མཚོ་ནུབ་ཁུལ་གྱིས“ཁྱོན་ཡོངས་འབྱོར་འབྲིང”གི་སྐྱིད་པའི་རོལ་དབྱངས་དཀྲོལ་བ།
2021.07.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

 མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ལེ་བརྒྱད་བརྒྱ་ཡིས་ཆོད་པའི་བྱེ་ཐང་དང་གདོད་ནས་དཀའ་སྡུག་གིས་ཁེངས་པའི་རང་བྱུང་ཁོར་ཡུག་གིས་དེ་སྔ“ཚྭ་འདམ་གཞོང་གི་སྙིང་སྟོབས”དང“ལམ་གཉིས་སྙིང་སྟོབས”བསྐྲུན་པ་དང་ཆབས་ཅིག  ཚྭ་འདམ་གཞོང་མི་དམངས་ཀྱི་བསམ་བློའི་གཞིས་ཁྱིམ་དུ་སྔོན་དུ་སྐྱོད་ཕོད་པ་དང་མཁྲེགས་གཏོར་བྱེད་ཕོད་པའི་གཤིས་རྒྱུད་ཅིག་བསྐྲུན་ཡོད།

འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཁྲོད། གཤིས་རྒྱུད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྦ་རླབས་ཁྲོད་འདྲེས་ཏེ། དད་མོས་དང་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། རྦ་རླབས་དྲག་ཏུ་འཕྱུར་བའི་སྐབས་སུ། མཚོ་ནུབ་ཁུལ་གྱི་མུ་མཐའ་མེད་པའི་ཡུལ་གྲུའི་སྟེང་ལང་ལོང་དུ་འཕྱུར་ཏེ། སྔར་ཡོད་མ་མྱོང་བའི་གསོན་ཤུགས་ཞིག་རྒྱས་འདུག

འཕེལ་རྒྱས་ཀྱི་འདུ་ཤེས་བསྒྱུར་ཏེ། འཕེལ་རྒྱས་གཏོང་སྟངས་གསར་སྐྲུན་བྱེད་པ་དང་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་བཏང་བས།  ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱིའི་འཕར་ཚད་བསྟུད་མར་སྐས་རིམ་གསར་པར་སླེབས།  མཚོ་ནུབ་ཀྱིས་ལྷོད་པ་མེད་པའི་འབད་བརྩོན་ལ་བརྟེན་ནས་དུས་བཅད་ལྟར་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་འབྱོར་འབྲིང་མངོན་འགྱུར་བྱས།

“འཁོར་རྒྱུག་བེད་སྤྱོད་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་བླང་བྱ་ཡིན་པས། རྒྱལ་ཡོངས་ངེས་པར་དུ་འགྲོ་ལམ་དེའི་སྟེང་དུ་བསྐྱོད་དགོས་ལ། མཚོ་སྔོན་གྱིས་ལས་དོན་འདི་ལེགས་པོར་བསྒྲུབས་ཏེ། དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས།”2016ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་དེ། མཚོ་སྔོན་གྱིས་འཁོར་རྒྱུག་དཔལ་འབྱོར་གྱི་འཕེལ་རྒྱས་སྔར་ལས་ཇེ་མགྱོགས་སུ་གཏོང་བའི་ཐད་ཁ་ཕྱོགས་གསལ་པོ་བསྟན་པ་དང་རིག་ལམ་གཏན་འཁེལ་དང་བསྲུང་བྱ་འདོན་སྤྲོད་བྱས།

རང་རྒྱལ་གྱི་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་འགྲོ་བ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་བསྒྱུར་བའི་འགྲོས་དང་བསྟུན་ནས། མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་འཛུགས་སྐྲུན་དང་ཁ་སྤྲོད་དུ་སྐྱོད་པའི་ཐོན་ལས་གདམ་གསེས་བྱས་ཏེ། ད་ཡོད་ཀྱི་ཐོན་ལས་དེ་སྤུས་མཐོ་ཅན་དང་རྩེར་སོན་ཅན། ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་། གནས་ཐིག་དང་ཁ་ཕྱོགས་གཏན་འཁེལ་བྱས་རྗེས། ཁ་ཚ་དགོས་གཏུག་གི་འདུ་ཤེས་དྲག་པོ་ཡིས་རྒྱལ་ཁབ་འཕེལ་རྒྱས་ཀྱི“མགྱོགས་འཁོར”ལ་བསྡད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དང་འདྲེས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་།

