མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སོག་རུ་མ་ཡུལ་ཚོ་སོག་རུ་སྡེ་མིས་རྡོ་རིང་བཙུགས་ཏེ་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་ལེགས་སྐྱེས་ཕུལ།
2021.07.06 ཁུངས། ཀློག་གྲངས། 188

ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་ལག་སྐྱེས་འབུལ་བ་དང་། ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། ཏང་གི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱ་ཆེད། སོག་རུ་སྡེ་དམངས་ཡོངས་ཀྱིས་དྲན་གསོའི་རྡོ་རིང་ལ་བརྟེན་ནས་ཏང་གི་དར་ཆ་དེ་སོག་རུ་མང་ཚོགས་ཀྱི་སེམས་སུ་མཐོན་པོར་གཡོ་བར་བྱས་པ་དང་། མི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་མུ་མཐུད་དུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུས་པ་རེད།

སོག་རུ་སྡེ་བས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དྲན་གསོའི་རྡོ་རིང་གི་མདུན་ངོས་སུ“ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”ཅེས་པ་དང་རྒྱབ་ངོས་སུ“མི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་ཡི་གེ་བྲིས་ཡོད་པ་དེ་ལས་སྡེ་བའི་མང་ཚོགས་ཡོངས་ཀྱིས་ཏང་ལ་བརྩི་བཀུར་དང་། ཏང་ལ་དགའ་ཞེན། ཏང་གི་བཀའ་དྲིན་ཚོར་སེམས་བཅས་མཚོན་པ་དང་། སོག་རུ་སྡེ་བའི་སྡེ་དམངས་ཡོངས་ཀྱི་སེམས་པ་ཏང་ལ་ཕྱོགས་པ་དང་ཏང་ལ་བཅངས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད། རྡོ་རིང་འཛུགས་སྐབས་སོག་རུ་སྡེ་བའི་ཧྲུའུ་ཅི་གུ་རུ་རྒྱལ་གྱིས་བཤད་རྒྱུར། “ང་ཚོས་ཏང་གི་བཀའ་དྲིན་ནམ་ཡང་བརྗོད་མི་ཚར། གཅིག་སྒྲིལ་རྫོང་དུ་སྲིད་དབང་བཙུགས་པ་ནས་བཟུང་། མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་ལྷག་པར་དུ་དབུལ་ཐར་མཁྲེགས་གཏོར་གྱིས་སྡེ་བ་ཡོངས་དབུལ་ཕོངས་ལས་ཐར་ཏེ་ཕྱུག་འགྱུར་གྱི་ལམ་བུའི་སྟེང་བསྐྱོད། ད་ལོ་ནི་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན་པས་སྡེ་མི་ཡོངས་ཀྱིས་ཏང་ལ་ང་ཚོའི་ལག་རྟགས་ཕྲན་བུ་ཞིག་ཕུལ་ནས། ཏང་ལ་ང་ཚོའི་སོག་རུ་སྡེ་བའི་མང་ཚོགས་ཡོངས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་ལ་བརྩི་བཀུར་བྱེད་པ་ཤེས་སུ་འཇུག་རྒྱུའི་རེ་བ་བཏོན་ཡོད”ཟེར།

གསར་དུ་སྐྲུན་པའི་དྲན་གསོའི་རྡོ་རིང་མདུན་དུ་སོག་རུ་སྡེ་བའི་ཏང་ཡོན་ཡོངས་ཀྱིས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིས་སྣེ་ཁྲིད་དེ་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་འདོན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས།

“བདེན་དོན་རྒྱུན་འཁྱོངས་དང་ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་བསྟར་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་། རང་སྲོག་བློས་གཏོང་རྒྱུར་མི་འཛེམ་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བྱེད་དགོས།” སློབ་སྦྱོང་གི་ཁྲོད་ཏང་ཡོན་ཚང་མས་སྐད་ཆ་དེ་བློ་ལ་བརྟན་པོར་ངེས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། “ལོ་ངོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་འཛུགས་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་སྟེ། དུས་ཡུན་རིང་པོའི་འབད་འཐབ་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་བསྐྲུན་ཞིང་། ཆབ་སྲིད་ཀྱི་གཤིས་རྒྱུད་མངོན་གསལ་སྒོས་ཞུན་བརྡར་ཐོབ་ཡོད། ལོ་རྒྱུས་རྒྱུན་མི་ཆད་པ་དང་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད། ང་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་སྟེ། གསར་བརྗེའི་ཁྲག་རྒྱུན་མུ་མཐུད་རྒྱུན་འཛིན་བྱས་ནས་རླབས་ཆེན་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་དང་པོར་གསུངས་བའི་རླབས་ཆེན་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་ལ་སོག་རུ་སྡེ་བའི་ཏང་ཡོན་ཡོངས་ཀྱིས་ཡང་ཡང་སློབ་སྦྱོང་བྱེད་བཞིན་ཡོད།

