ་གྲྭའི་སློབ་གཙོ་ཀྲང་ཡེ་ཆིན་ཞོགས་པ་སྔ་མོ་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་བྱ་བར་བྲེལ་བཞིན་འདུག

རྨ་ཆུ་ཡུལ་ཚོ་ནི་མགོ་ལོག་ཁུལ་དུ་ས་ཡོམ་བྱུང་སྐབས་ཚད་རིམ་ལྔ་དང་གྲངས་ཆུང་ཉེར་གཉིས་ཀྱི་ས་ཡོམ་གྱི་གནོད་འཚེ་ཆེན་པོ་ཐེབས་ཡུལ་ཡིན་པས། ཡུལ་ཚོ་དེའི་བཅའ་སྡོད་སློབ་གྲྭའི་དགེ་སློབ་རྣམས་ལ་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་ཆེན་པོ་བྱེད་བཞིན་ཡོད་པས་ཏང་དང་སྲིད་གཞུང་གི་དྲོད་སྐྱིད་ཀྱང་ཉམས་སུ་མྱོང་བཞིན་ཡོད།  ཁོ་ཚོ་ནི་རྨ་ཆུའི་མགོ་ཁུངས་ཀྱི་ཆུ་བོ་དང་འདྲ་ཞིང་བྱིས་པ་རྣམས་ཀྱི་གཞོན་པའི་རྣམ་ཤེས་ལ་བརླན་བཤེར་སྩོལ་བཞིན་ཡོད་པར་མ་ཟད།  སེམས་ཀྱི་གཏིང་རིམ་དུ་དྲིན་གཟོའི་བཞུར་རྒྱུན་དུ་གྱུར་ཏེ། རྩ་ལམ་རེ་རེ་བརྒྱུད་ནས་ལུས་ཁམས་ཡོངས་ལ་ཁྱབ་བཞིན་ཡོད།   “ང་ཚོས་འཚོ་བ་གསར་བར་བསྟོད་གླུ་ལེན། གུང་ཁྲན་ཏང་ལ་བསྟོད་གླུ་ལེན།”《རྩྭ་ཐང་དུ་མི་ནུབ་པའི་ཉི་མ་ཤར།》ཞེས་པའི་བྱིས་པ་རྣམས་ཀྱིས་བླངས་པའི་དྲིན་གཟོའི་གླུ་སྐད་སྙན་མོ་དེ། དགེ་སློབ་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་སུ་ཕུལ།

ཏང་དར་བསྒྲེངས་རྗེས་སུ། དུས་ཚོད་བདུན་དང་ཕྱེད་ཀར་སླེབས་འདུག་ཅིང་། བཅའ་སྡོད་བ་གྲྭ་དེའི་སློབ་མ་བརྒྱ་དང་བརྒྱད་ཅུ་ལྷག་གིས་མཉམ་དུ་སློབ་ལྭ་གྱོན། སློབ་གཙོ་ཀྲང་ཡེ་ཆིན་དང་སློབ་གཙོ་གཞོན་པ་ཕུར་བ་སྐྱབས་གཉིས་སྦྲ་གུར་སློབ་ཁང་རེ་རེའི་ནང་དུ་སོང་ནས་དགེ་སློབ་རྣམས་ཀྱི་གྲ་སྒྲིག་གི་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་འདུག  ཀྲང་ཡེ་ཆིན་གྱིས་སྐེ་དཀྲིས་དམར་པོ་བཏགས་པ་ཚད་ལྡན་མིན་པའི་སློབ་གྲོགས་ཀུན་བཟང་ཤེས་རབ་ལ་ཡང་བསྐྱར་སྐེ་དཀྲིས་འདོགས་རོགས་བྱས།

རྒྱལ་གླུ་གྲགས་པ་དང་མཉམ་དུ་བྱིས་པ་རྣམས་རང་རྟོགས་ཀྱི་སྒོ་ནས་ཡར་ལངས་ཤིང་། ལག་པ་ཆུང་ཆུང་དག་ཡར་བཀྱགས་ནས་ཚད་ལྡན་གྱི་ལོ་ཆུང་གདོང་ལེན་རུ་མིའི་གུས་ལུགས་མཚོན་པར་བྱས།

“ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རླབས་ཆེན་གྲུབ་འབྲས་བཏོད་ཡོད།” ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་བརྙན་འཕྲིན་ལས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པའི་སྒྲ་དང་བསྟུན་ནས། བྱིས་པ་རྣམས་ཀྱིས་ཀྱང་མ་གྲོས་གཅིག་མཐུན་གྱིས་དགའ་བསུའི་ཐལ་མོ་བརྡབས་ཀྱིན་འདུག

