རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས།
2021.07.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

“རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་དམག་དཔུང་སྟོབས་ཆེར་གཏོང་དགོས།” ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ཀྱི་ཆེད་དུ་ཉམས་པ་མེད་པའི་མཛད་རྗེས་བཞག་ཡོད་ཅིང་། དེ་ནི་དམར་པོའི་སྲིད་དབང་སྲུང་སྐྱོབ་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པའི་ཀ་རྡོ་བརྟན་པོ་ཞིག་ཡིན་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་ཡིན”ཞེས་བསྟན་པ་དང་། “ལོ་རྒྱུས་དཔྱད་གཞིར་བཟུང་སྟེ་མ་འོངས་པ་གསར་གཏོད་བྱེད་པར་ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་”ཞེས་ནན་གྱིས་གསུངས།

1927ལོའི་ཟླ8པའི་ཚེས1ཉིན། ནན་ཁྲང་མཁར་མགོའི་མེ་མདའི་སྒྲ་དང་མཉམ་དུ་ང་ཚོའི་ཏང་གིས་དྲག་པོའི་སྒོ་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་མགོ་བརྩམས། དུས་དེ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་པའི་མི་དམངས་དམག་དཔུང་གིས་དཔའ་ངར་ཆེན་པོས་ཀྲུང་གོའི་མི་དམངས་ལ་བཅིངས་འགྲོལ་དང་བདེ་སྐྱིད་དོན་གཉེར་བྱེད་པའི་ལས་ལ་ཞུགས་པ་དང་། ཀྲུང་ཧྭ་མི་རིགས་ལ་རང་བཙན་དང་བསྐྱར་དར་དོན་གཉེར་བྱེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་དེ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་འབྲེལ་ཡོད། ལོ་ངོ90ལྷག་གི་རིང་། མི་དམངས་དམག་དཔུང་གིས་མེ་ལྕེའི་དམག་འཁྲུག་ཆེན་པོ་བརྒྱུད་ནས། ལམ་བར་དུ་དཀའ་ངལ་ཁྱད་བསད་དང་བློས་གཏོང་ཆེན་པོ་བྱས་པས། འོད་སྟོང་འབར་བའི་རྒྱལ་ཁ་ཡང་ནས་ཡང་དུ་བླངས། ཟུངས་ཁྲག་དང་ཚེ་སྲོག་གིས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་གོ་གསར་པ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་བ་དང་། ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་རྗེས་ལུས་དང་རྡུང་རྡེག་ཕོག་པའི་གཞན་དབང་གི་རྣམ་པ་རྩ་བ་ནས་བསྒྱུར། གསར་བཙུགས་མི་དམངས་སྲིད་དབང་སྲ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་གནས་བབ་ཇེ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པ་བཅས་ལ་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་རྟེན་འདོན་སྤྲོད་བྱས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པ། རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་སྲུང་སྐྱོབ་བྱེད་པ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་ཆེད་སྟོབས་ཤུགས་ཀྱི་འདེགས་སྐྱོར་ཤུགས་ཆེན་འདོན་སྤྲོད་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གིས་མེ་མདའ་ལ་བཀོད་འདོམས་བྱེད་པ་དང་རང་ཉིད་ཀྱི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཏང་གིས་ཟུངས་ཁྲག་དང་མེ་ལྕེ་ཡི་འཐབ་རྩོད་ཁྲོད་ཐོབ་པའི་འགྱུར་མེད་ཀྱི་བདེན་དོན་ཞིག་རེད”ཅེས་བསྟན། སྟོབས་དང་ལྡན་པའི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོའི་ཏང་གི་དོན་གཉེར་ལྷོད་མེད་ཡིན་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་ནི་དམག་དཔུང་འཛུགས་སྐྲུན་གྱི་རྩ་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་ཡིན། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ནི་ནན་ཁྲང་འོས་ལངས་ལས་བྱུང་བ་དང་། སན་ཝན་བཅོས་སྒྲིག་བྱས་ནས་རྨང་གཞི་བཏིང་ཞིང་ཀུའུ་ཐན་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པས། དེ་ནི་མི་དམངས་དམག་དཔུང་རྙིང་པའི་ཆབ་སྲིད་ཀྱི་ཁྱད་ཆོས་དང་རྩ་བའི་ཁྱད་སྟོབས་དང་གཏན་ནས་མི་འདྲ། གསར་བརྗེའི་དཔོན་དམག་ཁྲི་སྟོང་མང་པོས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། བར་ཆད་ཁྲོད་དུ་དཀའ་ངལ་ཁྱད་བསད་བྱེད་པ། དཀའ་སྡུག་ཁྲོད་དུ་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཕམ་པར་བྱེད་མི་ཐུབ་པ་དང་རུལ་མི་ཐུབ་པ། རྒོལ་ཚད་སེལ་ཐུབ་པ། འཐབ་ན་མི་རྒྱལ་བ་མེད་པ་བཅས་ཀྱི་ཞུམ་མེད་དཔུང་སྡེ་ཞིག་བསྐྲུན་ཡོད། ཆར་རླུང་དྲག་པོས་ཡུན་རིང་གི་གསར་བརྗེའི་བགྲོད་ལམ་སྟེང་དུ། ང་ཚོའི་དཔོན་དམག་གིས་བཤད་པའི་སྐད་ཆ་ཆེས་མང་པ་ནི་ཏང་གི་རྗེས་སུ་འབྲངས་ན་ངེས་པར་དུ་རྒྱལ་ཁ་ལེན་ཐུབ་ཅེས་པ་དེ་ཡིན། ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། ཏང་གིས་མེ་མདར་བཀོད་འདོམས་བྱེད་པ་ནི་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་འགན་སྲུང་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ལྡན་འགོ་ཁྲིད་ཡོད་ན། མི་དམངས་དམག་དཔུང་མདུན་དུ་སྐྱོད་པར་ཁ་ཕྱོགས་དང་སྟོབས་ཤུགས་ཡོད། མདུན་སྐྱོད་ཀྱི་ལམ་བུའི་སྟེང་མི་དམངས་དམག་དཔུང་གིས་ངེས་པར་དུ་ཏང་གིས་དམག་དཔུང་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། དེ་མི་དམངས་དམག་དཔུང་གིས་ནམ་ཡང་འགྱུར་བ་གཏོང་མི་རུང་བའི་བླ་སྲོག་དང་ནམ་ཡང་དོར་མི་རུང་བའི་སྲོག་རྩ་ཞིག་ཏུ་བརྩིས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་དར་ཆ་དེ་དར་ཆ་བྱེད་པ། ཏང་གི་ཁ་ཕྱོགས་དེ་ཁ་ཕྱོགས་སུ་བརྩི་བ། ཏང་གི་སྙིང་སྟོབས་ཏེ་སྙིང་སྟོབས་བཅས་སུ་བརྩི་དགོས།

རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་དུ་གཏོང་བ་ནི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ཏེ། ཏང་གི་བཀོད་འདོམས་ལ་ཉན་པ་དང་རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱ་རྒྱུའི་གནས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་རྒྱུའི་དམིགས་ཚད་བཏོན་པ་དང་། བབ་བསྟུན་མདུན་སྐྱོད་ཀྱིས་དམག་དོན་འཐབ་ཇུས་ཀྱི་མཛུབ་ཁྲིད་གསར་གཏོད་བྱས་པ། གནས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་གཏན་འབེབས་བཅས་བྱས་ནས། མི་དམངས་དམག་དཔུང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལམ་བུའི་སྟེང་གོམ་སྟབས་བརྟན་པོ་ཞིག་སྤོ་རྒྱུར་སྐུལ་འདེད་བཏང་ཡོད། སྟོབས་ལྡན་གྱི་དམག་དཔུང་ཞིག་མེད་ན། སྟོབས་ལྡན་གྱི་མེས་རྒྱལ་ཞིག་ཡོད་མི་སྲིད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས། རྒྱལ་ཁབ་ཕྱུག་འགྱུར་དང་དམག་དཔུང་སྟོབས་ལྡན་དུ་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་། ཀྲུང་གོ་མི་དམངས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་གྱུར་བྱ་དགོས་ན། ངེས་པར་དུ་མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲས་སུ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་དོན། “རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་། ང་ཚོས་ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ནས་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་སྟེང་གི་དམག་དཔུང་རྩེ་གྲས་ཞིག་ཏུ་འཛུགས་སྐྲུན་བྱས་ནས། སྔར་ལས་ལྷག་པའི་ནུས་པ་དང་དེ་བས་བློས་འགེལ་ཆོག་པའི་བྱ་ཐབས་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། ཁེ་ཕན་འཕེལ་རྒྱས་གཏོང་བའི་དམག་དཔུང་ཞིག་ཏུ་འགྱུར་དགོས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་དེ་ངེས་པར་དུ་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་དང་འཚམ་པོ་བྱ་དགོས་པ་དང་། དམག་དོན་གྱི་ནུས་པ་དེ་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་དགོས་མཁོ་དང་འཚམ་པར་བྱ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བར་དམིགས་པ་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དུས་རབས་ཀྱི་བླང་བྱ་ཁ་གཏད་འཇལ་བ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་དོན་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དམག་གྲབས་དང་འཐབ་འཛིང་ལ་དམིགས་ནས། བོས་ན་ཡོང་ཐུབ་པ་དང་ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་ཀྱི་དམག་མི་གསོ་སྐྱོང་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ཏང་གི་དམིགས་འབེན་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ཚེ། མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་རྒྱུན་ཆད་མེད་པར་ཡར་ཐོན་ཡོང་བའི་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ལ། ཏང་དང་མི་དམངས་ཀྱིས་བསྩལ་པའི་དུས་རབས་གསར་པའི་ལས་འགན་སྔར་ལས་ལེགས་པའི་སྒོ་ནས་ཐེག་ཐུབ་ངེས་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་། 2035ལོར་སླེབས་སྐབས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པར་བརྩོན་ལེན་བྱས་ཏེ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་མི་དམངས་དམག་དཔུང་དེ་འཛམ་གླིང་སྟེང་གི་དམག་དཔུང་རྩེ་གྲར་ཁྱོན་ཡོངས་ནས་བསྐྲུན་རྒྱུའི་འཐབ་ཇུས་བཀོད་སྒྲིག་བྱས་པ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་། 2027ལོར་དམག་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་འགན་ལེན་བྱེད་དགོས་པ་གསལ་བོ་བཏོན་ཡོད། གཟི་བརྗིད་དང་རླབས་ཆེ་བའི་འཆར་གཞི་འཐེན་ཟིན་པ་དང་འབད་འབུངས་ཡར་བརྩོན་བྱེད་བཞིན་མཆིས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་སྟེང་བསྐྱོད་པ་དང་། བབ་བསྟུན་མདུན་སྐྱོད་སྒོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འོད་སྟོང་འབར་བའི་ལེའུ་རྒྱུན་མི་ཆད་པར་བརྩམས་ནས། ལོ་རྒྱུས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་འོད་སྟོང་འབར་བའི་བྱས་རྗེས་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།