ཕྱོགས་གཅིག་ནི་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་ལ། ཕྱོགས་གཅིག་ནི“སྲུང་སྐྱོབ་ཁྲོད་ཀྱི་འཕེལ་རྒྱས”ཡིན་པས། མཚོ་ནུབ་ཀྱིས་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་དཀའ་གནད་ཆེན་པོ་འདི་སེལ་ཐབས་བྱས།“གད་སྙིགས་ནོར་བུ་རུ་བསྒྱུར”བའི་ཁྲོད་ནས། སྐྱེ་ཁམས་ཁོར་སྲུང་དང་དཔལ་འབྱོར་འཕེལ་རྒྱས་གཉིས“མཉམ་རྒྱལ”བྱུང་།

2015ལོར།“ཀྲུང་གོའི་ཆེས་མཛེས་པའི་ནམ་མཁའི་མེ་ལོང”ཞེས་པའི་འདྲ་པར་ཞིག་དྲ་ཐོག་ནས་མིང་དུ་གྲགས་པ་དང་བསྟུན་ནས། ཚྭ་ཁ་ནི“འགྲོ་འོང་བྱེད་མཁན་མེད་པར་སྣང་མེད་དུ་ལུས་པ”ནས་མགྱོགས་མྱུར་གྱིས“མི་ཚེའི་ཁྲོད་ངེས་པར་དུ་འགྲོ་དགོས་པའི་ཡུལ་གྲུ་ཞིག”ཏུ་གྱུར།

ཚྭ་ཁ་ཚྭ་མཚོའི“ནམ་མཁའི་མེ་ལོང”གིས་ཚྭ་ཁ་གྲོང་རྡལ་གྱི་འཛུགས་སྐྲུན་ལ་འོད་སྣང་སྦྱིན་པས། སྤུས་རྟགས་དེ་ལ་བརྟེན་ནས་ཚྭ་ཁ་ཞེས་པའི་གནའ་བོའི་ས་ཚིགས་འདི་རྣམ་པ་གསར་པའི་མཁར་གྲོང་དུ་བསྒྱུར་བ་རེད། བསྟུད་མར་ལོ་འགའི་རིང་གི་ཚྭ་ཁ་ཚྭ་མཚོའི་ཡུལ་སྐོར་ཚ་རླབས་ཀྱིས། ཚྭ་ཁ་གྲོང་རྡལ་དང་མཐའ་འཁོར་ས་ཁུལ་གྱི་འབྲེལ་ཡོད་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་། ཚྭ་ཁ་གྲོང་རྡལ་གྱི་ཚོང་ར་གཙོ་བོ་སྔོན་ཆད་ཀྱི་གཞི་ཁྱོན་ནས་མགྱོགས་མྱུར་ངང་ཁྱིམ་ཚང558ལ་ཇེ་མང་དུ་སོང་བ་དང་། གྲོང་རྡལ་ཡོངས་སུ་ཡུལ་སྐོར་ལ་བརྟེན་ནས་ཚོང་ལས་གཉེར་མཁན80%ལ་སླེབས་པས། ཐད་ཀར་ལས་ཀར་ཞུགས་པའི་མི་ཆིག་སྟོང་ལྷག་དང་བར་བརྒྱུད་ཀྱིས་ལས་ཀར་ཞུགས་པའི་མི་སུམ་སྟོང་ལྷག་ལ་བུད།“ཡུལ་ལྗོངས་དང་གྲོང་རྡལ་མཉམ་འགུལ”དང་མཉེན་ཆས་དང་སྲ་ཆས་ལ་མ་དངུལ་འབོར་ཆེན་བཏང་བ་བརྒྱུད། ཚྭ་ཁ་གྲོང་རྡལ་ལ“རྒྱལ་ཁབ་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་བ”དང“ཀྲུང་གོའི་རིག་གནས་རིན་ཐང་ཆེན་པོ་ལྡན་པའི་ཁྱད་ལྡན་གྲོང་རྡལ་ཆུང་བ”“རྒྱལ་ཡོངས་ཀྱི་མཛེས་སྡུག་སྡོད་འཚམ་གྱི་གྲོང་རྡལ་ཆུང་བ”སོགས་རྒྱལ་ཁབ་རིམ་པའི་མཚན་སྙན་མང་པོ་ཐོབ།

