རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།
2021.07.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

“མར་ཁེ་སི་རིང་ལུགས་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་སློབ་སྟོན་བསམ་བློ་ཡིན་པ་དང་ང་ཚོའི་ཏང་གི་བླ་སྲོག་དང་དར་ཆ་ཡིན།” ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་རྒྱུན་འཁྱོངས་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་དོན་དངོས་ལ་གཞིགས་ནས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་དང་ལོ་རྒྱུས་ཀྱི་རང་དབང་དམ་འཛིན་བྱེད་པ། དཀའ་སྤྱད་འཚོལ་ཞིབ་བཅས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བྱེད་པ་དང་ཀྲུང་གོ་མི་དམངས་ལ་སྣེ་ཁྲིད་དེ། སྤྱི་ཚོགས་ཀྱི་གསར་བརྗེ་རླབས་ཆེན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས”ཞེས་བསྟན་པ་དང་། “ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པ་གསར་གཏོད་བྱེད་པར་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས”ཞེས་ནན་གྱིས་གསུངས།

མི་རིགས་ཤིག་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་དགོས་ན། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་མེད་པ་དང་བསམ་བློའི་ཁྲིད་སྟོན་མེད་པ་གཏན་ནས་བྱེད་མི་རུང་། ཉེ་རབས་ཀྲུང་གོའི་ཉེན་ཁ་ཆེ་བའི་དུས་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་འཚོལ་རྙེད་བྱུང་བ་མ་ཟད།  མར་ཁེ་སི་ལེ་ཉིན་རིང་ལུགས་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱང་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་ལ་བརྟེན་ནས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་ཀྲུང་ཧྭ་མི་རིགས་ཀྱིས་གསར་སྐྲུན་བྱས་པའི་རླབས་ཆེན་གྱི་ཤེས་རིག་སྐུལ་སློང་བྱས་པས། ཀྲུང་ཧྭའི་ཤེས་རིག་ལས་བསམ་པའི་སྟོབས་ཤུགས་ཆེན་པོ་ཡང་བསྐྱར་མངོན་པར་བྱས།  ལོ་ངོ་བརྒྱ་ཡི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ།མར་ཁེ་སི་རིང་ལུགས་ཀྱིས་ང་ཚོའི་ཏང་ལ་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ལྡན་པར་བྱས་པ་དང་། འཛམ་གླིང་ལ་ཤེས་རྟོགས་དང་བསྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་ཆེན་པོ་ལྡན་པར་བྱས་ཏེ། ཀྲུང་གོ་ཞེས་པའི་གནའ་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་འདི་ལ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་པའི་འཕེལ་རྒྱས་ཀྱི་ངོ་མཚར་བསྐྲུན་དུ་བཅུག མར་ཁེ་སི་རིང་ལུགས་ཀྱི་ལས་དབང་དེ་སྔ་མོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལས་དབང་དང་ཀྲུང་གོ་མི་དམངས་ཀྱི་ལས་དབང་།ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་བཅས་དང་དམ་པོར་འབྲེལ་ཡོད་པ་ལག་ལེན་གྱིས་བདེན་དཔང་བྱས་ཡོད།  མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ལ་ཀྲུང་གོ་རུ་ཞིབ་བཤེར་གང་ལེགས་ཐོབ་ཅིང་། དེའི་མི་དམངས་རང་བཞིན་དང་ལག་ལེན་རང་བཞིན་དེ་ཀྲུང་གོར་ལག་བསྟར་གང་ལེགས་བྱས་ཡོད་པར་མ་ཟད། སྒོ་འབྱེད་རང་བཞིན་དང་དུས་རབས་རང་བཞིན་དེ་ཀྲུང་གོ་རུ་གང་ལེགས་སྒོས་མངོན་ཡོད།

མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་གཏིང་ཟབ་པའི་འགྱུར་ལྡོག་བཏང་པ་དང་ཀྲུང་གོས་ཀྱང་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་། ང་ཚོའི་ཏང་གི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཤིག་དང་།རིགས་པའི་གཞུང་ལུགས་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཤིག་རེད། ལོ་བརྒྱ་ཡི་རིང་། ང་ཚོའི་ཏང་གིས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ཕན་ཚུན་གཅིག་གྱུར་དང་།རྨང་གཞི་ཇེ་བརྟན་དུ་གཏོང་དང་གསར་གཏོད་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་རྟོགས་པ་གསར་བ་ རྒྱུན་ཆད་མེད་པར་གསར་བཏོད་བྱེད་པ་དང་མའོ་ཙེ་ཏུང་གི་དགོངས་པ་དང་།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱས་ནས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གྲུབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་དུ་གཏོད་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་འདོན་སྤྲོད་བྱས། ལོ་བརྒྱ་ཡི་རིང་། ཀྲུང་ཧྭ་མི་རིགས་ལ་ཨེ་ཤ་ཡ་ཤར་མའི་ནད་པ་ནས་ཡར་ལངས་པའི་ རླབས་ཆེན་མཆོང་སྐྱོད་མངོན་འགྱུར་བྱུང་ཞིང་། ཡར་ལངས་ནས་ཕྱུག་པོར་འགྱུར་བའི་རླབས་ཆེན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ། ཕྱུག་པོར་འགྱུར་པ་ནས་སྟོབས་ལྡན་དུ་འགྱུར་པའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་བསུས། དོན་དངོས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་སུ་གཏོང་མི་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ན་མ་གཏོགས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་མི་ཐུབ་པ་ར་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏིང་ཟབ་པའི་སྒོ་ནས་བསྟན་དོན།“ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་འཇོན་དོན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་ཡག་པ་བཅས་ནི། མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་འགྲིག་པའི་རྐྱེན་རེད།  ད་ལྟ་དུས་རབས21པའི་ཀྲུང་གོའི་མར་ཁེ་སི་རིང་ལུགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དུས་རབས་21པའི་ཀྲུང་གོའི་མར་ཁེ་སི་རིང་ལུགས་ལ་སྔར་ལས་སྟོབས་དང་ལྡན་ལ་གོ་བསྐོན་བློ་འགུག་གི་ནུས་པ་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་མངོན་ཡོད། ལག་ལེན་གྱི་ཐོག་ནས་ལོ་རྒྱུས་དང་མི་དམངས་ཀྱིས་མར་ཁེ་སི་རིང་ལུགས་བདམས་པ་ནི་རྦད་དེ་ཡང་དག་ཡིན་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་རང་ཉིད་ཀྱི་དར་ཆའི་སྟེང་བྲིས་པ་ནི་རྦད་དེ་ཡང་དག་ཡིན་ཞིང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་ནི་རྦད་དེ་ཡང་དག་པ་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་། ང་ཚོས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ནས།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  མར་ཁེ་སི་རིང་ལུགས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་བཅས་བྱས་ཏེ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས”ཞེས་ནན་གྱིས་གསུངས། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དུ་བསྐྱོད་ཐུབ་པར་ཁྲིད་སྟོན་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་མི་ནི་མར་ཁེ་སི་རིང་ལུགས་ལ་བློ་དཀར་སེམས་དཀར་བྱེད་མཁན་དང་བློ་རྩ་བརྟན་པོའི་སྒོ་ནས་ལག་ལེན་བྱེད་མཁན་ཡིན་པས། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། ཏང་གི་ལོ་ངོ་བརྒྱ་ཕྲག་རིང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བདེན་དོན་གྱི་སྟོབས་ཤུགས་རྟོགས་ཐབས་བྱས་ནས། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཀྲུང་གོ་ཅན་དུ་འགྱུར་བའི་མར་ཁེ་སིའི་རིང་ལུགས་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་མདུན་སྐྱོད་ཀྱང་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་གཤིས་སྤྱོད་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཚན་རིག་དང་མཐུན་པའི་རྣམ་འགྱུར་གྱིས་ཚན་རིག་ལ་ལྟ་སྟངས་འཛིན་པ་དང་བདེན་དོན་གྱི་སྙིང་སྟོབས་ལ་བརྟེན་ནས་བདེན་དོན་བརྩོན་གཉེར་བྱེད་པ། མར་ཁེ་སི་རིང་ལུགས་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྤྲོད་པ། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་ལ་བརྟེན་ནས་ང་ཚོ་མདུན་དུ་བསྐྱོད་པའི་ལམ་བུར་འོད་ཟེར་འཕྲོ་བ་བཅས་བྱས་ན།ང་ཚོས་མུ་མཐུད་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལེའུ་གསར་བ་འབྲི་ཐུབ།

དེང་སྐབས་ཀྱི་འཛམ་གླིང་ནི་ལོ་ངོ་བརྒྱ་ལྷག་གི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཞིག་བརྒྱུད་བཞིན་པ་དང་། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད།  ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་བཞིན་ཡོད། དཀའ་སྡུག་དང་འོད་སྟོང་འབར་བའི་འདས་ཟིན་བརྒྱུད་ཟིན་པ་དང་ད་ལྟའི་ཉིན་རེ་བཞིན་འགྱུར་ལྡོག་གསར་བ་འབྱུང་བཞིན་པའི་དུས་སྐབས་འདི་བརྒལ་ནས།  འོད་ཟེར་རབ་ཏུ་འཕྲོ་བའི་མ་འོངས་པའི་ཕྱོགས་སུ་བསྐྱོད་པར་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་རྒྱུན་འཁྱོངས་བྱེད་པ་དང་། རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་། དེ་བཞིན་ཕྱོགས་གང་ཅིའི་ཐད་ཀྱི་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཏང་གི་བྱ་བ་ཡོངས་རྫོགས་ལས་དུས་རབས་ཀྱི་རང་བཞིན་སྔར་ལས་ལེགས་པར་མཚོན་པ་དང་ཆོས་ཉིད་ཀྱི་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་ཀྱི་རང་བཞིན་གྱིས་ཕྱུག་པ་བཅས་བྱུང་ན། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མདུན་དུ་བསྐྱོད་པའི་ལམ་བུའི་སྟེང་གི་དཀའ་ངལ་དང་ཉེན་ཁ་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག་ཁྱད་མཚར་གྱི་བྱས་རྗེས་སྔར་ལས་མང་པོ་འཇོག་ཐུབ་པ་རེད།

                                                                                   ཡིག་སྒྱུར་བ། གཡང་འབུམ་རྒྱལ།