འབྱོར་འབྲིང་སྤྱི་ཚོགས་ཡོངས་ཁྱབ་ཏུ་མངོན་འགྱུར་བྱུང་།
ཟླ7པའི་ཚེས18ཉིན། མཚོ་ནུབ་ཁུལ་ཏུའུ་ལན་རྫོང་ཏང་ཨུས་སྐབས་བཅུ་དྲུག་པའི་འཐུས་མིའི་ཚོགས་ཆེན་བསྡུས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བའི་ཆེས་གལ་ཆེའི་དུས་སྐབས་དང་། “བརྒྱ་ལོ་གཉིས”ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་དུས་མཚམས་སུ་བསྡུས་པའི་སྔ་རྗེས་ཕྱི་མཐུད་ཀྱི་ཚོགས་ཆེན་གལ་ཆེན་ཞིག་རེད།
ལོ་ལྔའི་རིང་། ཏུའུ་ལན་རྫོང་གིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དེ་ལས་འགན་གཙོ་བོར་བཟུང་ཞིང་། རང་འགུལ་བབ་བསྟུན་སྒོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་ཁོང་དུ་ཆུད་པར་བྱས་ནས་དཔལ་འབྱོར་བརྟན་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་གནས་བབ་སྲུང་འཛིན་ལེགས་པོ་བྱས་པས། རྫོང་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཞེ་བཞི་དང་བྱེ་བ་གསུམ་ས་ཡ་བདུན་ལ་སླེབས་པ་དང་། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་དུས་མཇུག་གི་ལྡབ1.48འཕར་ཡོད། ལོ་རེའི་ཆ་སྙོམས་འཕར་ཚད7.6%དེ་ཞིང་ཆེན་ཡོངས་དང་མཚོ་ནུབ་ཁུལ་ཡོངས་ཀྱི་ཆུ་ཚད་ལས་མཐོ་ཞིང་། བརྟན་འཇགས་ཐོན་སྐྱེད་མ་དངུལ་གཏོང་ཚད་ཀྱི་ལོ་རེའི་ས་སྙོམས་འཕར་ཚད25%ལ་སླེབས་པ་དང་། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཕྱིར་འཚོང་གི་སྤྱིའི་སྡོམ་གྲངས་སྒོར་དུང་ཕྱུར་ལྔ་ས་ཡ་དྲུག་ལ་སླེབས་ཏེ། ལོ་རེའི་འཕར་ཚད5.3%ཟིན་ཡོད། རྫོང་ཡོངས་ཀྱི་སྤྱིར་བཏང་ནོར་སྲིད་སྔོན་རྩིས་ཡོང་འབབ་ཀྱི་སྤྱིའི་སྡོམ་གྲངས་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་ས་ཡ་ལྔ་ལ་སླེབས་ཏེ། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་དུས་སྐབས་ལས10.43%འཕར་ཡོད། སྤྱིར་བཏང་གི་ནོར་སྲིད་སྔོན་རྩིས་སྒོར་དུང་ཕྱུར་དོན་བརྒྱད་དང་བྱེ་བ་བཞི་ས་ཡ་བདུན་ཡོངས་འགྲུབ་བྱས་ཤིང་། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་དུས་སྐབས་ཀྱི27.86%འཕར་ཡོད། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གསུམ་སྟོང་ལྔ་དང་། ལོ་རེའི་ཆ་སྙོམས་འཕར་ཚད7.9%ལ་སླེབས་ཤིང་། རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་བཞི་ལྔ་བརྒྱ་དང་ལོ་རེའི་ཆ་སྙོམས་ཡོངས་འབབ་ཀྱི་འཕར་ཚད8.8%ལ་སླེབས་ཡོད།
