མཚོ་སྔོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མཛེས་སྡུག་གི་འཚོ་བ་གསར་གཏོད་བྱེད།
2021.07.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

 --སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་གོམ་པ་བརྟན་པོས་ངང་མདུན་དུ་སྐྱོད་པར་སྐུལ་ལྕག་གནང་།

བསྟུད་མར་ཉིན་ཤས་རིང་ལ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་ཤིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་སྟོབས་ཆེན་པོས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཤུགས་ཆེན་པོས་དར་སྤེལ་གཏོང་བ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། རླབས་ཆེན་གྱི་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ནས་ཆོད་སེམས་དེ་བས་བརྟན་པོ་དང་ནུས་པ་སྔར་ལས་ཆེན་པོས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་པའི་མཚོ་སྔོན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་རྒྱུ་ཡིན་ཞེས་བསྟན།

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་འབད་འབུངས་ཡར་བརྩོན་གྱིས་མདུན་སྐྱོད་བྱེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།  སྲིད་ཀྱི་དར་རྒུད་དམངས་ལ་བརྟེན་པ་དང་དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན་དགོས། སྲིད་དབང་བརྩོན་ལེན་དང་སྲིད་དབང་བརྟན་སྲུང་བྱེད་པ་ནི་མི་དམངས་ཀྱི་སེམས་འདུན་ཡིན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིན་ཞན་པོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཀོན་ལོ་གོང་མ་སྡེ་བར་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་རྣམ་པ་དེ་སྔར་བཞིན་སེམས་ལ་གསལ་བོར་ངེས་ཡོད།  ཐེངས་འདིར་གདན་ཞུས་ལྟར་པེ་ཅིན་དུ་སོང་ནས་བདུན་གཅིག་གསུང་བཤད་གལ་ཆེན་ལ་ཉན་རྗེས། ཁོ་ལ་མྱོང་ཚོར་ཟབ་མོ་ཐེབས་བྱུང་།  སླད་ཕྱིན་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་དམ་པོར་དམིགས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་གྱི་རྨང་གཞིའི་ཐོག མི་འདང་ས་གསབ་པ་དང་། ཞན་ཆ་སེལ་བ། ཐོན་ལས་འཕེལ་རྒྱས་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དམ་འཛིན་བྱེད་པ་དང་།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བླང་བྱ་ལྟར་སྐྱེ་ཁམས་ཡུལ་སྐོར་ལས་རིགས་དང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ།  རི་སྔོ་ཆུ་དྭངས་སྲུང་སྐྱོབ་ཡག་པོ་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འབྱུང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་པའི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བཏང་ནས།   རོང་འབྲོག་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་དངོས་གནས་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་བསྟན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་གྱི་སྡེ་མི་ཚེ་རིང་གིས་རང་ཁྱིམ་གསར་བ་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་བརྙན་རིས་ལ་བལྟས་པ་རེད།

ཚེ་རིང་གིས་བཤད་རྒྱུར། “ལོ་འདི་དག་རིང་གི་འཕེལ་རྒྱས་ལ་ཕྱིར་མིག་བལྟས་ཚེ་ང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་ཇེ་སྐྱིད་ཡིན་པ་དང་། སྔོན་ཆད་བློ་ཡུལ་དུའང་འཆར་དཀའ་བའི་འཚོ་བ་སྐྱིད་པོ་དེ་ད་ལྟ་ཚང་མས་རོལ་ཐུབ་སོང་། གུང་ཁྲན་ཏང་མེད་ན་ང་ཚོའི་ད་ལྟའི་འཚོ་བ་སྐྱིད་པོ་འདི་ཡོད་མི་སྲིད།  ཏང་གི་དབུལ་སྐྱོར་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་ཚེ་རིང་གིས་དབུལ་པོའི་ཞྭ་མོ་ཕུད་པར་མ་ཟད། ད་ལྟ་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད།  བོད་ཀྱི་ཁ་དཔེར་ཨ་མ་ནི་འཇིག་རྟེན་སྟེང་ཆེས་སྙིང་ཉེ་བའི་མི་དེ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་ནི་ཨ་མ་དང་འདྲ་བར་སྒེར་སེམས་མེད་པའི་སྒོ་ནས་ང་ཚོར་སེམས་ཁུར་དང་ལྟ་སྐྱོང་བྱེད་ཀྱི་ཡོད་པས།   རང་ཉིད་ཀྱི་ཨ་མར་མི་བྱམས་པ་དང་ཨ་མ་དང་བྲལ་འདོད་མཁན་གཅིག་ཀྱང་མེད་ཟེར།

