རྨ་འབྲི་རྫ་གསུམ་འབྱུང་ཁུངས་སུ་ལྗང་མདོག་སྐྱེ་ཁམས་ཀྱི་རི་མོ་རྣམ་པར་བཀྲ།
2021.07.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

དཔལ་ཐང་རྩྭ་ཐང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དེ་ནི་དཔྱིད་ཀ་སླེབས་པའི་རྟགས་མཚན་ཁོ་ན་ཙམ་མ་ཡིན་པར། དེ་ནི་ཉེ་བའི་ལོ་འདི་དག་གི་རིང་ལ་ཡུས་ཧྲུའུ་ཁུལ་གྱིས“ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་བབ་ལ་རྐང་བཙུགས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་པ་དང་། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཟོ་བ་བཅས་རང་གི་འགན་འཁྲི་རུ་བརྩིས་ནས། ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བྱས་པའི་འབྲས་བུ་རེད། མིག་སྔར། ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྲུང་འཛིན་ལེགས་པོ་བྱས་ཡོད་ལ། སྐྱེ་ཁམས་དཔལ་ཡོན་གྱི་བྱེད་ཐབས་ལག་ཏུ་བསྟར་བས་ནུས་པ་ཐོན་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ཡོད།

སྐྱེ་ཁམས་མུ་མཐུད་དུ་ལེགས་བསྒྱུར་བྱས་ཏེ། “སྐྱེ་ཁམས་ཕན་འབྲས”གཙང་པོའི་འགོ་ཁུངས་ཀྱི་བུ་བུ་མོ་ཡོངས་ཀྱིས་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད།

“ཉེ་བའི་ལོ་འདི་དག་གི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་ཁྲིད་སྟོན་དུ་འཛིན་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུ་དེ་སྲོག་ཤིང་དུ་བཟུང་སྟེ། ནགས་ཚལ་དང་། རྩྭ་ཐང་། བརླན་ས། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་སླར་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་ཁྱོན་ཡོངས་ནས་ཤུགས་བསྣན་པས། ལོ་ལྔའི་རིང་རིམ་རྩིས་བྱས་ན་རྒྱལ་ཁོངས་ལྗང་མདོག་ཏུ་བསྒྱུར་བའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་ལྔ་དང་སྟོང་ལྔ་དགུ་བརྒྱ་ཡོངས་སུ་འགྲུབ་པ་དང་། སྡོང་རིགས་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བདུན་ཁྲི་གསུམ་འདེབས་འཛུགས་བྱས་པ་དང་། རང་བྱུང་ནགས་ཚལ་སྤྱི་ཆིང་འབུམ་གསུམ་དང་ཁྲི་བརྒྱད་ལྷག་དང། སྤྱི་ཕན་ནགས་སྤྱི་ཆིང་འབུམ་ལྔ་དང་ཁྲི་ལྔ་ལྷག་སྲུང་སྐྱོབ་བྱས་པ་དང་། ནགས་ཚལ་གསོག་འཇོག་བྱས་ཚད་མུས་རྒྱ་དཔངས་གྲུ་བཞི་མ་འབུམ་གསུམ་ཁྲི་ལྔ་ལྷག་ལ་སླེབས་ཤིང་། ས་ནག་ཐང་སྤྱི་ཆིང་འབུམ་གཅིག་དང་ཁྲི་ལྔ་ལྷག་བཅོས་སྐྱོང་བྱས་པས། སྔོ་ཁེབས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་པར་གྲུབ་འབྲས་རགས་ཙམ་མངོན་ཡོད”ཅེས་ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་རྡོ་སྐྱབས་ཀྱིས་དེ་ལྟར་བཤད།

སྔོན་རབས་པས་སྡོང་པོ་བཙུགས་ན། རྗེས་རབས་པས་བསིལ་གྲིབ་བསྟེན་ཐུབ་ཅེས་པའི་དཔེ་བཞིན། ཡུས་ཧྲུའུ་ཁུལ་གྱིས“ལྗང་མདོག་གིས་དྲིན་ལན་འཇལ་བ་དང་། སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ”ཡི་འཕེལ་རྒྱས་འདུ་ཤེས་ལག་ལེན་ཤུགས་ཆེན་བྱས་པ་དང་། རྒྱལ་ཁོངས་ལྗང་བསྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་ལག་བསྟར་ཤུགས་ཆེན་བྱས་པ། ལྗང་བསྒྱུར་གྱི་ཁེབས་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། ས་གནས་མང་ཚོགས་ལ་འཚོ་བའི་ཁོར་ཡུག་ལེགས་པོ་བསྐྲུན།

