མཚོ་ལྷོའི་ས་གཞི་ཆེན་མོར་འཕྲོས་པའི་འབྱོར་འབྲིང་གི་ཉི་ཟེར།
2021.07.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

 ཁྱོན་ཡོངས་ནས་འབྱོར་འབྲིང་ལམ་དུ་བསྐྱོད་པར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དཔལ་འབྱོར་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱས་བ་དང་ཆབས་ཅིག  དེང་རབས་སྐྱེ་ཁམས་ཕྱུགས་ལས་དང་དྭངས་གཙང་ནུས་ཁུངས་ཐོན་ལས། གཞི་གྲངས་ཆེན་མོའི་ཆ་འཕྲིན་ལག་རྩལ་ཐོན་ལས། རིག་གནས་ཡུལ་སྐོར་ཞབས་ཞུ་ཐོན་ལས་བཅས“ཐོན་ལས་ཆེན་པོ་བཞི”མགྱོགས་མྱུར་ངང་གོང་དུ་སྤེལ་བས།  ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་དེ“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”དུས་མཇུག་གི་སྒོར་དུང་ཕྱུར124ལྷག་ནས“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་གི་སྒོར་དུང་ཕྱུར181ལྷག་ལ་མཐོར་འདེགས་བྱུང་བ་དང་། རྒྱལ་ཁོངས་ལྗང་བསྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་བྱ་སྤྱོད་འཆར་གཞིའི་ལས་འགན་ཡོངས་འགྲུབ་བྱས་ནས།  མཚོ་ལྷོའི་ལྗང་མདོག་གི་ཐད་ལ་གྲུབ་འབྲས་མངོན་གསལ་ཐོན་ཡོད།  མཚོ་ལྷོ་ཁུལ་གྱི་རྫོང་ལྔ་པོས“དབུལ་ཕོངས་ཀྱི་ཞྭ་མོ་ཕུད”དེ།  དབུལ་ཕོངས་སྡེ་བ173གྱི་དབུལ་ཕོངས་མི་གྲངས་ཁྲི་ལྔ་སྟོང་གསུམ་དབུལ་ཕོངས་ལས་ཐར་བ་དང་།  “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ཁྱོན་ཡོངས་ནས་མངོན་འགྱུར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ཐད་རྒྱལ་ཁ་ཆེན་པོ་བླངས།

བྱ་བའི་བརྒྱུད་རིམ་རེ་རེ་དང་། བློ་ཡིད་ཚིམ་པའི་གྲངས་ཀ་རེ་རེ་ནི་མཚོ་ལྷོའི་ས་གཞི་ཆེན་མོར་འཕྲོས་པའི་འབྱོར་འབྲིང་གི་ཉི་ཟེར་དང་མཚུངས་པར། ང་ཚོས་ཉི་འོད་བརྒྱུད་ནས་མཐོང་བ་ནི།  མཚོ་ལྷོ་དཀའ་སྡུག་གི་ལོ་ཟླ་དང་རིང་དུ་གྱེས་ཏེ། བདེ་སྐྱིད་འཚོ་བ་དང་ཉེ་བར་བཅར་བ་དང་། སྐྱ་ཐང་ཐིང་གི་ཐང་རྒོད་དང་རིང་དུ་གྱེས་ཏེ། སྔོ་ལྗང་ལྗང་གི་ཡུལ་ཁམས་དང་ཉེ་བར་བཅར་ཞིང་། དབུལ་ཕོངས་རྗེས་ལུས་དང་རྒྱང་དུ་གྱེས་ཏེ། ཁྱོན་ཡོངས་འབྱོར་འབྲིང་དང་ཉེ་བར་བཅར་བ་དེ་རེད། དུས་དེ་རིང་། གྲ་སྒྲིག་གང་ལེགས་འཛོམས་ཤིང་གདེང་ཚོད་ཀྱིས་ཁེངས་པའི་མཚོ་ལྷོ་ཡིས་གོ་སྐབས་དམ་འཛིན་ངང་དུས་ཚོད་སྐར་ཆ་རེ་ཡང་བརྩོན་ལེན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་གསར་པར་གོམ་སྟབས་ཆེན་པོས་བསྐྱོད་དེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ100འཁོར་བར་བསུ་བ་བྱེད་བཞིན་ཡོད།

