“སྐོར་བསྐྱོད་ཏང་གི་སློབ་ཁྲིད”ཀྱིས་ཏང་གི་གསུང་སྐད་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ།
2021.07.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། ནམ་མཁའ་དྭངས་ཤིང་། བསིལ་རླུང་འཇམ་པོར་གཡུགས་བཞིན་འདུག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་ཁ་ཤས་བདུད་ཤུལ་སྡེ་བའི་མཛེས་པའི་རྩྭ་ཐང་དུ་སླེབས་པ་དང་། ཁོ་ཚོས་གནས་འདི་ནས་ས་དེའི་མང་ཚོགས་རྣམས་ལ་རྣམ་པ་གསར་རྐྱང་ཡིན་པའི“སྐོར་བསྐྱོད་ཏང་གི་སློབ་ཁྲིད”ཐེངས་ཤིག་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་འབྲོག་པ་མང་ཚོགས་ཀྱི་སེམས་གཏིང་དུ་བརྒྱུད་སྒྲོག་བྱས། ཅང་མ་འགོར་བར། ཏང་ཡོན་ལས་བྱེད་པ་དང་སྡེ་མི་ཁ་ཤས་སྒོར་སྒོར་བྱས་ནས་བཙོག་པ་དང་། ནང་དོན་ལྡན་པའི་ཏང་གི་སློབ་ཁྲིད་ཞིག་མགོ་བརྩམས་བྱུང་།

“ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མུ་མཐུད་དུ་འབད་འཐབ་བྱས་པ་བརྒྱུད། ང་ཚོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཤིང་། ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པས། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་ལ། སྙིང་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་མགོ་བརྩམས། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གཟི་བརྗིད་དང་། ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གཟི་བརྗིད། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གཟི་བརྗིད་ཅིག་རེད།

“སྲིད་ཀྱི་དར་རྒུད་དམངས་ལ་བརྟེན་པ་དང་། དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན་པ་ཡིན། སྲིད་དབང་བརྩོན་ལེན་དང་བརྟན་སྲུང་བྱེད་པ་ནི་མི་དམངས་ཀྱི་སེམས་འདུན་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་གཞི་རྩ་ནི་མི་དམངས་དང་། ཁྲག་རྒྱུན་ཡང་མི་དམངས་ཡིན་ལ། སྟོབས་ཤུགས་ཀྱང་མི་དམངས་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་གྱི་ཚབ་བྱེད་བཞིན་ཡོད་པ་དང་། མི་དམངས་དང་བདེ་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་གནས་བྱེད་བཞིན་ཡོད།

འཕྲང་དམར་གྲོང་རྡལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཆའོ་ཧྲི་ལིན་གྱིས་རྟགས་མང་པོ་བརྒྱབ་ཡོད་པའི་དྲིལ་སྒྲོག་ཡིག་ཆ་ལག་ཏུ་བཟུང་ནས་ཚིག་འབྲུ་རེ་རེ་བཞིན་མང་ཚོགས་ལ་འགྲེལ་བཤད་བརྒྱབ་བྱུང་། སྡེ་མི་རྣམས་ཀྱིས་སེམས་ཞིབ་མོས་ཉན་ནས་མཚམས་ལན་རེར་མགོ་བོ་ནང་དུ་བཀུག་ནས་བདེན་པའི་བརྡ་སྟོན་ལ། མཚམས་ལན་རེར་བསམ་བློ་གཏོང་བཞིན་འདུག

ཆའོ་ཧྲི་ལིན་གྱིས་བཤད་རྒྱུར། སྔོན་ཆད། སྡེ་བའི་ནང་གི་ཏང་ཡོན་ཚོ་གཅིག་ཏུ་བསྡུས་ནས་སློབ་སྦྱོང་བྱེད་རྒྱུ་དེ་ནི་མགོ་ན་བའི་དོན་དག་ཅིག་རེད། འཕྲང་དམར་གྲོང་རྡལ་གྱི་སྡེ་བ་ཉེར་དགུའི་ནང་སྡེ་བ་དགུ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཡིན་པ་དང་། འདིའི་ས་དབྱིབས་ཁྱད་ཆོས་ནི“རི་བོ་ཆེན་པོ་གསུམ་གྱི་བར་དུ་ལུང་བ་གཉིས”ཡོད་པ་དང་། རི་བོ་ཆེན་པོའི་ལུང་བ་ཤིན་ཏུ་ཟབ་པས་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། དེའི་ཁར་འབྲོག་པའི་སྡོད་གནས་ཁ་འཐོར་ཡིན་ལ། ས་ཆ་ལ་ལ་ནས་བརྡ་རྟགས་ཀྱང་མེད་པས། ཚང་མ་གཞོགས་གཅིག་དུ་བསྡུས་ནས་སློབ་སྦྱོང་བྱེད་རྒྱུ་དེ་ནི་ང་ཚོའི་མིག་མདུན་དུ་ལྷགས་པའི་དངོས་ཡོད་ཀྱི་དཀའ་ཁག་ཅིག་ཏུ་གྱུར་ཡོད་པ་རེད་ཟེར།

