ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་བརྡ་ཐོ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གིས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།
2021.07.05 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 13

 ཟླ7ཚེས3ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཁག་སོ་སོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་ནང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འཁྲུངས་སྐར་གྱི་དུས་སྐབས་གལ་ཆེན་དང“བརྒྱ་ལོ་གཉིས”ཀྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་འགག་རྩའི་དུས་མཚམས་སུ་གཞི་ཚུགས་ཏེ། འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གསར་བཏོད་བྱེད་པ་དེ་ནི། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག  ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།  “ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བཅས་བྱེད་པ་དང་། “བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ། བཀོད་སྒྲིག་ཞིབ་ཚགས་དང་རྩ་འཛུགས་ལག་བསྟར་ཞིབ་ཚགས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་གསུང་བཤད་ཀྱི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་ཁྲིད་སྟོན་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཏན་ཏིག་ཡོང་བར་བྱ་དགོས།

བརྡ་ཐོའི་ནང་བསྟན་དོན། “བདུན་གཅིག”གསུང་བཤད་གལ་ཆེན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། “བདུན་གཅིག”གསུང་བཤད་གལ་ཆེན་ནང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ཚུན་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་གཏོད་བྱས་པའི་རླབས་ཆེན་གྱི་འགྲོ་ལམ་དང་། གསར་གཏོད་བྱས་པའི་རླབས་ཆེན་གྱི་བྱ་གཞག བླངས་བའི་རླབས་ཆེན་གྱི་གྲུབ་འབྲས་བཅས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱིར་དྲན་གནང་ཡོད་པ་དང་། བརྗིད་ཉམས་ལྡན་པའི་གདེང་ཚོད་དང་དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་ཀྱི་ཐོག་ནས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ འགྲུབ་པར་བྱེད་པ་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་ཡོད་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་ཆོད་སེམས་བརྟན་པོ་རྔམ་བརྗིད་ལྡན་པའི་ངང་གསལ་བསྒྲགས་གནང་བ་མ་ཟད། ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པའི་གཞི་རྩའི་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་སྟེ། ཏང་ཡོན་ཡོངས་ལ་ཏང་དང་མི་དམངས་ཀྱི་ཆེད་དུ་དེ་བས་ཆེ་བའི་གཟི་བརྗིད་བརྩོན་ལེན་བྱེད་དགོས་པའི་རླབས་ཆེན་གྱི་འབོད་སྐུལ་ཡང་གནང་ཡོད། “བདུན་གཅིག” གསུང་བཤད་གལ་ཆེན་ནང་ལོ་རྒྱུས་དང་། དོན་དངོས། འབྱུང་འགྱུར་བཅས་ཁྱབ་ཡོད་པ་དང་། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ཁྱབ་པ། མཐོ་གཟིགས་འོག་བསྐྱངས་དང་དགོངས་དོན་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་སྒོ་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཐད་ཀྱི་ང་ཚོའི་ཏང་གི་ངོས་འཛིན་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་གནང་ནས། དུས་རབས་གསར་པར་འབད་འབུངས་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

བརྡ་ཐོའི་ནང་བསྟན་དོན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་དགོས། ལོ་རྒྱུས་དང་དོན་དངོས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན། རྒྱལ་སྤྱི་དང་རྒྱལ་ནང་བཅས་བསྡུར་བའི་ཁྲོད་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རླབས་ཆེན་གྲུབ་འབྲས་དང་ལོ་རྒྱུས་ཀྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་བཅས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གཟི་བརྗིད་དང་། ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གཟི་བརྗིད། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གཟི་བརྗིད་བཅས་ཡིན་པ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་མུ་མཐུད་དུ་འབད་བརྩོན་བྱ་དགོས།

བརྡ་ཐོའི་ནང་བསྟན་དོན། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རླབས་ཆེན་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་དགོས། ལོ་བརྒྱའི་རིང་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་མཐའ་དག་དང་། བློས་གཏོང་མཐའ་དག གསར་གཏོད་མཐའ་དག་བཅས་མདོར་བསྡུས་ན་བརྗོད་དོན་གཙོ་བོ་གཅིག་ཡིན་པ་སྟེ། དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པ་དེར་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྲག་བཏོན་དམར་འཛིང་དང་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པར་བཏོད་པའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རླབས་ཆེན་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རང་སྟོབས་རང་སྤེལ་དང་ཤུགས་སྐྱེད་སྟོབས་སྤེལ་ངང་བཏོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་འབད་འབུངས་ཡར་བརྩོན་བྱས་ནས་བཏོད་པའི་བཅོས་སྒྱུར་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་འབད་རང་སྟོབས་དང་དྲང་སྲུང་གསར་གཏོད་བཅས་བྱས་ཏེ་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ནས་བཏོད་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་པ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོ་ཆགས་པ་དང་དེ་ནས་སྟོབས་ཆེར་གྱུར་པའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་རྒྱུ་དེ་བཟློག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པར་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ནས། ཏང་གི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་དང་རླབས་ཆེན་གྲུབ་འབྲས་དེ་བས་ལེགས་པའི་སྒོ་ནས་སྤྱད་དེ་འཐབ་སེམས་ལ་སྐུལ་ལྕག་དང་སྒུལ་ཤུགས་འཕེལ་བར་བྱ་དགོས།

