ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས།  དཔའ་ངར་ཆེན་པོས་མ་འོངས་ཕྱོགས་སུ་བསྐྱོད།
2021.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམས་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་མ་ཐེབས།

“ལོ་བརྒྱ་ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་དར་ཆའི་འོག དུས་རབས་སོ་སོའི་ཀྲུང་གོའི་ན་གཞོན་རྣམས་ཀྱིས་ལང་ཚོའི་འབད་འཐབ་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ་ཕུལ་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གདོང་ལེན་སྟོབས་ཤུགས་སུ་གྱུར་ཡོད། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། ཀྲུང་གོ་བའི་བློ་སྟོབས་དང་ལ་རྒྱ།  སྤོབས་པ་བཅས་ཆེ་རུ་བསྐྱེད་དེ་དུས་རབས་ལ་ངོ་གནོང་མི་དགོས་ཤིང་ལང་ཚོ་གཏོང་ཟད་དུ་མི་གཏོང་བ། ཏང་དང་མི་དམངས་ཀྱི་རེ་བ་ནན་མོ་སྟོང་ཟད་དུ་མི་གཏོང་བ་བཅས་བྱེད་དགོས།”  ཉིན་དུ་མའི་རིང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་ན་གཞོན་རྣམས་ཀྱི་ཁྲོད་ཚུར་སྣང་དྲག་པོ་བྱུང་།  ཚང་མས་མི་རབས་གསར་པའི་ན་གཞོན་ཞིག་ཡིན་པའི་ངོས་ནས་གསར་བརྗེའི་མཐུད་རྒྱུག་རྒྱུན་འཛིན་དང་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ། དམར་པོའི་ཁྲག་རྒྱུན་མཐུད་པ་དང་སྔོན་བྱོན་པ་ཚོའི་གཟི་བརྗིད་ཀྱི་རྐང་རྗེས་དེད་དེ། མིག་རྒྱང་རིང་ཞིང་འཇོན་ཐང་སྦྱོང་བརྡར་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འབུངས་མདུན་སྐྱོད་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།

“མ་འོངས་པ་ནི་ན་གཞོན་རྣམས་ལ་དབང་བས་ན་གཞོན་ཚོར་རེ་བ་བཅོལ་ཡོད། ལོ་བརྒྱ་ཡི་སྔོན་དུ་ན་གཞོན་གསར་པ་ཁག་ཅིག་གིས་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་དཔལ་འབར་མཐོན་པོར་བསྒྲེངས་ནས། དཀའ་སྡུག་གི་ཆར་རླུང་དྲག་པོའི་ཁྲོད་དཀའ་བ་ཆེན་པོས་ཀྲུང་གོའི་མི་རིགས་བསྐྱར་དར་གྱི་མདུན་ལམ་འཚོལ་ཞིབ་བྱས།”  ད་ལྟ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་འགྲེངས་ནས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་རྒྱ་ཆེའི་ན་གཞོན་ཚོས་འབད་འབུངས་ཡར་བརྩོན་གྱི་དཔལ་འབར་མཐོན་པོར་བསྒྲེངས་ཏེ་རྒྱུན་ཆད་མེད་པར་ཞུན་བརྡར་བྱས་ནས་མདུན་སྐྱོད་བྱེད་བཞིན་ཡོད།