“བྱིས་པ་རྣམས་རྩ་འཛུགས་བྱས་ནས་ཐད་གཏོང་ལ་ལྟ་རྒྱུ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཞིག་ཡིན་ལ་བྱིས་པ་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་འདུ་ཤེས་སྐྱེད་སྲིང་བྱེད་པ་ཞིག་ཀྱང་ཡིན”ཞེས་ཀྲང་ཡེ་ཆིན་གྱིས་གསར་འགོད་པར་བཤད།

“ས་ཡོམ་བྱུང་སྐབས་ངས་ང་རང་པང་དུ་བཟུང་ནས་ཉལ་ཁང་ནས་ཕྱིར་ཐོན་མཁན་གྱི་མི་དེའི་ངོ་གདོང་མཐོང་མ་བྱུང་། འོན་ཀྱང་ཁོང་གི་བྲང་ཁའི་ཏང་རྟགས་མཐོང་བྱུང་། ས་ཡོམ་བྱུང་རྗེས་ཨ་ཁུ་དང་ཨ་ནེ་མང་པོ་ཞིག་གིས་ང་ཚོར་ཐེངས་མང་པོར་འཚམས་འདྲི་བྱས་པ་དང་ཁོ་ཚོའི་བྲང་ཁར་ཡང་ཏང་རྟགས་བཏགས་འདུག ”ཅེས་སློབ་གྲོགས་ཆུང་ཆུང་དགེ་འདུན་ཆོས་འཕེལ་གྱིས་གསར་འགོད་པར་བཤད། ཁོས་ད་དུང་གསར་འགོད་པར་ཁོ་རང་འཚར་ལོངས་བྱུང་རྗེས་སུ་ཁོ་ཚོ་དང་འདྲ་བར་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱར་བརྟེན་ནས་མེས་རྒྱལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད།

པན་ཡན་པ་རྣམས་ནམ་ཡང་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲང་བཞིན་ཡོད།

ཟླ7ཚེས1ཉིན་གྱི་ཞོགས་པའི་ཉི་འོད་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་ཏང་ཀྲི་པུའུ་ཡི་དུས་རབས་གསར་པའི་ཞིང་པའི་ཁྲིད་སྦྱོང་ཁང་དུ་འཕྲོས་དུས། སྡེ་བ་དེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་དགའ་སྤྲོའི་འཛུམ་མདངས་དང་བཅས་རྒན་གཞོན་ཚང་མས་བྱ་འགུལ་གལ་ཆེན་སྤེལ་སྐབས་ད་གཟོད་གྱོན་བཞིན་ཡོད་པའི་ཧོར་རིགས་ཀྱི་གྱོན་ཆས་གྱོན་ཞིང་། བརྙན་འཕྲིན་གྱི་མདུན་དུ་འཛོམས་ནས་ལག་ཏུ་དམར་མདངས་བཀྲ་བའི་ཏང་དར་དང་རྒྱལ་དར་བཟུང་སྟེ། དགའ་སྤྲོའི་དགོད་སྒྲ་དང་བཅས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་མགོ་རྩོམ་རྒྱུར་བསྒུག་ནས་འདུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བརྙན་འཕྲིན་ལས་མངོན་སྐབས། ཁང་པའི་ནང་དུ་མི་རྣམས་ཀྱི་

ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱིས་ཁེངས་ཤིང་། དེ་སྔ་པན་ཡན་སྡེ་བར་ཕེབས་ནས་གནས་སྤོར་དབུལ་སྐྱོར་བྱ་བར་གཟིགས་ཞིབ་གནང་མྱོང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་སྡེ་མི་མི་ཉུང་བ་ཞིག་གི་མིག་ལམ་དུ་སླར་ཡང་བྱམས་བརྩེ་དང་རྒྱུས་ཡོད་ཀྱི་རྣམ་པས་མངོན་བྱུང་།

ད་ལོ་ལོ་81ལ་སླེབས་པའི་རྒན་པོ་ལུའེ་ཡིའུ་རུང་གིས་དེ་རིང་ཆེད་དུ་རང་ཉིད་ཆེས་དགའ་བའི་ཞྭ་མོ་ནག་པོ་དེ་གྱོན་ཞིང་། གདོང་ལ་འཛུམ་གྱིས་ཁེངས་ནས་བརྙན་འཕྲིན་གྱི་ཕྱོགས་སུ་མཛུབ་མོས་སྟོན་ཞོར། “སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་སྡེ་བར་ཕེབས་པའི་ཉིན་དེར་ཁོང་གིས་ང་ལ་ལོ་ག་ཚོད་ཡིན་པ་དང་ཁྱིམ་གྱི་གནས་ཚུལ་ཅི་འདྲ་པ།  ལུས་པོ་བདེ་ཐང་ཡིན་མིན་སོགས་ཀྱི་སྐོར་ནས་འཚམ་འདྲི་གནང་བཞིན་ཕྱག་གཉིས་ཀྱིས་ངའི་ལག་པར་འཇུས་པའི་རྣམ་པ་དེ་བརྗེད་མི་སྲིད”ཅེས་གསར་འགོད་པར་བཤད།