བདེན་དོན་རྒྱུན་འཁྱོངས་བརྟན་པོ་བྱེད་དགོས་ལ། ཕུགས་བསམ་ལ་དེ་ལས་ཀྱང་ཡུན་རིང་བརྟན་སྲུང་བྱེད་དགོས། བདེན་དོན་གྱི་ཕུགས་བསམ་ལག་ལེན་བསྟར་ཆེད་འགན་འཁྲི་འཁུར་རྒྱུ་རྒྱུན་འཁྱོངས་དང་རང་སྲོག་བློས་གཏོང་རྒྱུར་མི་འཛེམ་པ། དཔའ་ངར་ཆེན་པོས་འཐབ་རྩོད་བཅས་བྱས་ཚེ་གཞི་ནས་ཏང་དང་མི་དམངས་ལ་འགན་འཁུར་བ་དང་། གཞི་ནས་གུང་ཁྲན་ཏང་མིའི་བསམ་པའི་ནང་སྟོབས་ཤུགས་རྒྱུན་མི་ཆད་པར་བསྡུ་ལེན་བྱེད་ཐུབ། ཏང་གི་རྨང་གཞི་ཇེ་བརྟན་དུ་བཏང་ན་ད་གཟོད་མུ་མཐུད་དུ་ཞུམ་མེད་མདུན་སྐྱོད་ཀྱི་ཉམས་འགྱུར་ཐོག་ནས་དམིགས་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་ཐུབ་པ་དང་། གཞི་ནས་མང་ཚོགས་ཚང་མར་སྔར་ལས་སྤྲོ་སྣང་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ལྡན་ཐུབ།

མཇུག་མཐར། ཀྲི་པུའུ་ཧྲུའུ་ཅིས་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ལ་སྤྲད་པའི“ཏང་འཛུགས་སྐྲུན་གྱི་ལག་སྐྱེས་ཆེན་མོ”འཁྱེར་ནས། 《ཚོགས་ཆེན་དང་པོ་ནས་ཚོགས་ཆེན་བཅུ་དགུ་པའི་བར》སླར་ཡང་སློབ་སྦྱོང་བྱས་ཏེ། ཏང་ཡོན་ཚང་མར་ཏང་གི་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་ལོ་རྒྱུས་ལ་ངོས་འཛིན་སྔར་ལས་གཏིང་ཟབ་པ་བྱུང་།

ཏང་ཡོན་རྒན་པ་རིག་མགོན་ཏང་གི་དར་ཆའི་འོག་ཡུན་རིང་ཁ་འབྲལ་འདོད་མེད་པ་དང་། 1986ལོར་ཏང་ནང་ཞུགས་པ་ནས་ད་བར་ཁོས་ཏང་དང་མེས་རྒྱལ་གྱི་འཕེལ་རྒྱས་ལ་བདེན་དཔང་བྱས་ཡོད། ད་ལྟ་ཏང་གི་དར་ཆ་མཐོན་པོར་བསྒྲེངས་ཡོད་པ་དང་། སོག་རུ་སྡེ་བའི་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཁོས་བཤད་རྒྱུར། “རྡོ་རིང་འདིའི་དྲན་གསོ་ཞུ་ཡུལ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱ་ཡི་ལོ་རྒྱུས་ཡིན་པ་མ་ཟད། རང་སྡེ་བའི་མང་ཚོགས་ཡོངས་ཀྱིས་ཏང་ལ་གུས་བཀུར་དང་བརྩི་བཀུར་ཞུ་བར་དེ་བས་དྲན་གསོ་ཞུ་བཞིན་ཡོད། དེ་རིང་ང་ཚོས་རྡོ་རིང་བཙུགས་པ་མ་ཟད། གུང་ཁྲན་རིང་ལུགས་ལ་བློ་དཀར་སེམས་དཀར་བྱེད་པའི་དར་ཆ་ཞིག་ཀྱང་བཙུགས་ཡོད། ང་ཚོས་ནམ་ཡང་ཏང་གི་སྣེ་ཁྲིད་འོག་འབད་འབུངས་ཡར་བརྩོན་དང་ནམ་ཡང་དམར་པོའི་ཁྲག་རྒྱུན་རྒྱུད་འཛིན་བྱ་རྒྱུ་ཡིན”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།