བརྡ་ཐོའི་ནང་བསྟན་དོན། ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་ཀྱི་ནང་དོན་ཟབ་མོ་དང་དུས་རབས་ཀྱི་རིན་ཐང་ལ་གོ་བ་གཏིང་ཟབ་ལེན་དགོས། “བདུན་གཅིག” གསུང་བཤད་གལ་ཆེན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེན་དོན་རྒྱུན་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར། འགན་འཁྲི་འཁུར་ཕོད་པ། རང་སྲོག་བློས་གཏོང་བར་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་གསལ་བོར་བཏོན་ཡོད། སློབ་སྦྱོང་བྱས་པ་བརྒྱུད་ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་ཀྱི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་རྩ་ཡིན་པར་གོ་བ་གཏིང་ཟབ་ལེན་པ། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དུས་ཡུན་རིང་པོའི་འབད་འཐབ་ཁྲོད་བཏོད་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་བློའི་འབྱུང་ཁུངས་མ་ལག་དང་ཞུན་བརྡར་ཐེབས་པའི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ། དེ་བས་ལེགས་པའི་སྒོ་ནས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས་ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།

བརྡ་ཐོའི་ནང་ནན་གྱིས་བསྟན་དོན། ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པའི་རྩ་བའི་བླང་བྱར་གོ་བ་གཏིང་ཟབ་ལེན་དགོས། “བདུན་གཅིག”གསུང་བཤད་གལ་ཆེན་ནང་ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་རྒྱུར་དམིགས་ཏེ།“ངེས་པར་དགུ”ཡི་རྩ་བའི་བླང་བྱ་གསལ་པོར་བཏོན་ཡོད། “ངེས་པར་དགུ”ཡི་ནང་སྔོན་ཆད་ང་ཚོར་གྲུབ་འབྲས་ཐོབ་དོན་གང་ཡིན་པ་དང་འབྱུང་འགྱུར་ང་ཚོས་ཇི་ལྟར་བྱས་ན་མུ་མཐུད་དུ་གྲུབ་འབྲས་ལེན་ཐུབ་པའི་གནས་ལུགས་ཟབ་མོ་གསལ་སྟོན་བྱས་ཡོད་པས། དེས་ཏང་ཡོངས་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དེ་བས་བློ་བརྟན་འགྱུར་མེད་དང་དེ་བས་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་སྐུལ་ལྕག་ཐེབས་ངེས་རེད།

བརྡ་ཐོའི་ནང་ནན་གྱིས་བསྟན་དོན། ཏང་ཡོན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་གནང་བའི་རླབས་ཆེན་གྱི་འབོད་སྐུལ་ལ་གོ་བ་གཏིང་ཟབ་བླངས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་བ་དང་། ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ། ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ། མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་པ།  དཀའ་བ་མཉམ་སེལ་དང་སྐྱིད་སྡུག་མཉམ་མྱོང་བཅས་བྱས་ནས་མཛེས་སྡུག་གི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱ་ཆེད།  མུ་མཐུད་དུ་འབད་བརྩོན་ལྷོད་མེད་ཀྱིས་ཏང་དང་མི་དམངས་ལ་དེ་བས་ཆེ་བའི་གཟི་བརྗིད་བརྩོན་ལེན་བྱ་དགོས།

བརྡ་ཐོའི་ནང“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱ་རྒྱུ་དེ་མིག་སྔར་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལྟེ་བའི་ནང་དོན་ལ་བརྩིས་ཏེ། ཆེད་དོན་སློབ་སྦྱོང་དང་བགྲོ་གླེང་སྒྲིག་འཛུགས་ཀྱིས་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་དང་ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པར་བྱེད་དགོས་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཆེད་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་རབ་དང་རིམ་པ་འཚོག་པ་དང་། ས་གནས་ཁག་གིས་གཞི་རིམ་དང་མང་ཚོགས་ལ་ཕྱོགས་པའི་དམིགས་ས་ཅན་དང་། མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་པ། ཕན་ཚུན་མཉམ་འགུལ་བཅས་ཀྱི་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱིས“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་རིམ་པ་སོ་སོའི་ཏང་ཨུ་(ཏང་ཙུའུ)ཡིས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་སྟེ། ས་ཁུལ་རང་དང་སྡེ་ཁག་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་བཀོད་སྒྲིག་བྱེད་པ་དང་། བླང་བྱ་ཞིབ་ཕྲ་འདོན་པ། དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་མཐོ་རླབས་ཤིག་མགྱོགས་མྱུར་ངང་འཕྱུར་བར་བྱེད་དགོས། “བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་ཕུན་སུམ་ཇེ་ཚོགས་དང་རྒྱ་ཆེར་བཏང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ཚོས“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པའི་གྲུབ་འབྲས་དེ་དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བྱ་སྤྱོད་དངོས་སུ་འགྱུར་བར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།