“ཉིན་མོར་སྙོར་སྐྱོང་ཁང་དུ་སོང་ནས་ལྟ་སྐྱོང་དང་ལེན་བྱས་ཤིང་བྱ་འགུལ་ལ་ཞུགས་པ་དང་། དགོང་མོར་ཁྱིམ་དུ་ལོག་ནས་ཁྱིམ་ཚང་གི་བདེ་སྐྱིད་ལོངས་སྤྱོད་བྱེད་པ”སྟེ། གཏེར་ལེན་ཁ་གྲོང་ཁྱེར་དུ་སྡེ་ཁུལ་རྒན་གསོའི་ཞབས་ཞུ་བྱེད་སྟངས་གསར་པའི་ཉིན་མོའི་ལྟ་སྐྱོང་ལྟེ་གནས5བཙུགས་ཡོད། གཏེར་ལེན་ཁ་གྲོང་ཁྱེར་རུའེ་ཧི་སྡེ་ཁུལ་དུ་སྡོད་པའི་རྒན་པོ་ཀྲའོ་ཧྲེང་ཀྲུང་གིས་ནངས་ཇ་འཐུང་རྗེས། འཆམ་འཆམ་དུ་འགྲོ་ཞོར་པེན་ཧོ་ལམ་སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་ཡོང་ཞིང་། གནས་དེ་རུ་ཁོས་བདེ་སྐྱིད་ཀྱི་ཚེ་མཇུག་རོལ་སའི་རྩེད་ར་དང་སྒྲིག་ཆས་ཡོད་པར་མ་ཟད། ཁོའི་གྲོགས་པོ་དང་རྩེད་རོགས་དག་ཡོད།

“མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་བརྩོན་གྱི་དམིགས་འབེན་ཡིན”ཞེས་པའི་སྐུལ་ལྕག་དེའི་དབང་གིས་འདས་པའི་ལོ་ལྔ་ཡི་རིང་ལ་མཚོ་ནུབ་ཁུལ་གྱིས་ཁུལ་ཡོངས་ཀྱི75%ཡན་གྱི་ནོར་སྲིད་འགྲོ་སྒོ་དམངས་ཚིས་འགན་སྲུང་ཐད་བཀོལ་བ་རེད། མཚོ་ནུབ་ཁུལ་གྱིས་མཁར་གྲོང་དུ་ཐོ་འགོད་བྱས་པའི་ལས་ཤོར་མི་སྣ3.5%ནང་དུ་ཚོད་འཛིན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཞིབ་བཤེར་སྣེ་ཁྲིད་སྒོས་ལེགས་འགྲུབ་བྱུང་ཞིང་། ཁུལ་དང་རྫོང་། ཡུལ་ཚོ་དང་སྡེ་བ་བཅས་རིམ་པ་བཞི་ཡི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁེབས་ཚད100%ལ་སླེབས་པ་དང་། མཁར་གྲོང་གི་སྤྱིལ་ཁང་ཁྲི1སྟོང6བསྒྱུར་བཀོད་བྱས་པ། རོང་འབྲོག་པའི་ཉེན་ཁང4393བསྒྱུར་བཀོད་བྱས་པ་སོགས་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁེབས་པའི་གཞི་རྩའི་དམངས་སྲོལ་འགན་སྲུང་གི་དྲ་བ་ཇེ་རྒྱས་ཇེ་ལེགས་སུ་བཏང་། “སློབ་པར་དགེ་རྒན་ཡོད་པ་དང་ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ།  སྡོད་ཁང་ཡོད་པ”བཅས་ཀྱི་འདུན་མ་དག་རེ་རེ་བཞིན་མངོན་འགྱུར་བྱུང་།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་གསར་བཏོད་བྱས་ཏེ།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་ཧུར་ཐག་གིས་བསྐྱོད་པའི་ལོ་ལྔ་ཅན་དང་པོའི་ནང་། མཚོ་ནུབ་ཁུལ་གྱིས་ལྗང་མདོག་དང་སྒོ་འབྱེད། སྤུས་མཐོ། མཉམ་རོལ། འཆམ་མཐུན་བཅས་ཀྱི་ཚྭ་འདམ་གཞོང་སྐྲུན་པའི་ལེའུ་གསར་པ་བྲིས་དང་འབྲི་མུས་སུ་དུས་བསྟུན་ལྷན་སྐྱོད་བྱེད་བཞིན་མཆིས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།