རླབས་ཆེན་གྱི་བྱ་གཞག་ཇི་ཙམ་མང་ན་དེ་ཙམ་གྱིས་འགྲན་སློང་གིས་ཁེངས་ཡོད་ལ། འགན་འཁྲི་དེ་བས་ལྕི་བ་ཤེས་དགོས། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རིན་ལིའུ་ཁྲང་ཡུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས་སེམས་འགུལ་ཚད་མེད་ཐེབས།  ཁོས་ བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱ་རྒྱུ་དེ་ཟི་ལིང་གྲོང་ཁྱེར་གྱི་དྲ་འཕྲིན་ལས་དོན་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་དྲ་ཐོག་གི་མང་ཚོགས་ལམ་ཕྱོགས་སྟེང་ཡག་པོར་བསྐྱོད་པ་རྒྱུན་འཁྱོངས། བརྩེ་སེམས་བཅངས་བ་དང་འགན་འཁྲི་འཁུར་བ། དྲ་སྦྲེལ་རྩ་འཛུགས་བཅས་བརྒྱུད་ནས་མང་ཚོགས་ལ་དྲིལ་བསྒྲགས་དང་ཁྲིད་སྟོན། ཞབས་ཞུ་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་དྲ་འཕྲིན་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་མི་དམངས་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་དགོས།

དམར་པོའི་གཞི་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བྱ་གཞག་ལ་གྲུབ་འབྲས་ཐོབ་པའི་སྙིང་སྟོབས་ཀྱི་གསང་གྲངས་ཤིག་ཡིན་པ་མ་ཟད། བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་ཡིན། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མང་ཚོགས་ཀྱི་གོ་གནས་གཙོ་བོར་བརྩི་འཇོག་བྱ་རྒྱུ་ནི་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པའི་བརྗོད་གཞིའི་ཁྲོད་ཡོད་དགོས་པའི་དོན་སྙིང་ཡིན་ཞིང་། མི་དམངས་ལྟེ་བར་འཛིན་པའི་རྩ་བ་དང་འགག་རྩ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། མང་ཚོགས་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་གསར་བརྗེའི་སྙིང་སྟོབས་དང་སྲོལ་རྒྱུན་བཟང་པོའི་ཁྲོད་ཀྱི་དུས་ནམ་ཡང་འགྱུར་བ་མེད་པའི་ཕ་ནོར་ཡང་ཡིན།

རྒྱལ་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ཕུལ་བྱུང་གི་འཐུས་མི་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་ཀྲུའུ་རིན་ལས་རོགས་དང་ཞིབ་འཇུག་ཁང་གི་ཀྲུའུ་རིན་ལིག་བན་ཕེན་གྱིས་པེ་ཅིན་གནམ་བདེ་སྒོ་མོའི་ཆེའི་ཐང་ཆེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་པ་མ་ཟད། ཁོས་བརྩེ་སེམས་ཟབ་མོས་ངང་བཤད་རྒྱུར། “རྒྱལ་ཡོངས་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི་ལས་རིགས་ཁག་གི་ཕུལ་བྱུང་ཏང་ཡོན་འཐུས་མི་དང་མཉམ་དུ་རྒྱལ་ས་པེ་ཅིན་དུ་འཛོམས་ནས། ‘བདུན་གཅིག’རྟེན་འབྲེལ་མཛད་སྒོར་ཞུགས་ཐུབ་པ་བྱུང་བར་ ང་རྒྱལ་དང་སྤོབས་པ་སྐྱེ་འོས་པ་ཞིག་རེད། སླད་ཕྱིན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚྭ་མཚོ་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཚྭ་མཚོའི་མི་དམངས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་། ཚྭ་མཚོ་མི་དམངས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཏེ་སྤྱི་ལེ་གྲུ་བཞི་མ་5856ཟིན་པའི་ཚྭ་མཚོ་ཡི་ས་ཞིང་གཤིན་པོའི་ཐོག་འབྲུ་རིགས་བདེ་འཇགས་འགན་ལེན་དང་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་བཏང་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།