དེ་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ངའི་ཁྱིམ་དུ་བཞུགས་ནས《དབུལ་སྐྱོར་ལག་དེབ》དང《དུད་ཚང་དབུལ་པོའི་གནད་འཁེལ་དོ་དམ་ལག་དེབ》ལ་གཟིགས་ཞོར།  ང་རང་སྡེ་བ་གསར་བར་གནས་སྤོས་རྗེས་ཐོན་སྐྱེད་དང་ཕྱི་རོལ་ཏུ་ཞོར་ལས་སུ་འགྲོ་བ། བྱིས་པ་སློབ་གྲྭར་བསྐྱལ་བ་སོགས་ཐད་ཀྱི་བསམ་ཚུལ་སྐོར་ནས་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ད་དུང་ང་ཚོར་རོགས་སྐྱོར་ལས་གཞིའི་ཐད་བློ་ཡིད་ཚིམ་མིན་སྐོར་ནས་ཀྱང་བཀའ་འདྲི་ཡང་དང་བསྐྱར་དུ་གནང་བར། ང་རང་ཡིད་ཚིམས་ཡོད། དངོས་གནས་ཡིད་ཚིམས་ཡོད་ཅེས་ཁོང་ལ་ལན་བཏབ་པ་ཡིན་ཞེས་སྡེ་མི་ལུའེ་ཡིའུ་ཅིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཁོ་ཚང་གི་ཁྱིམ་དུ་ཕེབས་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་སེམས་འགུལ་ཆེན་པོ་ཐེབས་པའི་ངང་ནས་གསར་འགོད་པར་དེ་ལྟར་བཤད།

རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ལྟ་བཞིན་པའི་བུའུ་ཧྲི་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་པན་ཡན་སྡེ་བའི་སྡེ་སྡོད་ལས་བྱེད་པ་ལི་ཝེ་དགའ་སྤྲོ་ཆེན་པོའི་ངང་བཤད་རྒྱུར། “ད་ལོ་ང་རང་ཏག་ཏག་ཏང་ལ་ཞུགས་ནས་ལོ་བཅོ་ལྔ་ལོན་པ་དང་།  ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་དང་འཕྲད་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་ནང་ཞུགས་ཐུབ་པར་ང་རང་གཟི་བརྗིད་དང་སྤོབས་སེམས་ཚད་མེད་སྐྱེས་ཡོད། ཕྱིན་ཆད་ང་རང་ཏང་ཀྲུང་དབྱང་གི་འབོད་སྐུལ་གྱི་རྗེས་སུ་དམ་པོར་འབྲངས་ནས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཟེར།

ཏང་གི་བཀའ་དྲིན་ཚོར་བ།

ཟླ7ཚེས1ཉིན།གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཁར་བྱང་ཁུལ་གསར་བྱང་སྐོར་ལམ་གྱི་ཆོས་ཚ་སྡེ་བའི་དབུལ་ཁྱིམ་གནས་སྤོར་ས་ཁུལ་དུ་ཐོན་པ་ན།   ལམ་གྱི་གཡས་གཡོན་ཀུན་ཏུ་སྔོ་ལྗང་གི་སྡོང་བོ་བཙུགས་ཡོད་པ་དང་ལམ་འགྲམ་གྱི་མེ་ཏོག་དག་རླུང་གི་རྒྱུ་བ་དང་བསྟུན་ནས་གཡོ་བར་བྱེད། གཞི་ནས་ལེགས་འགྲུབ་བྱུང་ཡོད་པའི་དབུལ་སྐྱོར་ཐོན་ལས་ཀྱི་ཐོག་ཁང་དུ་ལས་གཉེར་བྱེད་བཞིན་འདུག སྡེ་བའི་གནས་སྤོར་ས་ཚིགས་སུ་ཐོན་སྐབས། མེ་ཏོག་ལྡུམ་རའི་དབྱིབས་ཀྱི་ཁང་པ་དེ་དག་ལ་ར་བསྐོར་རེ་བརྒྱབ་སྟེ་ཁྱིམ་ཚང་རེ་རེར་བགོས་འདུག་པ་དེ་བལྟས་ན་མིག་ལ་མཛེས་ཤིང་དྲོད་སྐྱིད་ལྡན་པར་སྣང་།  རིག་གནས་ཐང་ཆེན་དུ་བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