ཏང་འཛུགས་དབུལ་ཐར་མཁྲེགས་གཏོར་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དབུལ་སྐྱོར་ཐད་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་བཅོ་བརྒྱད་དང་བྱེ་བ་གསུམ་བཏང་ཞིང་། ཁྱོན་ཡོངས་ནས་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་རིམ་སྤར་མཐོར་འདེགས་ལ་སྐུལ་འདེད་བཏང་བ་དང་། ལོ་གསུམ་གྱི་ཡར་སྔོན་དུ་ཆུས་གསུམ་དང་ས་ཁུལ་གསུམ་རྫོང་ཡོངས་ནས་དབུལ་ཕོངས་ལས་ཐར་བ་དང་ཁུལ་ཡོངས་ཀྱི་དབུལ་ཐར་ཞྭ་མོ་ཕུད་མཁན་ཐོག་མ་རུ་གྱུར། ཁྱབ་ཁོངས་རང་བཞིན་གྱི་དབུལ་ཕོངས་གནད་དོན་ལ་ཡང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་འབུར་ཐོན་བྱས་རྗེས་གཟེངས་རྟགས་ཀྱང་ཐོབ་ཡོད།
ཐོན་ལས་འཛུགས་སྐྲུན་གྱི་འཕེལ་རྒྱས་ལ་ཐོད་བརྒལ་བྱུང་།
ཏུའུ་ལན་རྫོང་གིས་མུ་མཐུད་དུ་ཐོན་ལས་རིམ་སྤར་ལ་སྐུལ་འདེད་དང་། ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་པས། ཞིང་ཆེན་ཡོངས་ནས་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། ཞིང་ཆེན་རིམ་པའི་གྲོ་ནས་དེང་རབས་ཞིང་ལས་ཐོན་ལས་གླིང་། ལྷད་མེད་སྐྱེ་ལྡན་འཕང་འབྲས། གྲོ་གཙོ་བོ་ཡིན་པའི་ཞིང་ཕྱུགས་ལས་རིགས་ཀྱི་མ་ལག་རྩ་བའི་ཆ་ནས་ཡོངས་འགྲུབ་བྱུང་། སྔ་གཞུག་ཏུ་རྒྱལ་ཡོངས་མཐོ་སྒང་ས་ཁུལ་གྱི་འཕང་འབྲས་འདེབས་འཛུགས་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་དཔེ་སྟོན་ས་ཁུལ་དང་རྒྱལ་ཁབ་ཀྱི་ཞིང་ལས་སྤུས་ལེགས་གཏན་འབེབས་ངོས་འཛིན་དཔེ་སྟོན་ས་ཁུལ་གྱི་གཟི་བརྗིད་མཚན་སྙན་ཐོབ། ཤིང་སྡེ་གྲོང་རྡལ་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་དུ་འཛུགས་སྐྲུན་བྱེད་པའི་མིང་ཐོའི་ཁྲོད་བདེ་བླག་ངང་ཚུད་པ་དང་། ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཆེན་པོ་བཞིའི་སྟོབས་ལྡན་གྲོང་རྡལ་གྱི་གྲས་སུའང་ཚུད་ཡོད། མུ་མཐུད་དུ་བོད་ལུག་གསོ་སྤེལ་བྱ་བའི་ཕན་འབྲས་འཚོལ་ཞིབ་བྱས་ཤིང་། ཚྭ་འདམ་གཞོང་གི་བ་གླང་རྒྱུད་སྤེལ་སོགས་ཁྱད་ལྡན་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་དང་སྐྱེ་ཁམས་ཕྱུགས་ལས་དེ་སྒྲིག་སྲོལ་ཅན་ཏུ་བསྒྱུར་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱུང་ཡོད།
རྒྱལ་ཁབ་རིམ་པའི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་གཡུལ་ས་དང་ལྕགས་རིགས་ཐོན་ལས་གླིང་གསར་སྐྲུན་བྱས་ཏེ་གཏེར་ཁུངས་ཐོན་ལས་ཀྱི་ཐོན་ཁུངས་རྩད་ཞིབ་ལས་དོན་ལ་སྐུལ་འདེད་བཏང་ཞིང་། བཟོ་ལས་ལ་སྣེ་ཁྲིད་བྱས་ཏེ་དཔལ་འབྱོར་ནུས་ཤུགས་མུ་མཐུད་དུ་མཐོར་འདེགས་སུ་བཏང་། མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་རིམ་པའི་གནའ་བོའི་བང་སོའི་གནའ་རྫས་བརྟག་དཔྱད་ཞིབ་འཇུག་རྟེན་གཞི་ཡང་ཏུའུ་ལན་རྫོང་དུ་བཙུགས་ཡོད། 