“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བའི་གཟེངས་བསྟོད་དང་རྟེན་འབྲེལ་མཛད་སྒོར་ཞུགས་ཐུབ་པར་གྱུར་བས་ང་ལ་རང་ཉིད་ཀྱི་སློབ་གསོ་སློབ་ཁྲིད་བྱ་བར་ངོས་ཟིན་གསར་པ་བྱུང་།” རྒྱལ་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ཕུལ་བྱུང་ཅན། མཚོ་ཤར་གྲོང་ཁྱེར་སློབ་འབྲིང་དང་པོའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ། དགེ་རྒན་ཀྲོའུ་ཆོན་ཀྲུང་གིས་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མྱོང་ཚོར་སྐོར་གླེང་སྐབས། སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་བཞིན་འདུག   “ངས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བླ་ན་མེད་པའི་ལས་འགན་བློ་ལ་བརྟན་པོར་བཟུང་ནས། དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་བརྟན་འགྱུར་མེད་ངང་དད་མོས་བྱེད་མཁན་ཞིག་དང་། ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱས་ནས་སྤུས་ཚད་སློབ་གསོ་བརྟན་སྲུང་མཁན་དང་སྔོན་ཐོན་བསམ་བློ་བརྒྱུད་སྒྲོག་བྱེད་མཁན་ཞིག་བྱེད་རྒྱུ་ཡིན”ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་ལོ་རྒྱུས་ཀྱི་འབོད་སྐུལ་གནང་བ་སྟེ། རླབས་ཆེན་དང་གཟི་བརྗིད། ཡང་དག་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག  རླབས་ཆེན་དང་གཟི་བརྗིད།དཔའ་མཛངས་བཅས་ཀྱི་ཀྲུང་གོ་མི་དམངས་ཁྲི་ལོར་བརྟན་པར་ཤོག  གསུང་དེ་ ཐོས་རྗེས། རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས་ང་ལ་སྤོབས་སེམས་ཞིག་རང་ཤུགས་ཀྱིས་སྐྱེས་ཡོང་བ་དང་། ན་གཞོན་སློབ་མའི་བསམ་བློའི་སྣེ་ཁྲིད་པ་དང་དད་སེམས་ཀྱི་བླ་སྲོག་སྐྲུན་མཁན་ཞིག་ཡིན་པའི་ངོས་ནས། ཏང་གི་སློབ་གསོའི་བྱ་གཞག་ལ་བློ་དཀར་སེམས་དཀར་དང་ཚན་རིག་དང་མཐུན་པའི་དད་སེམས་ཀྱིས་ན་གཞོན་སློབ་མར་འབོད་སྐུལ་གཏོང་བ་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ན་གཞོན་སློབ་མར་དྲག་ཆས་སྤྲོས་པ་བཅས་བྱས་ཏེ། ན་གཞོན་སློབ་མ་ཚོར་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལྡན་པར་རོགས་རམ་བྱས་ནས། བློ་སྟོབས་དང་ལ་རྒྱ།  སྤོབས་པ་བཅས་ཆེ་རུ་གཏོང་རོགས་བྱེད་རྒྱུ་དེ་ཡིན།”ཞེས་མཚོ་སྔོན་སློབ་ཆེན་ཞིང་ཕྱུགས་སློབ་གླིང་གི་ཆེད་ལས་ཟུར་ཁྲིད་པ་ཏུང་ཁྲའོ་ཡིས་བློ་བརྟན་འགྱུར་མེད་ངང་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ན་གཞོན་ཚོར་རེ་བ་ཆེན་པོ་བཅོལ་ཡོད་པར་མ་ཟད། དུས་རབས་འདིའི་ན་གཞོན་ཚོར་འབད་བརྩོན་གྱི་ཁ་ཕྱོགས་བསྟན་ཡོད་པས་གསུང་བཤད་ལ་ཉན་ཚར་རྗེས་སྐུལ་མ་ཐེབས་པ་ཞིག་རེད།”ཅེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཅིན་ཐན་ཡུལ་ཚོ་ཅང་ལིག་ཧྲིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཅ་ཧྲོན་ཞིས་ཀྱིས་བཤད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཁ་ཕྱོགས་ལྟར་ཧུར་བརྩོན་ཆེན་པོས་མདུན་སྐྱོད་བྱས་ཏེ། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་འབད་འབུངས་པ་དང་གསར་གཏོད་པ། ལེགས་སྐྱེས་འབུལ་མཁན་བཅས་བྱས་ཏེ་ཏང་དང་གཞི་རིམ་མི་དམངས་མང་ཚོགས་བར་དུ་འབྲེལ་ཟམ་དང་འབྲེལ་ཐག་ཡག་པོ་འཛུགས་པ་དང་། གཞི་རིམ་དུ་རྐང་བཙུགས་ཏེ་ལས་ཀའི་གྲུབ་འབྲས་ལ་མང་ཚོགས་དང་རྩ་འཛུགས་ཀྱི་ཁས་ལེན་ཐོབ་པར་བྱེད་རྒྱུ་ཡིན་ཟེར།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་ཡི་ལས་འཛིན་པ་ཝང་ཞའོ་ཞ་ཡིས་བཤད་རྒྱུར། “ན་གཞོན་ཚོས་ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ་དང་ཏང་གི་དམིགས་ཡུལ་ལག་ལེན་དུ་བསྟར་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་དགོས། ན་གཞོན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་སློབ་སྦྱོང་ལ་དེ་བས་དགའ་ཞེན་དང་ལས་ཀར་སྤྲོ་སེམས་ཀྱིས་ཁེངས་པ། རྒྱུན་ཆད་མེད་པར་ཡར་བརྩོན་བཅས་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་རེ་བ་ཡིད་ལ་བརྟན་པོར་བཅངས་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་གཞོན་ནུ་ལོ་ཆུང་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་རྒྱུར་དེ་བས་ལེགས་པའི་ཞབས་འདེགས་ཞུས་ནས། གཞོན་ནུ་ལོ་ཆུང་རྣམས་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་མཁན་གྱི་རྐང་འཛིན་མི་སྣར་འགྱུར་རྒྱུར་རོགས་རམ་བྱེད་དགོས”ཟེར།

“དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། ཀྲུང་གོ་བའི་བློ་སྟོབས་དང་ལ་རྒྱ།  སྤོབས་པ་བཅས་ཆེ་རུ་བསྐྱེད་དེ་དུས་རབས་ལ་ངོ་གནོང་མི་དགོས་ཤིང་ལང་ཚོ་གཏོང་ཟད་དུ་མི་གཏོང་བ། ཏང་དང་མི་དམངས་ཀྱི་རེ་བ་ནན་མོ་སྟོང་ཟད་དུ་མི་གཏོང་བ་བཅས་བྱེད་དགོས།”

ཟླ7ཚེས1ཉིན་གྱི་སྔ་དྲོ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རོང་པོ་རྒྱལ་ཁབ་རིམ་པའི་བརླན་སའི་སྤྱི་གླིང་དོ་དམ་སྲུང་སྐྱོང་ས་ཚིགས་སུ། ལོ་རབས90པའི་རྗེས་ཀྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་ཚེ་རིང་དོན་འགྲུབ་ཀྱིས་ཚང་མ་དང་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་བལྟས།  ཁོས“ང་ཚོ་དུས་རབས་གསར་པའི་ན་གཞོན་ཞིག་ཡིན་པའི་ངོས་ནས་གསར་བརྗེའི་སྔོན་བྱོན་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྨ་འབྲི་རྫ་གསུམ་མགོ་ཁུངས་སྲུང་སྐྱོང་ལེགས་པོ་བྱས་ནས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོང་གང་ལེགས་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་གནང་བ་སྟེ། སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་ཤེས་བྱར་བརྟེན་ནས་རང་ཉིད་ལ་དྲག་ཆས་སྤྲོས་ན།  གཞི་ནས་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྔར་ལས་སྲུང་སྐྱོང་ཡག་པོ་བྱེད་ཐུབ་ཅེས་པ་ཡིད་ལ་དམ་པོར་འཛིན་རྒྱུ་ཡིན”ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅི་རྡོ་ཐར་གྱིས།“ལོ་བརྒྱའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། ན་གཞོན་གསར་པ་ཁྲི་སྟོང་མང་པོས་དད་མོས་ཀྱི་ཆེད་དུ་དཀའ་སྡུག་གིས་འཚོལ་ཞིབ་དང་འབད་འབུངས་ལྷོད་མེད་བྱས་པར་མ་ཟད། རྩ་ཆེ་བའི་ཚེ་སྲོག་ཀྱང་ཕངས་མེད་དུ་བློས་བཏང་།    རྨ་སྟོད་ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་འགྲེངས་ནས།  ་ང་ཚོ་རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ངེས་པར་དུ་སྔོན་རབས་པ་རྣམས་ཀྱི་ལག་གི་དཔལ་འབར་བླངས་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། དུས་རབས་ལ་ངོ་གནོང་མི་དགོས་ཤིང་ལང་ཚོ་གཏོང་ཟད་དུ་མི་གཏོང་བ།  ཏང་དང་མི་དམངས་བཅས་ཀྱི་རེ་བ་ནན་མོ་ཆུད་ཟོས་སུ་མི་གཏོང་བར།  ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པ་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།”ཟེར།

རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མི། མཚོ་སྔོན་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིས་ཧྲུའུ་རེའུ་ཡིས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་བཤད་རྒྱུར། “ངའི་དམ་བཅའ་ནི། ཏང་ལ་བློ་དཀར་གྱིས་མི་དམངས་ཀྱི་རེ་བ་གཏོང་ཟད་དུ་མི་གཏོང་། མ་འོངས་པ་ནི་ན་གཞོན་རྣམས་ལ་དབང་བ་དང་རེ་བ་ན་གཞོན་རྣམས་ལ་བཅོལ་དགོས། ང་ཚོས་རྒྱ་ཆེའི་ན་གཞོན་རྣམས་ལ་ཀྲུང་ཧྭ་མི་རིགས་བསྐྱར་དར་འབྱུང་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་བར་སློབ་གསོ་དང་སྣེ་ཁྲིད་བྱེད་པ་དང་།  ཁོ་ཚོར་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་གྱི་འདུ་ཤེས་ལྡན་པ་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ཏེ་ཤེས་བྱར་བརྟེན་ནས་རང་ཉིད་ལ་དྲག་ཆས་སྤྲོས་སུ་བཅུག་ནས། གུང་ཁྲན་ཏང་ལ་ཡིད་ཆེས་བརྟན་པོ་བྱེད་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་སྟེ། དུས་རབས་ལ་ངོ་གནོང་མི་དགོས་ཤིང་རང་གི་མི་ཚེ་དང་ལང་ཚོ་གཏོང་ཟད་དུ་མི་གཏོང་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་ཚད་ལྡན་ཞིག་བྱེད་དུ་འཇུག་རྒྱུ་དེ་ཡིན། ”ཟེར།

“ལོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་དར་ཆའི་འོག  དུས་རབས་སོ་སོའི་ཀྲུང་གོའི་ན་གཞོན་མང་པོས་ལང་ཚོའི་འབད་འཐབ་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་གི་ནང་དུ་འདྲེས་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གདོང་ལེན་སྟོབས་ཤུགས་སུ་གྱུར་ཡོད།”

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་ཁེ་ལས་ཆུང་གྲས་པ་ལིས་ཞང་ཞན་གྱིས་ཐུན་ཏེ་རྫོང་གི་ལོ་གསུམ་གྱི“དམིགས་བསལ་དབུལ་སྐྱོར”མཁྲེགས་གཏོར་གྱི་འཕོ་འགྱུར་དངོས་སུ་བདེན་དཔང་བྱས། ལིས་ཞང་ཞན་གྱིས“འབད་འཐབ་ནི་སྔར་ནས་བཟུང་སྐད་གསང་མཐོན་པོའི་འབོད་ཚིག་ཙམ་ཞིག་གཏན་ནས་མིན། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། ཕུགས་བསམ་ཆེན་པོས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་སེམས་ཁྲལ་དང་རྒྱལ་གཅེས་དམངས་གཅེས་ཀྱི་བརྩེ་སེམས་བཅངས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་ཀུན་སྤྱོད་ལེགས་པོ་སྦྱོང་བ།འཇོན་ཐང་ངོ་མ་སྦྱོང་བ་བཅས་བྱས་ཏེ་ལས་ལ་བརྩོན་པའི་ལག་ཟུང་དང་གཞུང་དྲང་གི་ངལ་རྩོལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་དགོས”ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས་ང་ལ་མྱོང་ཚོར་ཟབ་མོ་འདུག  སློབ་གསོའི་བྱ་བ་བྱེད་མཁན་ཞིག་ཞིག་ཡིན་པའི་ངོས་ནས་ང་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པར། བླ་སྲོག་གསར་སྐྲུན་དང་མི་སྣ་གསོ་སྐྱོང་བྱེད་པ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོའི་ཁྲིད་སྟོན་བྱས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་འབུངས་མདུན་སྐྱོད་བྱེད་དགོས”ཞེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སློབ་གསོ་ཅུའུ་ཡི་ལས་བྱེད་པ་ཚེ་རིང་དོན་གྲུབ་ཀྱིས་དེ་ལྟར་བཤད།  དགེ་རྒན་གྱི་འགན་འཁྲི་ནི་རྒྱ་ཆེའི་དགེ་སློབ་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། མུ་མཐུད་དུ་འབད་འཐབ་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཆེད་དུ་འགན་འཁྲི་འཁུར་བ་དང་གནད་དོན་ཐག་གཅོད་བྱེད་མཁན་གསོ་སྐྱོང་བྱེད་རྒྱུ་དེ་རེད།

“ལོ་བརྒྱ་ལྷག་གི་རིང་དུ། མི་རབས་སོ་སོའི་ན་གཞོན་རྣམས་ཀྱིས་སྔ་འཛིན་ཕྱི་གཏོད་ཀྱིས་རང་གི་ཡོད་ཚད་ཏང་དང་མི་དམངས་ཀྱི་ཆེད་དུ་ཕུལ་བས་ཁོ་ཚོ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ་འབད་འབུངས་བྱེད་མཁན་དང་གསར་འབྱེད་པ། ལེགས་སྐྱེས་འབུལ་མཁན་བཅས་སུ་གྱུར་ཡོད། ང་ཚོ་ནི་དུས་རབས་གསར་པ་ཞིག་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་ཀྱི་བསྣོལ་མཚམས་སུ་འཕྲད་ཡོད་པས། སྔར་ལས་ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་བློ་ལ་བརྟན་པོར་ངེས་ནས། མར་ཁེ་སི་རིང་ལུགས་ལ་དད་མོས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་འཆང་རྒྱུ་དེ་ཚེ་གང་གི་དོན་གཉེར་ལ་བརྩི་དགོས།”ཞེས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ན་གཞོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཱ་ཞའོ་ཆིན་གྱིས་བཤད། མ་འོངས་པར་བུད་མེད་དང་བྱིས་པར་ཞབས་འདེགས་ཞུ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་བ་དང་རང་འཁྲིའི་ལས་གནས་ཐོག་དོན་གཉེར་དང་འགན་འཁྲི་གཙང་སྒྲུབ་བྱས་ནས་སྒེར་གྱི་ཕུགས་བསམ་དེ་བུད་མེད་དང་བྱིས་པའི་བྱ་གཞག་ནང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་ཡིན་ཟེར།

                                                                                      ཡིག་སྒྱུར་བ། གཡང་འབུམ་རྒྱལ།