འབྲོག་ལས་སྡེ་བ་འགའི་ཏང་ཡོན་མང་ཚོགས་ཀྱིས་སྲིད་ཇུས་ལ་ཉན་ཐུབ་པ་དང་། སློབ་གསོ་དང་ལེན་བྱེད་པ། ཏང་གཤིས་མཐོར་འདེགས་བཅས་ཡོང་བ་བྱ་ཆེད། འཕྲང་དམར་གྲོང་རྡལ་གྱིས་རྣམ་པ་གསར་བ་བཀོལ་སྤྱོད་བྱས་པ་དང་། “སྐོར་བསྐྱོད་ཏང་གི་སློབ་ཁྲིད”ལས་མཐའ་མཚམས་འབྲོག་ཁུལ་དུ་ཏང་ནང་གི་རྩྭ་འཛུགས་འཚོ་བའི་ལམ་བུ་གསར་བ་ཞིག་འཚོལ་ཞིབ་བྱས། ད་ལོའི་ཟླ་དྲུག་པ་ནས་བཟུང་། བྱ་བའི་རྩ་འཛུགས་ཀྱིས་དུས་ངེས་མེད་དུ་འབྲོག་ཁུལ་གྱི་གཏན་སྡོད་ས་ཚིགས་དང་། འབྲོག་པའི་དབྱར་ས་སོགས་སུ་བྱེད་སྒོ་སྤེལ་བ་དང་། དེ་ཡིས་འབྲོག་པ་ཏང་ཡོན་རྣམས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས་དུས་ལྟར“ཏང་གི་སྲིད་ཇུས”ཤེས་ཐུབ་པ་བྱུང་ཞེས་ཆའོ་ཧྲི་ལིན་གྱིས་སྐད་ཆ་ལྷུག་པོར་བརྗོད་པ་དང་། “སྐོར་བསྐྱོད་ཏང་གི་སློབ་ཁྲིད”ཀྱི་བྱེད་སྒོ་སྤེལ་བའི་བྱུང་རྐྱེན་གསལ་བཤད་བྱས།

རྩྭ་ཐང་དང་། རླངས་འཁོར་གཅིག ཏང་ཡོན་འགའ་ཤས། དྲིལ་སྒྲོག་རྒྱུ་ཆ་འགའ་ཤས་བཅས་ཀྱིས“སྐོར་བསྐྱོད་ཏང་གི་སློབ་ཁྲིད”ཡི་ཟིལ་ཤུགས་མངོན་པར་བྱས། རྩྭ་ཐང་གི་ཆེས་ཟབ་ས་རུ་འཕྲང་དམར་གྲོང་རྡལ་གྱི་ལས་བྱེད་པ་དང་འབྲོག་པ་ཏང་ཡོན་རྣམས་ཀྱི་དགའ་སྤྲོའི་བརྗེ་རེས་ཀྱི་དགོད་སྒྲས་ཁེངས་འདུག བསམ་བློ་བརྗེ་རེས་བྱེད་པའི་སྐབས་སུ། ཚང་མས “བདུན་གཅིག”གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་བླངས་པའི་ལྟ་ཚུལ་བརྗོད་བྱུང་བ་དང་། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་གསུང་བཤད་ཀྱི་དགོངས་དོན་ཇི་ལྟར་དངོས་འབེབ་བྱ་རྒྱུའི་སྐོར་ཡང་གླེང་བྱུང་།

“ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་ལྟ་བུ་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ད་གཟོད་ཀྲུང་གོར་འགོ་ཁྲིད་བྱེད་ཐུབ”བདུད་ཤུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་སྒྲོལ་མ་རྒྱ་མཚོས་ཚོར་སྣང་ཟབ་མོས་དེ་ལྟར་བཤད།