2018ལོའི་ཤེའུ་བང་སོ་དང་པོ་དེ2020ལོའི་ཀྲུང་གོའི་ཚན་རྩལ་གླིང་གི་གནའ་རྫས་རྟོག་ཞིབ་གསར་རྙེད་དང་རྒྱལ་ཁབ་རིག་དངོས་ཅུའུ་གྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཁྲོད་དུ་བདམས་ཐོན་བྱུང་ལ། ཤེས་རིག་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཤེས་རིག་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་། ཤར་རྒྱུད་དུ་ལྕགས་རིགས་མང་བ་དང་དབུས་རྒྱུད་དུ་གསེར་དང་གྲོ། ནུབ་རྒྱུད་དུ་འཕང་འབྲས། ནུས་ཁུངས་གསར་པའི་ཁྱད་ལྡན་ཐོན་ལས་ཀྱི་ཚོགས་སྤྱིའི་ཐོག་མའི་གཞི་ཁྱོན་དང་འཕེལ་རྒྱས་མཐོ་བའི་གནས་བབ་དེ་ཐོག་མར་མངོན་འགྱུར་བྱུང་ཡོད།
ཀུན་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་པའི་འགྲིམ་འགྲུལ་དང་ཆུ་བེད། གློག་ཤུགས་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞི་མང་པོ་ལག་བསྟར་བྱས་པས། མཁར་གྲོང་གི་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་བྱུང་བ་དང་། རྨང་གཞིའི་སྒྲིག་ཆས་ཡང་ཉིན་རེ་ལས་ཉིན་རེར་འཐུས་ཚང་དུ་གྱུར་ཡོད། འགྲིམ་འགྲུལ་ལས་དོན་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་པ་དང་། ཚྭ་ཁ་ནས་ན་གོར་མོ་དང་། གཏེར་ལེན་ཁ་ནས་ཤིང་སྡེ། ཤིང་སྡེ་ནས་མཛོ་རྒན་ར་བ་བཅས་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཅིན་བོད་གཞུང་ལམ། གཏེར་ལེན་ཁ་ནས་ཏུའུ་ལན་བར་གྱི་གཞུང་ལམ་བཅས་གཙོ་བོ་ཡིན་པའི་གྲོང་གསེབ་གཞུང་ལམ་དང་ཆེད་སྤྱོད་ལམ་ཐིག་གི་འགྲིམ་འགྲུལ་དྲ་བ་གྲུབ་ལ། རྫོང་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ4254ཡོད་པས། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་མཇུག་ཏུ་ལྡབ4འཕར་ཡོད། སྲིད་འཛིན་སྡེ་བའི་གཞུང་ལམ་དང་འགྲུལ་སྐྱེལ་རླངས་འཁོར་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་མངོན་འགྱུར་བྱུང་ཡོད།
ཆུ་བེད་ལས་དོན་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་བཏང་ནས་བ་ཡན་ཆུ་མཛོད་ཀྱི་ཆུ་བསྐྱིལ་གསོག་ལ་ཤུགས་སྣོན་བྱས། མ་དངུལ་སྒོར་དུང་ཕྱུར་དྲུག་བཏང་སྟེ་ནོ་མུའུ་ཧོང་ཆུ་མཛོད་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། རོང་འབྲོག་ས་ཁུལ་གྱི་མི་ཕྱུགས་ཀྱི་བཏུང་ཆུ་དང་ཆུ་འདྲེན་སྒྲིག་ཆས། ཡུར་ལམ་བཅོས་སྐྱོང་སོགས་བཟོ་སྐྲུན་སྐོར་ཞིག་བདེ་བླག་ངང་ལག་བསྟར་བྱས་བ་དང་། ཆུ་འདྲེན་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དང་རོང་འབྲོག་ས་ཁུལ་གྱི་རང་འབབ་ཆུའི་ ཁེབས་ཚད་མངོན་གསལ་གྱིས་མཐོར་འདེགས་སུ་བཏང་ཡོད། གློག་ཤུགས་འགན་སྲུང་གི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་བ་དང་། ཞིང་ལས་དྲ་རྒྱའི་བཅོས་སྒྱུར་རིམ་སྤར་ལས་གཞི་ལག་བསྟར་བྱས་ཏེ་སྲིད་འཛིན་སྡེ་བ་ཡོད་ཚད་ལ་གློག་ཡོད་པ་མངོན་འགྱུར་བྱས། མཁར་གྲོང་གི་རྣམ་པར་ཉིན་རེ་ལས་ཉིན་རེར་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། མཐོ་སྒང་གི་མཛེས་སྡུག་མཁར་གྲོང་སྐོར་ཞིག་དང་མཐོ་སྒང་གི་མཛེས་སྡུག་གྲོང་གསེབ་གྱི་ལས་གཞི་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ཏེ། རྫོང་མཁར་དང་ཁྱད་ལྡན་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོར་འདེགས་བྱུང་ཞིང་གྲོང་རྡལ་རིམ་པའི་སྒྲིག་གཞི་ཡང་ལུགས་མཐུན་ཅན་ཏུ་གྱུར་ཡོད།
དམངས་ཚིས་མུ་མཐུད་དུ་ལེགས་བཅོས་བྱུང་།
ལོ་ལྔའི་རིང་། ཏུའུ་ལན་རྫོང་གིས་མུ་མཐུད་དུ་དམངས་ཚིས་མ་དངུལ་གཏོང་ཚད་ཀྱི་ཚད་གཞི་ཇེ་མཐོར་བཏང་ལ། དམངས་ཚིས་འགྲོ་གྲོན་གྱི་བསྡུར་ཚད་དེ་ནོར་སྲིད་སྤྱིའི་གཏོང་ཚད་ཀྱི75%ཡན་ཟིན་ཡོད། ལས་ཞུགས་གནས་བབ་མུ་མཐུད་དུ་ཇེ་བཟང་དུ་སོང་བ་དང་རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་ཞུགས་མི་གྲངས་ལོ་རེ་བཞིན་འཕར་སྣོན་བྱུང་སྟེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་རིམ་སྒྱུར་ལས་ཞུགས་མི་གྲངས་འབུམ་གཅིག་ཁྲི་བདུན་སྟོང་གཉིས་ལ་སླེབས་ཡོད། སློབ་གསོའི་ཁྱབ་ཁོངས་སུ་ཁྱོན་བསྡོམས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་བདུན་བྱེ་བ་དྲུག་ལ་སླེབས་ཏེ། སློབ་གསོའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་བ་དང་། སློབ་སྒྲུབ་ཆ་རྐྱེན་ཡང་ཚད་མཐོན་པོའི་སྒོ་ནས་ལེགས་བཅོས་བྱུང་ཡོད། སྔ་ཕྱིར་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་གཞི་རྩའི་ཆ་སྙོམས་འཕེལ་རྒྱས་ཀྱི་ཞིབ་བཤེར་བྱས་པ་བརྒྱུད། རྒྱལ་ཁབ་རིམ་པའི་དཔྱད་འཇོག་ཞིབ་བཤེར་གྱིས་ལྟེ་བའི་སློབ་གསོའི་དམིགས་ཚད་ཆེན་པོ་མཐོར་འདེགས་སུ་བཏང་ཡོད།
སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་ཇེ་ལེགས་སུ་བཏང་སྟེ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་དུས་མཇུག་ཏུ། མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་འགན་སྲུང་སྲིད་ཇུས་ཀྱི་ཁ་གསབ་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་འཕར་ཚད་དེ25%ལ་སླེབས་པ་དང་། སྨན་བཅོས་འགན་སྲུང་ཆུ་ཚད་ཚད་ཇེ་མཐོར་བཏང་སྟེ་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་མངོན་གསལ་སྒོས་ཇེ་མཐོར་ཕྱིན་ཡོད། ཁྱོན་ཡོངས་ནས་གཞི་རྩའི་སྨན་བཅོས་འགན་སྲུང་གི་སྲིད་ཇུས་དངོས་འབེབས་བྱས་ཤིང་། མཁར་གྲོང་ལས་བཟོ་པ་འགན་སྲུང་ཉེན་ཚབ་ཁྲོད་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་བུད་ཡོད། ཁྱིམ་ཐོའི་མི་གྲངས་ཀྱི་འགན་སྲུང་ཉེན་ཚབ་ཁྲོད་ཞུགས་ཚད་དང་སྨན་བཅོས་རོགས་སྒྲུབ་ཀྱི་ཁྱབ་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྒོ་སྤེལ་ནས། རིམས་ནད་གནས་ཚུལ་མེད་པ་མངོན་འགྱུར་བྱུང་ཡོད།
