བདེ་སྐྱིད་ཀྱི་འཚོ་བ་རིམ་བཞིན་རྗེས་སུ་རོལ་ཆོག
2021.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

 ཟླ་བདུན་པའི་ཟླ་སྟོད་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་ཚྭ་ཁ་སྡེ་བར་ཐོན་དུས། གྲལ་དུ་བསྒྲིགས་པའི་དམངས་ཤག་གསར་བ་རེ་རེའི་མདུན་དུ་ཁྱིམ་ཚང་མགྲོན་ཁང་གི་མིང་བྱང་བཀལ་འདུག་ཅིང་། ཕར་འགྲོ་ཚུར་ཡོང་བྱེད་བཞིན་པའི་རླངས་འཁོར་ཆུང་བ་དག་རྒྱུན་ཆད་མི་འདུག  སྡེ་མི་རྣམས་ཀྱིས་འགྲོ་འོང་བྱེད་བཞིན་པའི་མགྲོན་པོ་རྣམས་སྣེ་ལེན་བྱེད་ཀྱིན་འདུག་པ་དང་།  དམངས་སྲོལ་རིག་གནས་ཀྱི་མཁའ་དབུགས་སྟུག་པོ་ལྡན་པའི་སྲང་ལམ་དེ་དག་ཏུ་དམངས་ཁྲོད་ཀྱི་དབྱངས་རྟ་སྙན་མོ་སྣ་ཚོགས་ཤིག་རྣ་ལམ་དུ་རྒྱུ་ཡོང་གི་འདུག   སྡེ་བ་དེ་ནི་སྔོན་ཆད་ཤིན་ཏུ་དབུལ་བའི་སྡེ་བ་ཞིག་ཡིན། ད་ལྟ་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་སྡེ་བ་དེའི་ཕྱི་ནང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བུའུ་ཡོན་ཆང་གི་རྗེས་དེད་ནས་ཚྭ་ཁ་སྡེ་བའི་རྒྱ་ཆེ་ཞིང་དག་གཙང་གི་སྡེ་བའི་ལམ་དེ་བརྒྱུད་ནས་འགྲོ་དུས། ལམ་འགྲམ་དུ་གོ་རིམ་ལྡན་པར་ལས་འདུག་པའི་ཁྱིམ་ཚང་མགྲོན་ཁང་དེ་དག་ནི་ད་ལྟ་སྡེ་མི་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ལམ་གལ་ཆེན་ཞིག་ཏུ་གྱུར་འདུག

མིག་སྔར་ཡང་བསྐྱར་ཚྭ་ཁའི་ཚྭ་མཚོའི་གནས་སྐོར་དུས་ཚིགས་ལེགས་ཤོས་སུ་སླེབས་འདུག་ཅིང་། ཁྱིམ་ཚང་སྡེ་བའི་ཤར་ཕྱོགས་ཀྱི་སྣེ་མོ་ན་ཡོད་པའི་བུན་ཧྲའོ་པེན་ཚང་གི་ཁྱིམ་དུ་བུན་ཧྲའོ་པེན་གྱིས་ལག་ཁྱེར་ཁ་པར་གྱི་སྟེང་ནས་མགྲོན་པོ་སྣེ་ལེན་བྱེད་པའི་འགྲོ་ལུགས་སྣ་ཚོགས་ཤིག་སྒྲུབ་ཀྱི་འདུག   བུན་ཧྲའོ་པེན་དགའ་སྤྲོ་དང་བཅས་བཤད་རྒྱུར། ཐེངས་སྔོན་མར་སྡེ་བའི་གསོ་སྦྱོང་ལ་ཞུགས་ནས་སློབ་སྦྱོང་བྱས་རྗེས་སུ་ངས་དྲ་སྟེང་ནས་ཁྱབ་གདལ་དུ་གཏོང་བཞིན་ཡོད། ཁྱོད་ཚོས་ལྟོས་དང་། ད་ལྟ་ཉིན་རྒྱུན་དུ་ཁ་པར་གྱི་སྟེང་ནས་ཐོ་འགོད་བྱེད་མཁན་མང་པོ་འདུག་ཟེར།

བུན་ཧྲའོ་པེན་ཚང་གི་ར་སྐོར་དུ་འཛུལ་ཚེ། འགྲམ་གཉིས་སུ་སོ་སོར་ཉལ་ཁང་གཅིག་དང་འགྲུལ་ཁང་གཅིག་ཡོད་པའི་ཁང་པ་སྦུག་མ་གཅིག་དང་ཚད་ལྡན་གྱི་ཁང་པ་གཉིས་ཡོད་པ་དང་། བུན་ཧྲའོ་པེན་གྱིས་བཤད་རྒྱུར། དུས་རྒྱུན་དུ་ཚད་ལྡན་གྱི་ཁང་པ་གཅིག་གི་རིན་གོང་ནི་སྒོར་མོ་བདུན་ཅུ་ཡིན་པ་དང་ཁང་པ་སྦུག་མའི་རིན་གོང་ནི་སྒོར་མོ་སུམ་བརྒྱ་ཡིན། གལ་སྲིད་མི་མང་དུས་ལྡབ་གཅིག་གིས་འཕར་སྲིད་ཟེར།