ཆོས་ཚ་སྡེ་བའི་སྡེ་མི་རིན་ཆེན་རྒྱལ་གྱིས་ཏང་ལ་བཀའ་དྲིན་ཞུ་བའི་སེམས་པ་མཚོན་པར་བྱེད་ཆེད།  དེ་རིང་ཆེད་དུ་སྔ་མོར་ལངས་ནས་སྡེ་མི་གཞན་དག་དང་མཉམ་དུ། པེ་ཅིན་དུ་ཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་བཞིན་འདུག

“ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མུ་མཐུད་དུ་འབད་འཐབ་བྱས་པ་བརྒྱུད།ང་ཚོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་།ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པ། དབུལ་ནག་གི་གནད་དོན་ལོ་རྒྱུས་རང་བཞིན་གྱིས་ཐག་གཅོད་བྱས་པ། བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གཟི་བརྗིད་ཅིག་དང་།ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གཟི་བརྗིད་ཅིག ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གཟི་བརྗིད་ཅིག་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དེ་ཐོས་སྐབས།  རིན་ཆེན་རྒྱལ་ལ་སེམས་འགུལ་ཚད་མེད་ཐེབས་ནས་ཡར་ལངས་ཏེ་དགའ་སྤྲོའི་ཐལ་མོ་རྡེབ་བཞིན་འདུག །ད་ལྟ་ཆོས་ཚ་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ཆོས་ཚ་སྡེ་བའི་ཁྱིམ་ཚང་བརྒྱ་དང་གཅིག་དེ་རི་མགོ་ན་འཚོ་བ་རོལ་བཞིན་ཡོད་ཅིང་། ཁོ་ཚོས་མི་རབས་ནས་མི་རབས་བར་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་རེད།

དམངས་ཚིས་ཇེ་ལེགས་སུ་གཏོང་བ་དང་དུས་ལྟར་དུ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཆེད་དུ། གུང་ཧོ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། གུང་ཧོ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་བཅས་ཀྱི་རོགས་སྐྱོར་དང་སྣེ་ཁྲིད་འོག ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་པར་ཆོས་ཚ་སྡེ་བའི་དབུལ་ཁྱིམ་བརྒྱ་དང་གཅིག་དེ་གུང་ཧོ་རྫོང་གི་གནས་སྤོར་ས་ཁུལ་དུ་བཀོད་སྒྲིག་བྱས་པ་རེད།

“གུང་ཧོ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་ང་ཚོར་ཁང་ཤར51གསར་སྐྲུན་བྱས་ཏེ། སྤྱི་པའི་སྒྲིག་ཆས་ཐད་སྡེ་བ་རིམ་པའི་བྱ་འགུལ་ལྟེ་གནས་དང་འཕྲོད་བསྟེན་ཁང་།བུ་བཅོལ་ཁང་།རིག་གནས་ཐང་ཆེན།ལམ་སྒྲོན།རླངས་འཁོར་འཇོག་ས་སོགས་བསྐྲུན་པ་དང་།ཁང་པ་ཚང་མའི་ནང་ཆུ་འཐེན་པ་དང་། ཆུའི་འབུད་སྒོ་དང་གློག་གི་དྲོད་རླངས། གསང་སྤྱོད་ཁང་སོགས་ལེགས་སྒྲིག་བྱས་ཡོད” ཅེས་རིན་ཆེན་རྒྱལ་གྱིས་བཤད། 2019ལོར་ཆོས་ཚ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྣ་མང་ཅན་གྱི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་འཐེན་ནས་སྡེ་མི་རྣམས་བདེ་སྡོད་ལས་བརྩོན་ཐུབ་པར་བྱས།

རིན་ཆེན་རྒྱལ་གྱིས་ང་ཚོས་སེམས་གཏིང་ནས་ཀྲུང་གོ་གུང་ཁྲན་ཏང་ལ་བཀའ་དྲིན་ཞུ་རྒྱུ་ཡིན། དེ་དང་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་ཡོད་པས་ད་གཟོད་ང་ཚོའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་འདི་ཡོད་པའང་སེམས་ནས་མི་བརྗེད་པར་བྱས་ཏེ།  ཕྱིན་ཆད་ངེས་པར་དུ་ཡང་འབད་བསྐྱར་འབད་བྱེད་རྒྱུ་དང་། ཏང་གི་སྲིད་ཇུས་ཡག་པོ་འདིའི་འོག་ཏུ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་སྔར་ལས་མཛེས་པའི་འཚོ་བ་གསར་སྐྲུན་བྱེད་རྒྱུ་ཡིན་ཟེར།

                                                           ཡིག་སྒྱུར་བ། གཡང་འབུམ་རྒྱལ།