དམངས་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན་པ་དང་། དམངས་སེམས་ཐོབ་ན་ཡོད་ཚད་ཐོབ་སྲིད།   མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་ཞའོ་ཞ་གྲོང་རྡལ་ཧུང་ཀྲོང་སྡེ་བའི་ཧྲུའུ་ཅི་དང་པོ་ལིའུ་ཞའོ་ཞ་ཡིས་མྱོང་ཚོར་ཟབ་མོས་བཤད་རྒྱུར། ངས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་འགོ་ཁྲིད་འོག་ཞིང་སྡེའི་ལས་དོན་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་ཕྱིན་པའི་རྣམ་པ་གསར་པ་དེ་མཐོང་ཐུབ་ལ།   རྒྱུ་མཚན་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་ནི་མི་དམངས་ལ་འཚོ་བ་སྐྱིད་པོ་ཞིག་རོལ་དུ་འཇུག་རྒྱུ་དེ་ཡིན་པ་མ་ཟད། ཐོག་མཐའ་བར་གསུམ་དུ་ དམིགས་འབེན་དུ་བཟུང་ནས་འབད་འཐབ་ལྷོད་མེད་བྱས་པའི་དབང་གིས་རེད།  ཁོ་མོས་བཤད་རྒྱུར། གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བ་དམ་འཛིན་བྱས་ནས། དམངས་ལ་ཞབས་འདེགས་ཞུ་མཁན་དང་གསར་སྐྲུན་འཕེལ་རྒྱས་གཏོང་མཁན།  དཀའ་སྤྱད་འབད་འཐབ་བྱེད་མཁན་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ།  གཞི་རིམ་གྱི་ལས་ཡུལ་དང་པོ་ནས་ཐོག་མཐའ་བར་གསུམ་དུ་ཞིང་པ་མང་ཚོགས་དང་མཉམ་དུ་མང་ཚོགས་ཀྱི་འདོད་བློ་དང་སེམས་ཁྲལ། དཀའ་ཁག་བཅས་སེལ་རོགས་བྱས་ཏེ།  སྡེ་མི་ཚོས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱ་ཆེད་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཀ་ཧའེ་གྲོང་རྡལ་ཀའོ་ལིས་མུའུ་སྡེ་གསར་གྱི་སྡེ་མི་ཀྲང་ཧྲིན་ཅིན་གྱིས་དུས་ཐོག་ཏུ་ཐད་གཏོང་གི་རྣམ་པའི་ཐོག་ནས་རྟེན་འབྲེལ་མཛད་སྒོར་བལྟས་པ་དང་། ཁོས་སེམས་ཚོར་ཟབ་མོས་བཤད་རྒྱུར། “རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དུ་འཚོ་བ་རོལ་ནས། དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་དར་རྒྱས་གོང་འཕེལ་གྱི་རྣམ་པ་མཐོང་བ་དང་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད།  ཏང་གིས་མང་ཚོགས་ལ་དོན་དངོས་ཧ་ཅང་མང་པོ་བསྒྲུབས་པ་དང་། སྡེ་མི་དབུལ་པོ་ཚང་མ་དབུལ་ ཕོངས་ལས་ཐར་ཡོད་པས། ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ང་ཚོའི་མེས་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བས་འོད་སྟོང་ལྡན་པའི་སྨོན་འདུན་ཞུ་བ་དང་ང་ཚོའི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་བར་ཡིད་ཆེས་ཡོད་ཟེར།

དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་མཛེས་སྡུག་གི་འཚོ་བ་གསར་གཏོད་བྱེད།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག  དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་ཕྱོགས་སུ་སྐྱོད་པའི་དཔའ་བོའི་ཉམས་འགྱུར་རྒྱུན་འཁྱོངས་དང་།   སྐལ་བཟང་དུས་ཀྱི་འཇིག་་རྟེན་བསྐྲུན་པའི་བློ་སྟོབས་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་མི་དམངས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་གི་འཚོ་བ་གསར་གཏོད་བྱེད་དགོས། “བརྒྱ་ལོ་གཉིས”ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་འགྲེངས་ནས་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གསར་གཏོད་བཅས་བྱས་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཧི་ཧའེ་ཡན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་རྣམས་ཀྱི་ལས་སྒྲུབ་ལས་བརྩོན་གྱི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ཤིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པ17000ལྷག་གིས་དཔང་ཡིག་བཟུང་ནས་སྐྱེ་ཁམས་ལྟ་སྲུང་གི་ལས་རྐང་དུ་ཞུགས་ཏེ། “ཁྱིམ་ཚང་རེར་ལས་རྐང་རེ”ཡོད་པ་མངོན་འགྱུར་བྱུང་ཡོད། སླད་ཕྱིན་འབྲོག་པ་མང་ཚོགས་སྔར་ལས་མང་པོ་ཞིག་རྩྭ་ཐང་བེད་སྤྱོད་བྱེད་མཁན་ནས་སྐྱེ་ཁམས་ལྟ་སྲུང་པ་དང་ཁེ་སྤོགས་མཉམ་སྤྱོད་བྱེད་མཁན་དུ་གྱུར་ཏེ། གུང་ཁྲན་ཏང་གི་སྣེ་ཁྲིད་འོག་མི་ཁྱོན་ཡོངས་ནས་འཕེལ་རྒྱས་དང་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་ངེས་ཡིན་ཟེར།