བུའུ་ཡོན་ཆང་གིས་ངོ་སྤྲོད་བྱེད་རྒྱུར། ང་ཚོའི་སྡེ་བ་ད་ལྟའི་འཕེལ་རྒྱས་ཀྱི་ཚད་འདི་འདྲ་ཞིག་ཏུ་སླེབས་ཐུབ་པ་ནི་བུན་ཧྲའོ་པེན་སོགས་ཏང་ཡོན་སྣེ་ཁྲིད་པ་འགའ་ཡི་བྱས་རྗེས་དང་ཁ་འབྲལ་ཐབས་མེད། སྔོན་ཆད་སྡེ་མི་རྣམས་སྡེ་གསར་དུ་གནས་སྤར་རྗེས་སུ། ཡུལ་ཚོ་དང་གྲོང་རྡལ་ཏང་ཨུ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་པས་ཚང་མས་ཚྭ་ཁའི་ཚྭ་མཚོའི་གནས་སྐོར་གྱི་ཁྱད་སྟོབས་ལ་བརྟེན་ནས་གནས་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་བཏང་། ཡིན་ནའང་ཁྱིམ་ཚང་མགྲོན་ཁང་ལ་མ་དངུལ་མང་པོ་འཇོག་དགོས་པ་དང་དེའི་ཁར་དེའི་གནས་བབ་དང་འཕེལ་ཕྱོགས་ལའང་རྒྱུས་མངའ་མེད་པས་ཁོ་ཚོ་དེ་ལྟར་དུ་རང་དགར་མི་འདུག་ཐབས་མེད་བྱུང་།

སྔོན་ཆད་སྒེར་གྱིས་ཚོང་ལས་གཉེར་ནས་རླངས་འཁོར་ཞིག་གསོ་བྱེད་ས་ཕྱེས་མྱོང་བའི་བུན་ཧྲའོ་པེན་ལ་མཚོན་ན། བུའུ་ཡོན་ཆང་གིས་ཐོག་མར་ཁོ་ལ་ཁྱིམ་ཚང་གི་མགྲོན་ཁང་གཉེར་རྒྱུའི་སྐོར་གླེང་སྐབས། ཁོས་དེ་མ་ཐག་དོན་དག་དེ་སྒྲུབ་པར་ཡིད་འཐད་པའི་རྣམ་འགྱུར་བསྟན། བུན་ཧྲའོ་པེན་གྱིས་ཉིས་སྟོང་བཅུ་དྲུག་ལོར་ཁྱིམ་ཚང་མགྲོན་ཁང་ཕྱེས་པ་དང་ལོ་དང་པོར་སྒོར་མོ་འབུམ་གཅིག་ལ་ཉེ་བ་ཙམ་གྱི་ཡོང་སྒོ་ཡོད་པར་གྱུར། དེ་དང་བསྟུན་ནས་སྡེ་མི་གཞན་རྣམས་ལའང་རང་ཁྱིམ་གྱི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ་པར་ཡིད་ཆེས་བྱུང་། ཏང་ཡོན་རྣམས་ཀྱིས་བྱ་བ་ཅི་ཞིག་སྒྲུབ་ཀྱང་གདོང་མཆོང་གི་ནུས་པ་ཐོན་བཞིན་ཡོད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པ་རྣམས་ཀྱིས་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ཀྱི་འཚོ་བ་བརྩོན་ལེན་བྱེད་པའི་རྣམ་པ་དེ་མཐོང་སྐབས་བུན་ཧྲའོ་པེན་གྱིས་སེམས་ཐག་རྦད་ཆོད་ཀྱི་སྒོ་ནས། སྔོན་ཆད་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པ་རྣམས་ཀྱིས་ཚང་མའི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་རེད། ད་ལྟ་ཁོ་ཚོས་ཇི་ལྟར་བྱས་ནས་ང་ཚོས་སྒོར་མོ་མང་པོ་བཙལ་ཐུབ་པའི་སྐོར་ལ་བསམ་བློ་གཏོང་བཞིན་ཡོད་པས་བདེ་སྐྱིད་འཚོ་བ་རྗེས་ནས་རིམ་བཞིན་རོལ་ཆོག་ཟེར།

བུན་ཧྲའོ་པེན་གྱིས་བཤད་པའི་སྡེ་བའི་ལས་བྱེད་པ་རྣམས་ཀྱིས་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཟེར་བ་ནི། སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་སྡེ་མི་རྣམས་སྐུལ་སློང་བྱས་ཏེ་མགྲོན་ཁང་ནང་གི་སྒྲིག་གཞི་སྣ་ཚོགས་བཅོས་སྒྱུར་བྱེད་པ་དང་། སྡེ་མིའི་དམངས་ཤག་དཔལ་འབྱོར་དོ་དམ་གསོ་སྦྱོང་བྱ་བ་རྩ་འཛུགས་དང་སློབ་སྦྱོང་། ཟབ་ཞུགས་བཅས་བྱས་ནས་ཁྱིམ་ཚང་མགྲོན་ཁང་གཙོ་བོ་ཡིན་པའི་དམང་ཤག་དཔལ་འབྱོར་གྱི་འཆར་འགོད་སྣ་ཚོགས་འཚོལ་སྙེག་དང་འཕེལ་རྒྱས་སུ་བཏང་བ་དེར་ཟེར།