མཐོ་སྒང་གི་སྲོག་ཆགས་རྩ་ཆེན་ལ་སྲུང་སྐྱོབ་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི་མཛེས་སྡུག་གི་རི་མོ་ཞིག་བྲིས་འདུག

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དཀྱིལ་སྙིང་དུ་གནས་པའི་ཡུས་ཧྲུའུ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི1984ལོར་བཙུགས་པ་ཡིན་ལ། རང་རྒྱལ་གྱིས་བཙུགས་པའི་ཁྲུང་ཁྲུང་སྐེ་ནག་དང་དེའི་རིགས་རྒྱུད་སྤེལ་ཡུལ་ནི་སྲུང་སྐྱོབ་བྱ་ཡུལ་གཙོ་བོར་བཞག་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་པོ་ཡིན། ས་ཁོངས་སུ་མིག་སྔར་གེ་སར་རྟ་རྫི་དང་། བྱ་ཁྲ། བྱ་རྒོད་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་བྱ་རིགས་ལྔ་ཡོད།

ཉེ་བའི་ལོ་འདི་དག་གི་རིང་ལ། ཡུས་ཧྲུའུ་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་རིམ་བཞིན་ཇེ་མང་དུ་སོང་བ་དང་། ཐ་ན་ཡུས་ཧྲུའུ་གྲོང་ཁྱེར་གེ་སར་ཐང་ཆེན་གྱི་བྱ་ཆུ་ནས་ཀྱང་ཆུ་སྲམ་བསྡད་པའི་བརྙན་གཟུགས་ལག་སོན་བྱུང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་མཚོ་མོ་སྟོང་གི་མཛེས་ལྗོངས་ཡང་བསྐྱར་མངོན་ཞིང་། གཙོད་དང་། གསའ་སོགས་ཀྱི་མཚོན་པའི“སྲོག་ཆགས་རྩ་ཆེན་རིགས”ཀྱི་གྲངས་ཀ་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་། མི་དང་རང་བྱུང་འཆམ་མཐུན་ཡོང་བའི་མཛེས་རིས་ཡོངས་རྫོགས་མིག་ལམ་དུ་མངོན།

རྔམ་བརྗིད་ཆེ་བའི“ཀྲུང་ཧྭའི་ཆུ་མཛོད”བསྲུངས་ཏེ། གཙང་ཆབ་ལྷུང་ལྷུང་ཤར་དུ་བཞུར་བར་ཁག་ཐེག་བྱས་པ།

ཡུས་ཧྲུའུ་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་ལམ་ལ་ཆས་པ་དང་། མུ་མཐུད་དུ་ནུབ་བྱང་གི་ཕྱོགས་སུ་དུས་ཚོད་གཉིས་ལ་སོང་ན་མཚོ་འཕང་ལ་མུས་སྟོང་བཞི་དང་བརྒྱ་དང་དྲུག་ཅུ་ཡོད་པའི་ཧ་ཤུལ་ཡུལ་ཚོ་སྲིད་གཞུང་ཡོད་སར་ཐོན་ཐུབ་ལ། ཕྱོགས་བཞི་མཚམས་བརྒྱད་ལ་བལྟས་ན། མཛེས་སྡུག་འགྲན་ཟླ་བྲལ་བའི་རང་བྱུང་མཛེས་ལྗོངས་ཀྱི་རི་མོ་ཞིག་གི་དབུས་སུ་ལངས་པ་དང་འདྲ།

གངས་རི་དཀར་པོ་ནི་གནམ་སྔོན་པོའི་གཟི་མདངས་འོག་ན་ཤིན་ཏུ་རྔམ་བརྗིད་ལྡན་ལ། ཡུལ་ཚོ་ནས་བརྒྱུད་པའི་གཡུ་ཆུའི་ནང་དུ་ཁྲུང་ཁྲུང་མགོ་ཁྲ་དང་། ངང་སེར་གྱིས་ཆུ་ལ་རོལ་བཞིན་ཡོད། ཡུལ་ཚོ་ཡོངས་ཀྱི་སྲང་ལམ་གཙང་ཞིང་། སྡེ་བའང་འགྲིག་ཅིང་གྲལ་དག ཁོར་ཡུག་མཛེས་ཤིང་། ལམ་བར་དུ་སྐབས་རེར་འབྲོག་པ་མང་ཚོགས་ཀྱིས་འཚོ་བའི་གད་སྙིགས་ཁྱེར་ཏེ། གཏན་ཁེལ་གྱི་གད་སྙིགས་ཕྱིར་སྡུད་ས་ཚིགས་སུ་འཕེན་བཞིན་པ་མཐོང་ཐུབ།

