རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་ཐོག ངེས་པར་དུ་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཛེས་སྡུག་འཚོ་བའི་ཆེད་དུ་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས།
2021.07.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་གླེང་བ།

“སྲིད་ཀྱི་དར་རྒུད་དམངས་ལ་བརྟེན།དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན། རྒྱལ་སྲིད་སྐྱོང་བ་དང་རྒྱལ་སྲིད་སྲུང་བ་ནི་དོན་དུ་མི་དམངས་ཀྱི་སེམས་བསྲུང་རྒྱུ་དེ་ཡིན།” ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ལོ་ངོ་བརྒྱའི་རིང་ལ། ང་ཚོས་བླངས་པའི་གྲུབ་འབྲས་ཡོད་ཚད་ནི། ཀྲུང་གོ་གུང་ཁྲན་ཏང་མི་དང་། ཀྲུང་གོའི་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན་པ”དང“ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། འབྱུང་འགྱུར་གསར་དུ་གཏོད་པར། ངེས་པར་དུ་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་དུ་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས”ཞེས་ནན་གྱིས་བསྟན་ཡོད།

མི་དམངས་ཀྱི་ཆེད་དུ་འཚོ་བ་དང་། མི་དམངས་ཀྱི་རྐྱེན་གྱིས་དར་བ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་ཡོད་པ། མི་དམངས་ཀྱི་ཁེ་ཕན་ཆེད་འབད་འཐབ་བྱེད་པ་བཅས་ནི། རང་རེའི་ཏང་གིས་ཏང་འཛུགས་པ་དང་ཏང་དར་རྒྱས་གཏོང་བ་དང་ཏང་སྟོབས་ལྡན་དུ་གཏོང་བ་བཅས་ཀྱི་གཞི་རྩའི་མགོ་རྩོམ་ས་དང་འབབ་ས་ཡིན། ལོ་བརྒྱའི་འབད་འཐབ་བཞུད་ལམ་ལ་ཕྱིར་བལྟ་བྱས་ན། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན།བཅོས་བསྒྱུར་བཅས་བྱས་ཡོད་ལ། དེ་ཡི་རྩ་བའི་དམིགས་ཡུལ་ནི་མི་དམངས་ལ་འཚོ་བ་སྐྱིད་པོ་ཞིག་རོལ་ཏུ་འཇུག་ཆེད་ཡིན་ཞིང་། འགྲན་སློང་དང་གནོན་ཤུགས་ཅི་འདྲ་ཆེན་པོ་དང་འཕྲད་རུང་། བློས་གཏོང་དང་རིན་དོད་ཅི་འདྲ་མང་པོ་ཞིག་བཏང་རུང་། གཞི་རྩའི་དམིགས་ཡུལ་ལ་ནམ་ཡང་འགྱུར་བ་བྱུང་མ་མྱོང་ལ། གཡོ་འགུལ་ཐེབས་མ་མྱོང་། ལོ་ངོ་བརྒྱའི་རིང་ལ། རང་རེའི་ཏང་གིས་བལྟས་ཚོད་ཀྱིས་སྒྲོལ་དཀའ་བའི་འགག་སྒྲོལ་རེ་རེ་བསྒྲལ་ཟིན་ཞིང་། ལོ་རྒྱུས་དེབ་ཐེར་དུ་འཁོད་འོས་པའི་ངོ་མཚར་གཅིག་འཕྲོར་གཅིག་བསྐྲུན་ཐུབ་པའི་རྩ་བའི་རྒྱུ་རྐྱེན་ནི་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་དམ་པོར་བསྲུང་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་སེམས་དང་སེམས་པ་སྦྲེལ་ཞིང་། མི་དམངས་ཀྱི་སྐྱིད་སྡུག་མཉམ་མྱོང་བྱས་པ། མི་དམངས་དང་མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱས་པའི་རྐྱེན་གྱིས་རེད། རང་རེའི་ཏང་གིས་ཕམ་ཁ་བྱུང་ཡང་དཔའ་ངར་ཆེར་བསྐྱེད་བྱས་པ་དང་། དཀའ་སྡུག་གང་མང་མྱངས་ཀྱང་དཔའ་ངར་མ་ཞུམ་པ་ནི། ཏག་ཏག་ཐོག་མཐའ་བར་གསུམ་དུ་མི་དམངས་ནི“འབྱུང་ཁུངས”དང“རྩ་བ”ལ་བཞག་པ་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་གཏིང་ཟབ་ཟུག་ཡོད་པའི་རྐྱེན་གྱིས་རེད། ལོ་རྒྱུས་ཀྱིས་གསལ་པོར་མངོན་པ་ནི། ཀྲུང་གོ་གུང་ཁྲན་ཏང་གི་གཞི་རྩ་ནི་མི་དམངས་ཡིན་པ་དང་། ཁྲག་རྩ་ནི་མི་དམངས་ཡིན་ལ། སྟོབས་ཤུགས་ནི་མི་དམངས་ཡིན་པས། མི་དམངས་ཀྱི་ཡིད་ཆེས་ཐོབ་ཚེ། ཏང་གིས་དཀའ་སྡུག་གང་ཡང་སེལ་ཐུབ་ལ། ཕྱོགས་གང་དུ་བསྐྱོད་ཀྱང་རྒྱལ་ཁ་ལེན་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་ཡོད་ལ། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱེད་པ། ཤི་གསོན་གཅིག་ལ་ཁེན་པ། རང་ཉིད་ལ་དམིགས་བསལ་ཁེ་ཕན་མེད་པ། ནམ་ཡང་ཁེ་ཕན་སྡེ་ཚོགས་དང་། དབང་ཤུགས་ཚོགས་པ། ཁྱད་དབང་རིམ་གྲས་བཅས་གང་གི་ཁེ་ཕན་ཡང་མི་མཚོན།” མི་གང་འདྲ་ཞིག་གི་དོན་དང་མི་གང་འདྲ་ཞིག་ལ་བརྟེན་པའི་གནད་དོན་ནི། སྲིད་ཏང་ཞིག་དང་སྲིད་དབང་ཞིག་གི་ངོ་བོར་ཚོད་བགམ་བྱེད་པའི་ལག་ཆ་ལྟ་བུ་ཡིན། རང་རེའི་ཏང་རང་ཉིད་ལ་དམིགས་བསལ་ཁེ་ཕན་གང་ཡང་མེད་ལ། ཏང་གིས་དུས་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ཡོད། འདི་ནི་རང་རེའི་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་ངོས་ནས་སྲིད་ཏང་གཞན་དང་དབྱེ་བ་འབྱེད་བྱེད་ཀྱི་དམིགས་བསལ་རྟགས་མཚན་ཡིན། རང་རེའི་ཏང་ནི་མི་དམངས་ལས་བྱུང་ཞིང་། རྩ་བ་མི་དམངས་ཀྱི་ཁྲོད་དུ་གནས་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་ཡིན། རྩ་བའི་ཆ་ནས་བཤད་ན། ཏང་གི་གཞུང་ལུགས་ནི་ཡོད་ཚད་མི་དམངས་ཀྱི་ཆེད་དུ་བསམ་པའི་གཞུང་ལུགས་ཡིན་ལ། ཏང་གི་ལམ་ཕྱོགས་ནི་ཡོད་ཚད་མི་དམངས་ཀྱི་ཆེད་དུ་འབད་པའི་ལམ་ཕྱོགས་ཡིན་པ། ཏང་གི་ལས་དོན་ནི་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པའི་ལས་དོན་ཡིན། མིང་གྲགས་ཅན་གྱི་རྒྱལ་སྤྱིའི་སྤྱི་འབྲེལ་ཀུང་སི་ཞིག་གིས2020ལོར་ཡིད་རྟོན་ཚད་ཁྱབ་བསྒྲགས་བྱས་པའི་བརྟག་དཔྱད་ལས་མངོན་པ་ལྟར་ན། ཀྲུང་གོའི་མང་ཚོགས་ཀྱིས་ཀྲུང་གོའི་སྲིད་གཞུང་ལ་ཡིད་ཆེས་བྱེད་ཚད95%ལ་སླེབས་ཡོད་པ་དང་། བཅར་འདྲི་བྱེད་ཡུལ་གྱི་རྒྱལ་ཁབ་དག་གི་ཁྲོད་ནས་ཨང་དང་པོར་སླེབས་ཡོད་པས། མི་སུ་དང་གང་གིས་ཀྱང་ཀྲུང་གོ་གུང་ཁྲན་ཏང་ལ་ཀྲུང་གོའི་མི་དམངས་ཀྱི་སྲུང་སྐྱོང་དང་རྒྱབ་སྐྱོར་ཐོབ་པའི་དོན་དངོས་མཐོང་ཡང་མ་མཐོང་ཁུལ་བྱེད་མི་འོས། ཀྲུང་གོ་གུང་ཁྲན་ཏང་དེ་ཀྲུང་གོའི་མི་དམངས་དང་ཁ་འབྲལ་འདོད་པ་དང་། ཁ་གཏད་དུ་ལངས་སུ་འཇུག་པའི་བསམ་ངན་འཆང་མཁན་སུ་ཡིན་རུང་། བསམ་དོན་གཏན་ནས་འགྲུབ་མི་ཐུབ། ཀྲུང་གོ་གུང་ཁྲན་ཏང་མི་བྱེ་བ་དགུ་དང་ས་ཡ་ལྔ་ལྷག་གིས་ཁས་ལེན་བྱེད་མི་སྲིད་ལ། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་གིས་ཀྱང་ཁས་ལེན་སྟེར་མི་སྲིད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།“བགྲོད་ལམ་གསར་པའི་སྟེང་། ང་ཚོས་ངེས་པར་དུ་མི་དམངས་ལ་བརྟེན་ནས་ལོ་རྒྱུས་བསྐྲུན་དགོས་ལ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་ལངས་ཕྱོགས་ནས་བརྟན་པོར་ལངས་པ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། མི་དམངས་ཀྱི་རང་རྟོགས་གསར་གཏོད་སྙིང་སྟོབས་ལ་བརྩི་བཀུར་བྱེད་པ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་ལག་ཏུ་བསྟར་བ། གོ་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་དོ་མི་སྙོམས་པ་དང་མི་འདང་བའི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་སེམས་ཁྲལ་རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་གང་ཡོད་ཀྱིས་ཐག་གཅོད་པ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་། མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་འགྱུར་ཡོང་བའི་ཐད་ལ་སྔར་ལས་མངོན་གསལ་གྱི་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་བྱེད་དགོས།”མང་ཚོགས་ནི་གནམ་དང་། མང་ཚོགས་ནི་ས་ཡིན། ང་ཚོས་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། ཐོག་མཐའ་བར་གསུམ་དུ་ཏང་དང་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་སྐྱོན་བརྗོད་དང་ལྟ་རྟོག་ཁས་ལེན་དགོས་ལ། སེམས་ནས་རྟག་པར་མང་ཚོགས་ཀྱི་སྡུག་བསྔལ་བསམ་དགོས། རྒྱུན་དུ་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ཇུས་ལ་བརྩོན་ཏེ། རང་རེའི་ཏང་ལ་གཏན་དུ་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་གོང་བཀུར་ཐོབ་ཏུ་འཇུག་པ་དང་། རང་རེའི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་འཛད་མེད་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡོད་དུ་འཇུག་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཡོད་ཚད་མི་དམངས་ལ་བརྟེན་པ། མི་དམངས་ཀྱི་བརྩེ་བ་བརྟན་པོར་བསྲུང་བ། ནམ་ཡང་མང་ཚོགས་དང་ཁ་མི་འབྲལ་བ། མང་ཚོགས་དང་སྐྱིད་ཡོད་ན་མཉམ་རོལ་དང་། སྡུག་ཡོད་ན་མཉམ་འཁུར་བྱེད་པ། ཇ་ཡོད་ན་ཇ་ཁུ་མཉམ་འཐུང་དང་། ཇ་མེད་ན་ཆུ་རྐྱང་མཉམ་འཐུང་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ནི་སེམས་ཀྱི་ཆེས་མཐོ་བའི་གནས་སུ་འཇོག་པ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་ནི་འབད་འཐབ་དམིགས་འབེན་དུ་འཇོག་པ། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་བཞག་སྒོས་མང་ཚོགས་ཡོངས་ལ་ཐོབ་པར་སྐུལ་འདེད་བྱེད་དགོས་ལ། མི་དམངས་དུང་ཕྱུར་མང་པོའི་མཐུན་སྒྲིལ་འབད་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྡུད་དགོས།

“ཕོ་བ་འགྲངས་པ”ནས“‘འབྲུ་ཡག་པོ’ཟ་བ”དང་། དེ་ནས“ཞིབ་འབྲུ་བཟའ་འདོད་ན་ཞིབ་འབྲུ་བཟའ་ཐུབ་པར་མ་ཟད་དུས་རྒྱུན་ཤ་བཟའ་རྒྱུའང་ཡོད་པ”ཞེས་བརྗོད་པའི་ཧྲན་པའེ་ས་སེར་མཐོ་སྒང་སྟེང་གི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་དམིགས་འབེན་ལ་ཕྱིར་དྲན་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོས་བརྗོད་དོན། “ང་ཚོའི་མི་རབས་འདིར་བརྩེ་བ་ཞིག་ཡོད་པ་ནི། མང་ཚོགས་སམ་ཁྱད་པར་ཞིང་པ་ལ་རྒྱབ་ནས་སྐྱོར་མ་ཞིག་བྱ་རྒྱུ་དེ་ཡིན” སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་གཅིག་ཀྱང་ཆད་མི་རུང་ལ། ཁྱོན་ཡོངས་འབྱོར་འབྲིང་ལ་ཚང་མ་མཉམ་དུ་བསྐྱོད་དགོས། དེང་སྐབས། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཟིན་ལ། དེའི་འཕྲོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པར་འབད་འཐབ་བྱ་རྒྱུ་ཡིན། རླབས་ཆེའི་རྒྱང་སྐྱོད་གསར་པའི་སྟེང་། ཐོག་མཐའ་བར་གསུམ་དུ་བསམ་པ་མི་དམངས་དང་ཕྱོགས་གཅིག་ཏུ་གཏོད་པ། ལས་ཀ་མི་དམངས་དང་མཉམ་དུ་ལས་པ། མང་ཚོགས་ཀྱི་འཚོ་བ་སྔར་ལས་འབྱོར་ཕྱུག་དང་། སྔར་ལས་བདེ་སྐྱིད་ལྡན་དུ་འཇུག་རྒྱུ་ནི། ཀྲུང་གོ་གུང་ཁྲན་ཏང་མིའི་བརྩེ་བ་གཏོད་ས་དང་། དེ་ལས་ཀྱང་འགན་འཁྲིའི་འབྲེལ་ཐག་ཡིན།

                                                                                                  རྩོམ་སྒྲིག་པ། གཡང་འབུམ་རྒྱལ།