མཁར་གྲོང་གི་མ་མཐའི་འགན་སྲུང་ལམ་ལུགས་སྒྲིག་སྲོལ་ཅན་དུ་བཏང་སྟེ་མཁར་གྲོང་གི་མ་མཐའི་འགན་སྲུང་གི་ཚད་གཞི་ལོ་རེ་བཞིན་མཐོར་འདེགས་སུ་བཏང་། རྫོང་རིག་རྩལ་ལྟེ་གནས་དང་མི་རིགས་ལུས་རྩལ་ཐང་ཆེན་སོགས་རིག་གནས་ཀྱི་སྒྲིག་ཆས་སྐོར་ཞིག་བཙུགས་པ་དང་། ཁྱོན་ཡོངས་ནས་མཁར་གྲོང་སྡོད་ཁུལ་གྱི་བཅོས་སྒྱུར་དང་གྲོང་གསེབ་ཀྱི་ཁང་རྙིང་བསྒྱུར་བཀོད་ལེགས་འགྲུབ་བྱུང་ནས། རྒྱ་ཆེའི་མང་ཚོགས་ཀྱི་སྡོད་ཁང་ཉེན་ཁའི་ཐད་ལ་འགན་སྲུང་བྱས་པ་དང་། སྡོད་ཁུལ་གྱི་རྒན་གསོའི་ཞབས་ཞུ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་ཡོད། བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ལྟ་སྐུལ་ཚད་ལེན་དམིགས་འབེན་གྱི་སྤྱིའི་ཚད་གཞི83.67%ལ་སླེབས་པ་དང་དབང་པོ་སྐྱོན་ཅན་དང་། རྒན་པའི་ལས་དོན་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་། གནམ་གཤིས་དང་མེ་ཟོན། གནོད་སེལ་སོགས་ཀྱི་བྱ་བ་ཡང་ཏན་ཏིག་གིས་སྒྲུབ་པར་སྐུལ་འདེད་བཏང་།
རི་མཐོ་ཆུ་གཙང་དུས་གཏན་དུ་སྲུང་འཛིན་བྱས།
ལོ་འདི་དག་གི་རིང་ལ། ཏུའུ་ལན་རྫོང་གིས་བཅོས་སྒྱུར་གྱི་དཀའ་གནད་སེལ་བ་དང་གསོན་ཤུགས་འཕེལ་བ། བརྟན་འཇགས་སྐུལ་འདེད་ཀྱི་ལས་འགན་སྣ་ཚོགས221རྒྱུན་ འཁྱོངས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་གནད་འགག་གོ་རིམ་གྱི་བཅོས་སྒྱུར་རིམ་སྤེལ་དེ་མངོན་གསལ་ཅན་ཏུ་བཏང་། གཤམ་སྤྲོད་དོ་དམ་ཞབས་ཞུའི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་གི་ལེགས་ཆ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་པ་དང་། ཁ་གཏད་རོགས་སྐྱོར་གྱི་སྒྲིག་སྲོལ་འཐུས་ཚང་ཅན་དང་། སྲིད་འཛིན་ཞིབ་བཤེར་ཆོག་མཆན་གྱི་ཞབས་ཞུའི་དོན་ཚན40སྒྲིག་སྲོལ་ཅན་ཏུ་བཏང་སྟེ། ཁེ་དབང་འགན་འཁྲིའི་རྩིས་ཐོ2863གཏན་འབེབས་བྱས་པ་དང་། ཁྱོན་བསྡོམས་དོན་དག་སྣ་ཚོགས་ཁྲི་གཅིག་སྟོང་གཉིས་བདུན་བརྒྱ་ཐག་གཅོད་བྱས་ཏེ། དོན་དག་འགན་སྒྲུབ་གྲངས་ཀ་དང་ཡིད་ཚིམས་པའི་ཚད་གཞི94%ཡན་ལ་སླེབས་ཡོད།