2011ལོར་གླིང་ཁུལ་འཛུགས་སྐྲུན་གྱི་མགོ་བརྩམས་པ་ནས་ལོ་ངོ་བཅུའི་རིང་གི་འཕེལ་རྒྱས་བརྒྱུད་དེ། གླིང་ཁུལ་ལ་རིམ་རྩིས་ཀྱིས་སྒོར་དུང་ཕྱུར940བཏང་སྟེ། འོད་ཧྥུ་དང་རླུང་ནུས་ཁེ་ལས68བཙུགས་ཤིང་། ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གློག་ཤོང་ཚད་སྟོང་ཝ་བྱེ་བ་གཅིག་ས་ཡ་བརྒྱད་འབུམ་དྲུག་ཁྲི་བཞི་ལ་སླེབས། དེའི་ཁྲོད་འོད་ནུས་སྟོང་ཝ་ཁྲི5དང་ཆུ་གློག་སྟོང་ཝ་ས་ཡ་ལྔ་འབུམ་བཞི་ཁྲི་བརྒྱད།  འོད་ཧྥུ་སྟོང་ཝ་ ས་ཡ་དགུ། རླུང་ནུས་སྟོང་ཝ་ས་ཡ་བཞི་འབུམ་གཅིག་ཁྲི་གཅིག་བཅས་འདུས་པ་དང་། འོད་ཧྥུ་དང་རླུང་གློག  འོད་ནུས་བཅས་གློག་འདོན་འཕྲུལ་འཁོར་གྱིས་གློག་འདོན་ཚད“སྟོང་ཝ་ཁྲི་སྟོང”ལས་བརྒལ་ཏེ།  ཞིང་ཆེན་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱི56%ཟིན་ཡོད། 2020ལོར་ཁུལ་ཡོངས་ཀྱི་ནུས་ཁུངས་གསར་པའི་གློག་འདོན་ཚད“དུས་ཚོད་རེ་ལ་སྟོང་ཝ་དུང་ཕྱུར་བརྒྱ”ལས་བརྒལ་བས། མཚོ་ལྷོ་ཁུལ་ནི་ཞིང་ཆེན་ཡོངས་ཀྱིས་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་འཐབ་ར་གཙོ་བོར་གྱུར་པ་རེད། ན་ནིང་། ཧོ་ནན་དང་མཚོ་སྔོན་བར་གྱི་གློག་ཐད་གཏོང་བཟོ་འགོད་ཡོངས་སུ་ཤར་གཏོང་བྱུང་བས། 2020ལོའི་ལོ་མཇུག་བར་དུ་རིམ་རྩིས་ཀྱིས་གློག་སྟོང་ཝ་དུང་ཕྱུར33ལྷག་སྐྱེལ་གཏོང་བྱས་པ་རེད།

མཚོ་ལྷོ་ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་མཚོ་ལྷོ་ཁུལ་ནུས་ཁུངས་ཅུས་ཀྱི་ཅུས་ཀྲང་ཀྲང་ཀྲེན་ཧྥེ་ཡིས་བཤད་རྒྱུར། “སླད་ཕྱིན་ང་ཚོས་དམར་ལྡང་དང་ལ་ཟེ་བ་ཡི་འཕྲུལ་འཁོར་རྒྱ་བསྐྱེད་པ་སོགས་ཆུ་གློག་ས་ཚིགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། གཡང་འཁྱིལ་དང་བ་རིང་ཆུ་འཐེན་གསོག་ནུས། ཨེ་རྡོ། ཚི་ཧན་འགག་ཆུ་གློག་ས་ཚིགས། རྨ་ཆུའི་སྟོད་རྒྱུད་ཀྱི་ནུས་གསོག་བཟོ་གྲྭ་སོགས་ཆུ་གློག་ལས་གཞི་སྐོར་ཞིག་བསྐྲུན་མགོ་རྩོམ་རྒྱུ་དང་། ཀོས་ནན་རྫོང་གི་མུ་གེ་ཐང་དང་ཞིན་ཧེ་རྫོང་གི་དཔལ་ཁའི་འོད་ཧྥུ་དང་རླུང་གློག་རྟེན་གཞི་གསར་དུ་བསྐྲུན་རྒྱུ་ཡིན་ལ། བཏུལ་ཐང་དང་མུ་གེ་ཐང་གི་འོད་ཧྥུ་དཔེ་སྟོན་ལས་གཞི་སྐྲུན་མགོ་རྩོམ་པ་དང་། ནུས་ཁུངས་གཙང་མའི་གློག་ཤོང་ཚད་སྟོང་ཝ་བྱེ་བ་གཉིས་ས་ཡ་དྲུག་གསར་དུ་བསྣན་ཐོག གློག་འདོན་ཚད་ཕལ་ཆེར་དུས་ཚོད་རེར་སྟོང་ཝ་དུང་ཕྱུང514ལ་སླེབས་པར་བྱས་ནས། སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་རྟེན་གཞི་གསར་པ་ཞིག་བསྐྲུན་གང་ཐུབ་བྱེད་ཅིང་། ནུས་ཁུངས་གཙང་མ་གཙོ་བའི་དེང་རབས་ཅན་གྱི་ནུས་ཁུངས་མ་ལག་རྒྱུན་ཆད་མེད་པར་གསར་འཛུགས་བྱས་ནས། མཚོ་ལྷོ་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མ་ཐོན་སྐྱེད་དང་ཕྱིར་གཏོང་བྱེད་པའི་ཁུལ་ཆེན་པོར་བསྐྲུན་རྒྱུ་ཡིན།”