བཀྲ་ཤིས་ཟླ་བ་ནི་གདང་ལ་གྲོང་རྡལ་འབྲི་ཆུ་འགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡིན།  ཐེངས་འདིར་ཁོ་རང་པེ་ཅིང་དུ་བསྐྱོད་པ་ནི་ཐེངས་དང་པོ་ཡིན་ཞིང་། བདུན་གཅིག་གཟེངས་རྟགས་གནང་བའི་མཛད་སྒོར་ཞུགས་པ་མ་ཟད་ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ཉན་ནས་བཀྲ་ཤིས་ཟླ་བར་མྱོང་ཚོར་ཟབ་མོ་ཐེབས།  ཁོས་བཤད་རྒྱུར། “ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་ཡོད་མི་སྲིད་ལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡང་ཡོད་མི་སྲིད། བྱས་རྗེས་གཟེངས་རྟགས་ཐོབ་མཁན29ཡོད་པ་དེ་དག་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་གཞི་ཚུགས་ཏེ་རང་སོ་སོའི་སྤྱིར་བཏང་གི་ལས་རྐང་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་པར་ངས་སྙིང་དབུས་ནས་གུས་བཀུར་ཞུ།  གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་ངས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་བློ་དཀར་སེམས་དཀར་དང་། འབྲི་ཆུའི་འགོ་ཁུངས་སྡེ་བའི་སྣེ་ཁྲིད་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་།  གྲོང་གསེབ་དར་སྤེལ་གཏོང་བའི་ལམ་བུའི་ཐོག་མུ་མཐུད་དུ་མདུན་སྐྱོད་དང་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཟེར།

“ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་ཡོང་བ་བྱེད་དགོས”ཞེས་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ འགན་འཁྲི་ཡིན་པ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཅིན་ཝུན་གྱིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། “རོང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་བའི” བྱ་བའི་འདུ་ཤེས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། རོང་འབྲོག་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་དམངས་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་ གཏོང་བ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི ་དཀའ་ངལ་དང་སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས། རོང་འབྲོག་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་ཡོང་ཆེད་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཟེར།

རེབ་གོང་སྒྱུ་རྩལ་གྱི་ཕ་ས་ཡིན་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ཡངས་ཤིང་ཁོད་སྙོམས་པའི་གཞུང་ལམ་དང་།  ཁྱིམ་ཚང་ཡོངས་ལ་ཁེབས་པའི་རྒྱལ་ཁབ་ཀྱི་གློག་དྲ།  རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ་སོགས་འགྱུར་ལྡོག་དེ་དག་ནི་ཏང་གིས་གཞི་རིམ་མང་ཚོགས་ལ་དོ་ཁུར་གནང་བའི་མཚོན་བྱེད་ཅིག་ཡིན་པ་རེད།   ཁུལ་རིམ་པའི་བཟོ་རྩལ་མཛེས་རྩལ་མཁས་པ་སྐལ་བཟང་རྒྱ་མཚོས་བཤད་རྒྱུར། “ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་མེས་པོ་ཚོས་རྒྱུན་འཛིན་བྱས་པའི་ལག་རྩལ་དེ་གཞི་ནས་འཕེལ་རྒྱས་ཆེན་པོ་བྱུང་བའི་དུས་སུ་སླེབས་ཡོད། རང་ཉིད་ཏང་ཡོན་ཞིག་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་གཏོང་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། དམངས་ཚིས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་ཇེ་སྐྱིད་དུ་འགྲོ་བར་མུ་མཐུད་དུ་འབད་འཐབ་བྱ་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།