མཁོ་སྤྲོད་སྒྲིག་གཞི་ཅན་གྱི་བཅོས་སྒྱུར་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ཏང་སྲིད་སྒྲིག་སྲོལ་བཅོས་སྒྱུར་དང་གཞུང་དོན་རླངས་འཁོར་བེད་སྤྱོད་ལམ་ལུགས་བཅོས་སྒྱུར། གྲོང་གསེབ་ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་སྒྱུར་སོགས་ཀྱི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་མ་ཟད། རྫོང་སྲིད་གཞུང་གི་སྣེ་ལེན་ཁང་གིས་གཅིག་བསྡུས་ཐོན་དབང་ལམ་ལུགས་བཅོས་སྒྱུར་སོགས་རྒྱལ་གཉེར་ཁེ་ལས་ཀྱི་སྒྲིག་སྲོལ་བཅོས་སྒྱུར་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། ཚན་རྩལ་གསར་སྐྲུན་ནུས་ཤུགས་མུ་མཐུད་དུ་མཐོར་འདེགས་བཏང་བས། གསེར་གཏེར་ཐོན་ཁུངས་གསར་སྤེལ་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལ་ཞིང་ཆེན་རིམ་པའི་ཕུལ་བྱུང་མཚན་སྙན་དང་། སྨན་བཅོས་འཕྲོད་བསྟེན་མ་ལག་བཅོས་སྒྱུར་ལ་ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་དཔེ་སྟོན་རྫོང་། རྒྱལ་ཁབ་རིམ་པའི་དམ་འབྲེལ་རང་བཞིན་གྱི་སྨན་བཅོས་ཐུན་མོང་འཛུགས་སྐྲུན་དཔེ་སྟོན་རྫོང་གི་གཟི་བརྗིད་མཚན་སྙན་ཐོབ་ལ། རྒྱལ་ཁབ་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་གླིང་གི་ས་ཁུལ་གཙོ་བོ་འཛུགས་སྐྲུན་བརྟན་འཇགས་སུ་གཏོང་འགོ་ཚུགས་ཡོད།
སྔོན་ལ་སྐྱེ་ཁམས་སྲུང་སྐྱོབ་དང་ལེགས་བཅོས་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་གཞི་རྒྱུན་འཁྱོངས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་ནས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་ཇུས་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། མཁར་གྲོང་གི་སྐྱེ་ཁམས་ཁོར་ཡུག་ མངོན་གསལ་སྒོས་ལེགས་བཅོས་བྱུང་སྟེ། ཁུལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་དང་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་ས་ཁུལ་གྱི་གཟི་བརྗིད་མཚན་སྙན་བླངས། རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་མུ་མཐུད་དུ་སྤེལ་ཏེ་བྱེ་འགོག་བྱེ་བཅོས་དང་བྱང་གསུམ་ནགས་ཚལ་འགོག་བཅོས། རྩྭ་ཐང་སྲུང་སྐྱོབ་སོགས་ཀྱི་སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་བྱས་པ་དང་། སྡོང་འཛུགས་ནགས་སྐྲུན་བྱས་ཚད55%ལ་སླེབས་ཡོད།
ཞིང་ཕྱུགས་ལས་ས་ཁུལ་གྱི་འཚོ་བའི་ཁོར་ཡུག་ལེགས་བཅོས་དང་། “སྤྱོད་ཁང་གསར་བརྗེའི”ལོ་གསུམ་འགུལ་སྐྱོད་ཁྲོད། ཧུར་ཐག་སྒོས་སྒོ་ཕྱུགས་ཀྱི་ལྕི་བའི་སྦགས་བཙོག་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་བ་དང་། ལྷད་མེད་གཏེར་ཁ་འཛུགས་སྐྲུན་ལ་སྐུལ་འདེད་དང་གཏེར་ཁའི་སྔོག་ཤུལ་གྱི་ས་རྒྱུའི་ཁོར་ཡུག་དང་། ཆུའི་སྐྱེ་ཁམས་ཁོར་ཡུག རང་བྱུང་ཁོར་ཡུག་སྲུང་སྐྱོབ་སོགས་ཆེད་དོན་སླར་གསོའི་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཁོར་སྲུང་ལྟ་སྐུལ་ཞིབ་བཤེར་ལེགས་སྒྲིག་བཅོས་སྐྱོང་ལས་འགན་གོ་རིམ་ལྡན་པའི་ངང་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ནུས་ལྡན་སྒོས་ཐག་གཅོད་བྱས།