“ཉེ་བའི་ལོ་འགར། ཁྲི་ཀ་རྫོང་གིས་བསྟུད་མར་རྨ་ཆུའི་འབབ་རྒྱུད་དང་དེའི་ཡན་ལག་ཆུ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་སྐུལ་སྤེལ་བྱས་ཏེ། རྨ་ཆུའི་བཞུར་རྒྱུད་ཀྱི་ཁྲི་ཀ་ཧོ་དབྱིན་མཚམས་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱེད་པའི་མཚུངས་སུ། བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཚད་གཞི་ཇེ་མཐོ་དང་བསྒྱུར་བཅོས་བྱས་ནས་ལེགས་འགྲུབ་བྱུང་ཞིང་། རྨ་ཆུར་སྦགས་བཙོག་ཐེབས་ཚད་ཇེ་ཉུང་དུ་བཏང་བས། རྨ་ཆུའི་འབབ་རྒྱུད་དང་དེའི་ཡན་ལག་ཆུ་བོའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་ཡོད། ནགས་དཔོན་ལམ་ལུགས་ཁྱབ་གདལ་དུ་བཏང་བས། རྨ་ཆུའི་འགྲམ་ངོགས་ཀྱི་ནགས་ཚལ་ཐོན་ཁུངས་ལའང་སྲུང་སྐྱོབ་ནུས་ལྡན་ཐོབ་ཡོད”ཅེས་ཁྲི་ཀ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་མ་ཡུས་པིང་གིས་དེ་ལྟར་བཤད་བྱུང་།

ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་ཁུལ་གྱིས་རྨ་ཆུ་དང་མཚོ་སྔོན་པོའི་སྟོད་རྒྱུད་ཀྱི་མགོ་ཁུངས་བཅོས་སྐྱོང་གཙིགས་སུ་བཟུང་སྟེ། བློ་རིག་ལྡན་པའི་སྒོ་ནས་ཆུ་བོ་སྐོར་གཟིགས་བྱེད་སྟངས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཐོག རིམ་བཞིའི་ཆུ་དཔོན་དང་མཚེའུ་དཔོན་གྱིས་རིམ་རྩིས་བྱས་ན་མི་ཐེངས10357་ཆུ་བོར་སྐོར་གཟིགས་བྱས་ཏེ། ཆུ་བོ་དང་མཚེའུ་དང་ཆུ་མཛོད་བཅས་ལ་ཁེབས་པར་བྱས་ཤིང་། ཆུ་ལམ་ནས་བྱེ་མ་བརྐོ་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། “རྙོག་ཟིང་བཞི་གཙང་སྒྱུར”བྱེད་པའི་ཆེད་དོན་འགུལ་སྐྱོད་ཀྱི་གཅིག་བསྡུས་བཅོས་སྐྱོང་བྱ་བ་ལེགས་པར་སྤེལ་བ་དང་། “མ་ཡུམ་ཆུ་བོར་སྲུང་སྐྱོབ་དང་། བཅོས་སྐྱོང་ཆེན་པོར་སྐུལ་སྤེལ”གྱི་ཆེད་དོན་བྱེད་སྒོ་སྤེལ་ཞིང་། “ཆུ་དཔོན་དང་མཚེའུ་དཔོན།  ཞིབ་དཔྱོད་དཔོན”གྱི་བྱ་བའི་རྐྱེན་སྲོལ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཐོག ཁྲིམས་ལྟར་རྨ་ཆུའི་བཞུར་རྒྱུན་གྱི་སྤྱི་ཕན་གཏུག་བཤེར་གྱོད་དོན་ལེགས་སྒྲུབ་བྱས། གཙང་པོ་དང་མཚེའུ་ཆ་འཕྲིན་ཅན་དུ་དོ་དམ་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་དང་། ཁུལ་གྱིས་དོ་དམ་བྱེད་པའི་ཆུ་བོ5དང་མཚེའུ9ལ“ཆུ་བོ་རེར་སྲིད་ཇུས་རེ”ཡི་ལག་བསྟར་ཇུས་གཞི་བཟོསཏེ། ཁུལ་ཡོངས་ཀྱི་ཆུ་བོ238དང་མཚེའུ4ལ་ས་ཁྲའི་སྟེང་ནས་དོ་དམ་ཁྱབ་ཁོངས་དབྱེ་འབྱེད་བྱས་པས། ད་ལྟའི་མཚོ་ལྷོ་ཡིས་དྭངས་ཤིང་གཙང་བའི་ཆུ་བོའི་ནང་ཡུན་ནས་ཡུན་དུ་འཕེལ་བའི“ལྗང་མདོག་གི་ལམ་བུ”ཞིག་བཏོད་ཡོད་ཅེས་བརྗོད་ཆོག