ང་ཚོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས་ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་ཞིང་། དབུལ་ཕོངས་ཀྱི་རྣམ་པ་དེ་ལོ་རྒྱུས་རང་བཞིན་གྱིས་ཐག་གཅོད་བྱས་ཏེ། ད་ལྟ་བློ་སྟོབས་ཆེར་བསྐྱེད་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་གྱི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལ་སྤོབས་པ་བསྩལ་ཞིང་ང་ཚོས་མུ་མཐུད་དུ་འབད་བརྩོན་བྱེད་པར་སྐུལ་མ་བཏང་། སྡེ་བའི་ནང་གི་གྲངས་མང་པའི་ཁྱིམ་ཚང་མགྲོན་ཁང་དེ་དག་གིས་སྔོན་ཆད་ཐོན་ལས་འཕེལ་རྒྱས་རྗེས་ལུས་ཡིན་པའི་སྡེ་བ་དེ་ལ་ད་ལྟ་གསོན་ཤུགས་ཀྱིས་ཁེངས་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དབུ་བརྙེས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་བུའུ་ཡོན་ཆང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་པ་རྣམས་ལ་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་སྟེང་དུ་ཇི་ལྟར་བྱས་ནས་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱེད་པར་ཡིད་ཆེས་ཀྱིས་ཁེངས་འདུག

ད་ལྟ་ང་ཚོས་ཚྭ་ཁ་སྡེ་བའི་དམངས་ཤག་དཔལ་འབྱོར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་ནས་ཚང་མའི་འཚོ་བ་དེ་སྔར་ལས་བདེ་སྐྱིད་ལྡན་པར་འཆར་གཞི་འཐེན་གྱི་ཡོད་ཅེས་བུའུ་ཡོན་ཆང་གིས་བཤད།

ད་ལྟ་ཚྭ་ཁ་སྡེ་བའི་ཁྱིམ་ཚང་རེ་རེ་ཡིས་ཞིང་སྡེ་གནས་སྐོར་དང་འབྲེལ་བའི་ཐོན་ལས་གཉེར་གྱི་ཡོད་པར་མ་ཟད། ཁོ་ཚོར་དམངས་ཤག་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་གསར་བ་དེ་ཡོད་པས། ཚང་མ་བདེ་སྐྱིད་འཚོ་བའི་ཕྱོགས་སུ་བསྐྱོད་པར་སྔར་ལས་ཡིད་ཆེས་ཀྱིས་ཁེངས་འདུག  ཁོ་ཚོའི་ཁྲོད་དུ་གནས་སྐོར་མཛེས་ལྗོངས་ས་ཁུལ་དུ་ཞོར་ལས་གཉེར་མཁན་ཡོད་པར་མ་ཟད་ད་དུང་སྐྱེལ་འདྲེན་རླངས་འཁོར་ཆུང་བ་ཉོས་ནས་སྒོར་མོ་འཚོལ་མཁན་ཡང་ཡོད་པ་རེད།

ད་ལྟ་སྡེ་བའི་ལམ་རྒྱ་ཆེ་ལ་གྲལ་དག་པར་མ་ཟད་འཕྲོད་བསྟེན་ཁང་དང་བྱིས་སྐྱོང་ཁང་། རིག་གནས་བྱ་འགུལ་ལྟེ་གནས་སོགས་རྨང་གཞིའི་སྒྲིག་ཆས་ཡོངས་སུ་ཆ་ཚང་བ་རེད།

དེང་སྐབས་ང་ཚོ་ཚྭཁ་སྡེ་བའི་ཞིང་སྡེ་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་ཐོག་མའི་གཞི་ཁྱོན་ཆགས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དབུ་བརྙེས་ནས་ལོ་བརྒྱ་ལོན་པའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། སྡེ་མི་རྣམས་ཀྱིས་ཆེས་སེམས་ཁུར་བྱེད་བཞིན་པའི་ཁྱིམ་ཚང་མགྲོན་ཁང་ནས་མགོ་བརྩམས་ཏེ། ཚྭ་ཁའི་ཁྱད་ཆོས་ལྡན་པའི་དམངས་ཤག་གི་ཟོང་རྟགས་བསྐྲུན་པ་དང་། སྔར་ལས་མང་པའི་སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་འབད་བརྩོན་ཆེན་པོས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ནས། མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱེད་པའི་ཆེད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བུའུ་ཡོན་ཆང་གིས་བཤད།

                                                   ཡིག་སྒྱུར་བ། གཡང་འབུམ་རྒྱལ།