གཡང་ཐར་སྡེ་བའི་རུ་ཁག་གསུམ་པ་ནི་འབྲི་ཆུའི་སྨད་རྒྱུད་དུ་གནས་ལ། གནས་འདིའི་འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་ཁོར་སྲུང་གི་འདུ་ཤེས་ཤིན་ཏུ་དྲག་པོ་ལྡན། སྐྱེ་ཁམས་བདག་སྐྱོང་པ་ཡིན་མིན་ལ་མི་བལྟ་བར། ཁོ་ཚོས་རང་འགུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་འགན་འཁྲི་ཕྲག་ཏུ་བླངས་ཡོད།

གཡང་ཐར་སྡེ་བར་ཁྱིམ་ཚང་བཞི་བརྒྱ་དང་བཅོ་བརྒྱད་དང་མི་གྲངས་སྟོང་གཅིག་དང་ལྔ་བརྒྱ་ཉེར་བཞི་ཡོད་པ་ཚང་མ་རང་འགུལ་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲོད་དུ་ཞུགས་ཡོད། དོན་དངོས་སུ། ཧ་ཤུལ་ཡུལ་ཚོ་རུ་ཁྱོན་བསྡོམས་སྐྱེ་ཁམས་བདག་སྐྱོང་པ་དང་། བརླན་སའི་བདག་སྐྱོང་པ་བཞིབ་རྒྱ་དང་སོ་གསུམ་ཡོད་མོད། འོན་ཀྱང་ཚང་མས་སྐྱེ་ཁམས་ཁོར་ཡུག་ལ་བདག་སྐྱོང་བྱ་རྒྱུ་དེ་རང་གི་དོན་དག་ཅིག་ཏུ་བརྩིས་ཏེ། ཁྱོད་དང་ང་མེད་པར། གླ་ཕོགས་ཡོད་མེད་ལ་མི་བལྟ་བར། མཉམ་དུ་རྒྱ་ཆེ་ཞིང་མཛེས་སྡུག་ལྡན་པའི་ཡུལ་གྲུ་དེར་སྲུང་སྐྱོབ་བྱེད་བཞིན་ཡོད།

ཡུས་ཧྲུའུ་རུ། ཕྱུགས་འཚོ་བའི་ན་གཞོན་གྱི་གྲིབ་གཟུགས་མཐོང་རྒྱུ་མེད་ལ། མཐོང་ཐུབ་པ་ཚང་མར་ང་ཚོས་སྐྱེ་ཁམས་བདག་སྐྱོང་པ་ཞེས་བོས་ཆོག ཞིབ་ཏུ་བལྟས་ན། སྒང་གཤོང་མི་སྙོམས་བའི་སྤང་ལྗོངས་ཀུན་ཏུ། ང་ཚོས་མཐོང་བའི་རྒྱབ་གཟུགས་རེ་རེས་ཡང་དང་ཡང་དུ་མགོ་བོ་བསྒུར་ནས་གད་སྙིགས་འཐུ་བཞིན་ཡོད་ལ། བལྟས་ཚོད་ཀྱིས་ཤིན་ཏུ་སླ་བའི་འགུལ་སྐྱོད་རེ་ཡི་རྗེས་སུ། གད་སྙིགས་མི་མཐོང་བ་དང་། ཆུ་ལམ་དྭངས་གཙང་དུ་གྱུར་ཞིང་། ཞིང་སྡེའི་རྣམ་པའང་ཇེ་ལེགས་སུ་གྱུར་ཡོད། ད་ལྟ་དར་སྲོལ་གསར་པ་ཞིག་བྱུང་ཡོད་པ་ནི་འབྲོག་པ་མང་ཚོགས་ཀྱི་ཁོར་སྲུང་འདུ་ཤེས་མུ་མཐུད་དུ་ཇེ་དྲག་ཏུ་འགྲོ་བཞིན་པ་དེ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།