ཟླ5པའི་ཚེས8ཉིན། གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མཁར་བྱང་ཁུལ་གསར་མཁར་སྐོར་བྱང་ལམ་དུ་ཡོད་པའི་ཨེར་སྟི་ཡུལ་ཚོ་ཆོས་ཚ་སྡེ་བའི་དབུལ་སྐྱོར་གནས་སྤོར་བྱ་ཡུལ་དུ་སོང་བ་ན། དེང་རབས་ཅན་གྱི་སྡོད་ཁུལ་གསར་པ་ཞིག་མིག་ལམ་དུ་མངོན་ཡོང་སྟེ། རིག་གནས་ཐང་ཆེན་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་བསྐྱོད་ཅིང་། སྡོད་ཁང་གསར་པ་མང་པོ་གྲལ་སྟར་བསྒྲིགས་ཡོད་ལ། ཁྱིམ་ཚང་རེར་གཙང་ཞིང་གྲ་དག་པའི་ཨར་འདམ་ལམ་ལས་ཡོད་ཅིང་། སྡེ་བ་རིམ་པའི་བྱིས་གཉོར་ཁང་དང་འཕྲོད་བསྟེན་ཁང་སོགས་སྒྲིག་བཀོད་ཆ་ཚང་ཡང་འཛོམས་འདུག……

སྔོན་ཆད། ཆོས་ཚ་སྡེ་བའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང101རང་བྱུང་ཆ་རྐྱེན་སྡུག་པའི་རི་མ་ས་ཁུལ་དུ་བསྡད་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག 2018ལོའི་ཟླ10པར། དབུལ་ཕོངས་ཁྱིམ་ཚང101ཚང་མ་རྫོང་མཁར་གྱི་དབུལ་སྐྱོར་གནས་སྤོར་གཏན་སྡོད་ཁུལ་དུ་གནས་སྤར་ཏེ་སྡོད་ཁང་པ་གསར་པར་བསྡད་ཡོད།  སྤྱི་པའི་སྒྲིག་ཆས་བཀོད་སྒྲིག་གི་ཕྱོགས་ནས། སྡེ་བ་རིམ་པའི་བྱ་འགུལ་ལྟེ་གནས་དང་འཕྲོད་བསྟེན་ཁང་། བྱིས་གཉོར་ཁང་། རིག་གནས་ཐང་ཆེན། གློག་སྒྲོན། རླངས་འཁོར་འཇོག་ས་སོགས་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ཡོད་པ་དང་། སྡོད་ཁང་རེ་རེའི་ནང་དུ་དེང་རབས་ཅན་གྱི་སྒྲིག་ཆས་ཡོད་ཚད་འཛོམས་ཡོད།

སྡེ་མི་དཀར་མོ་སྐྱིད་ཚང་ལ་སོང་བ་ན། མོས་བོད་རིགས་ཀྱི་གྱོན་ཆས་སྣ་ཚོགས་བཟོ་བཞིན་འདུག “ད་ལྟ་སྡོད་ཁང་བདེ་འཇགས་ཀྱི་ཕྱོགས་ནས་འགན་སྲུང་ཡོད་ལ།  རྫོང་མཁར་དུ་སྤར་རྗེས་སྨན་པར་སྟོན་པ་དང་སློབ་གྲྭར་འགྲོ་བ་སོགས་ཕྱོགས་གང་ཐད་ནས་ཧ་ཅང་སྟབས་བདེ་ཡིན་ཞིང་།  ད་སྐབས་སྲིད་ཇུས་རང་བཞིན་གྱི་ཡོང་སྒོ་ཡོད་པ་མ་ཟད། ད་དུང་ང་རང་རྫོང་དབུལ་སྐྱོར་ཅུས་ཀྱིས་སྒྲུབ་པའི་ལག་རྩལ་གསོ་སྦྱོང་འཛིན་གྲྭར་ཞུགས་པས། ལག་རྩལ་འདི་གཅིག་པུར་བརྟེན་ནའང་ལོ་རེར་ཡོང་སྒོ་སྒོར་ཁྲི་ཡན་ལེན་ཐུབ”ཅེས་གདོང་ལ་འཛུམ་གྱིས་ཁེངས་བཞིན་དེ་ལྟར་བཤད་བྱུང་།

དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་ནུས་ཡོད་སྒོས་འབྲེལ་མཐུད་བྱ་ཆེད། ཆོས་ཚ་སྡེ་བས་རང་སའི་ས་ཞིང་དང་ངལ་རྩོལ་པ། ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་བཅས་ལ་བརྟེན་ནས། དབུལ་སྐྱོར་ཐོན་ལས་ཀྱི་རྟེན་གཞི་བཙུགས་པ་དང་། སྣེ་མང་ཅན་གྱི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་བཏང་སྟེ། སྡེ་དམངས་བདེ་སྡོད་ལས་བརྩོན་ཡོང་བ་མངོན་འགྱུར་བྱས་ཐོག དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་མངོན་འགྱུར་ལ་ཡང་སྒུལ་ཤུགས་བརྩལ།

མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་འབྱོར་འབྲིང་ལམ་དུ་གོམ་པ་བརྟན་པོས་བསྐྱོད་པར་སྐུལ་འདེད་བྱེད་ཆེད། མཚོ་ལྷོ་ཁུལ་གྱིས་མུ་མཐུད་དུ“རྗེས་མཐུད་སྲ་བརྟན་འགུལ་སྐྱོད་ཆེན་པོ་བཅུ”དངོས་འབེབས་བྱས་ཡོད།  དུས་མཚུངས་སུ།  དབུལ་ཕོངས་གྲལ་བཤེར་དང་ཡང་བསྐྱར་དབུལ་པོར་འགྱུར་ཉེན་ཆེ་བའི་འགུལ་རྣམ་ཅན་གྱི་ལྟ་ཞིབ་བྱ་བ་མུ་མཐུད་དུ་གཏིང་ཟབ་སྒོས་སྤེལ་བ་དང་། ལས་རིགས་སྡེ་ཁག་བར་གྱི་ཕན་ཚུན་མཉམ་འབྲེལ་དང་ཕན་ཚུན་མཉམ་སྤྱོད་ལ་ཤུགས་བསྣན་ཅིང་། རོང་འབྲོག་ཁུལ་གྱི་དབུལ་ཕོངས་སྡོམ་རྩིས་དང་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་ཁྱོན་ཡོངས་ནས་བསྐྲུན་པ་དང་། སྔོན་ཚུན་ནས་ཉེན་བརྡ་གཏོང་བ་དང་ལས་ཀའི་ཁྲོད་ལྟ་སྐུལ་ཚོད་འཛིན་བྱེད་པ། དོན་དག་བྱུང་རྗེས་དཔྱད་འཇོག་བྱེད་པའི་གནད་ཁེལ་དབུལ་སྐྱོར་གྱི་དོ་དམ་རྐྱེན་སྲོལ་བཙུགས་པ་རེད།  ཡང་བསྐྱར་དབུལ་པོར་འགྱུར་བར་ལྟ་ཞིབ་ཚད་ལེན་བྱེད་ས་བཙུགས་ཏེ།  ཡང་བསྐྱར་དབུལ་ཕོངས་སུ་འགྱུར་པ་དང་དབུལ་ཕོངས་འཕར་སྣོན་འབྱུང་ཡུལ་དེ་དུས་ཐོག་ཏུ་མ་ལག་དོ་དམ་ཁྲོད་བཞག་ནས། དབུལ་ཐར་མང་ཚོགས་ཡང་བསྐྱར་དབུལ་པོར་འགྱུར་ཚད་ཇེ་ཉུང་དུ་བཏང་བ་དང་། དབུལ་ཐར་མང་ཚོགས་ཡང་བསྐྱར་དབུལ་པོར་མི་འགྱུར་བར་ཁག་ཐེག་ནན་མོ་བྱས་ཏེ།  དུས་ཐོག་ཏུ་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་། 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།