རོང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད།
ཏུའུ་ལན་རྫོང་གིས་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་བརྟན་སྲུང་བྱས་ཏེ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་གསོ་སྐྱོང་ལ་ཤུགས་སྣོན་བྱས་པ་དང་། སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ལྡན་གྱི་འགན་སྲུང་མཁོ་འདོན་བྱས། གོ་རིམ་ཅན་དང་ཡོངས་ཁྱབ་ཅན་གྱི་སྤྱི་ཚོགས་བདེ་སྲུང་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་ཞིང་། ཐུན་མོང་གི་བཅོས་སྐྱོང་དང་སྤྱི་ཚོགས་ཀྱི་སྒྲིལ་སྲོལ་བཅོས་སྒྱུར་དེ་རྩ་བའི་ཆ་ནས་གྲུབ་ཡོད། རྫོང་ཡོབས་ཀྱི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་དེང་རབས་ཅན་གྱི་ཚོད་ལྟའི་བྱ་བ་ལག་བསྟར་བྱེད་འགོ་ཚུགས་པ་དང་། བདེ་འཇགས་ཏུའུ་ལན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་གཏིང་ཟབ་དུ་སྤེལ་ནས། ནོ་མོང་ཧོང་གི་འཁོར་སྐྱོད་རང་བཞིན་གྱི་མི་གྲངས་དོ་དམ་ཞབས་ཞུའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།
ཁྲིམས་འགལ་ནག་ཉེས་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་སྟེ་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་བོ་བླངས། ཐོན་སྐྱེད་དང་ཟས་རིགས། སྨན་རྫས། ཆ་འཕྲིན། དྲ་རྒྱ་སོགས་ཀྱི་བདེ་འཇགས་འགན་སྲུང་ལས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། གློ་བུར་རང་བཞིན་གྱི་དོན་རྐྱེན་སྣ་ཚོགས་གནད་འཁེལ་ཐག་གཅོད་བྱས་ཏེ། སྤྱི་ཚོགས་ཀྱི་གནས་བབ་འཆམ་མཐུན་བརྟན་འཇགས་ཡོང་བར་སྐུལ་འདེད་བཏང་། བདུན་ལྔའི་བཅའ་ཁྲིམས་ཁྱབ་རྡལ་བདེ་བླག་ངང་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱི་བཅའ་ཁྲིམས་འདུ་ཤེས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་བ་དང་། ཁྲིམས་ལྟར་རྫོང་བཅོས་སྐྱོང་བྱེད་པའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཡོད།
མུ་མཐུད་དུ་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དག་ཐེར་བྱ་བ་ཏན་ཏིག་གིས་སྤེལ། ཁྲིམས་འཛིན་ལག་བསྟར་གྱི་ཡིད་རྟོན་ནུས་པ་དང་མང་ཚོགས་ཀྱི་འདོད་བློ་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ལོ་གསུམ་འགུལ་སྐྱོད་ལ་གྲུབ་འབྲས་བཟང་བོ་བླངས་ཏེ། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྔོན་ཐོན་ཐུན་མོང་གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།