“ཏང་དང་སྲིད་གཞུང་གི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་སྲིད་ཇུས་ལ་བརྟེན་ནས་བདུད་ཤུལ་སྡེ་བའི་སྡེ་མིའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཁྱིམ་ཚང་དབུལ་བོ་ཁང་པ་གསར་པའི་ནང་སྡོད་ཐུབ་པ་བྱུང་ལ། བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་སྟེ། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པ་བྱུང་། ཁྱེད་ཀྱིས་ལྟོས་དང་། ད་ལྟ་ཀླུའི་རྒྱལ་པོ་རྫིང་བུའི་མཛེས་ལྗོངས་ཁུལ་གྱི་མཁའ་རླུང་དྭངས་གཙང་དང་། ཆུ་སྤུས་ལེགས་པ། ནགས་ཚལ་སྔོ་ཐིང་ཐིང་། མཛེས་ལྗོངས་ལྟ་ན་སྡུག མིག་སྔར་མཛེས་ལྗོངས་ཁུལ་ནང་དུའང་མ་དངུལ་བཏང་ནས་ཤིང་གི་ལམ་དང་། ལྗོངས་གཟིགས་སྟེགས་བུ། ཡུལ་སྐོར་གཞུང་ལམ་སོགས་རྨང་གཞིའི་སྒྲིག་ཆས་ཡང་བསྐྲུན་ཡོད་པ་རེད། རྗེས་ཕྱོགས་ང་ཚོས་ཀླུའི་རྒྱལ་པོ་རྫིང་བུའི་མཛེས་ལྗོངས་ཁུལ་ལ་བརྟེན་ནས་ལྷ་སྡེ་རྩྭ་ཐང་ཆེན་མོར་ཞག་སྡོད་དང་། བཟའ་བཏུང་། དངོས་ཟོག་ཉོ་སྒྲུབ། སྤྲོ་སྐྱིད། རོལ་རྩེད་སོགས་གཞི་གཅིག་ཡིན་པའི་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་རྩིས་ཡོད། ལྷ་སྡེ་སྡེ་བར་རང་ཉིད་ཀྱི་གསོ་སྤེལ་མཉམ་ལས་ཁང་ཡོད་པ་དང་། རང་གིས་གསོས་པའི་ནོར་ལུག་ཕྱིར་བཙོང་ཆོག་ལ། རྩྭ་ཐང་དུ་སྦྲ་གུར་མགྲོན་ཁང་ཕྱེས་ནས་ཡུལ་སྐོར་བར་གླས་ནས་འདུག་དུ་བཅུག་ཆོག རྩྭ་ཐང་གི་རི་སྐྱེས་ཤ་མོ་སོགས་ཡུལ་ཐོན་ཐོན་རྫས་དེ་ཡུལ་སྐོར་བའི་གདམ་ག་དང་པོ་ཡིན་པ་དང་། ཡུལ་སྐོར་བས་ད་དུང་རྩྭ་ཐང་ཆེན་མོ་ནས་རྟར་བཞོན་ནས་རྩྭ་ཐང་གི་འཚོ་བ་དངོས་ཉམས་ཞིབ་བྱེད་ཆོག ཡུལ་སྐོར་ཐོན་ལས་དེ་རིགས་ཀྱིས་ཡུལ་སྐོར་བ་དགའ་སྤྲོའི་ངང་ཡོང་ནས་བློ་ཡིད་ཚིམ་པོའི་སྒོ་ནས་ཕྱིར་བསྐྱོད་བཞིན་ཡོད། དེ་ཡིས་གནས་སྐོར་བས‘ཞིང་སྡེའི་ཡུལ་སྐོར’ལ་ཉམས་ཞིབ་བྱེད་པའི་ཚོར་བ་ཇེ་བཟང་དུ་འགྲོ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་བར་མ་ཟད། ད་དུང་སྡེ་མིའི་ཡོང་སྒོ་འཕར་ནས་འབྱོར་འབྲིང་ལམ་དུ་བགྲོད་ཐུབ་པར་བྱས། མ་འོངས་པའི་འཕེལ་རྒྱས་སྐོར་གླེང་སྐབས། སྒྲོལ་མ་རྒྱ་མཚོ་ཡིད་ཆེས་ཀྱིས་ཁེངས་འདུག

འཕྲང་དམར་གྲོང་རྡལ་གྱི་ཏང་ཨུ་རྩ་འཛུགས་ཨུ་ཡོན་ཧྲི་དབྱིན་ཆོན་གྱིས་བཤད་རྒྱུར། འཕྲང་དམར་གྲོང་རྡལ་གྱིས་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ཞིང་སྡེ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་དམིགས་འབེན་དུ་བྱས་ཏེ། འཕྲང་དམར་གྲོང་རྡལ་གྱི་གནད་འཁེལ་དབུལ་སྐྱོར་གྱི་ཕྱོགས་བསྡུས་ཁྲོམ་ར་ཁྱོན་ཡོངས་ནས་འཁོར་སྐྱོད་བྱས་པར་མ་ཟད་ཕན་འབྲས་ཀྱང་ཐོན། དེ་དང་ཆབས་ཅིག མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཏང་བའི་ལུང་རྒན་ནོར་གནག་ཁྲི་གཅིག་གསོ་སྤེལ་དང་ཙེ་ཀོང་ཉིན་སྒོར་མོ་བྱེ་བ་གཉིས་དང་ས་ཡ་གསུམ་གྱི་ནོར་གནག་སྟོང་གཅིག་གསོ་སྤེལ་བྱེད་སའི་རྟེན་གཞི་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་། སྡོད་ཁང་འཛུགས་སྐྲུན་སྡེ་ཁག་དང་གཞོགས་འདེགས་བྱས་ནས་བསྡོམས་པས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གཅིག་ཁྲི་བཞི་བཏང་ནས་ལས་པའི་གད་སྙིགས་སྦས་ས་ཞིག་ལས་པ་དང་། མ་དངུལ་སྒོར་མོ་བྱེ་བ་ལྔ་དང་ས་ཡ་གཅིག་འབུམ་བདུན་བཏང་ནས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་བྱ་རྒྱུ་རེད། དེར་མ་ཟད་ད་དུང་ལྷག་མའི་སྡེ་བ་བཅོ་བརྒྱད་པོ་ནས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་གྱི་ལས་གཞི་ལོ་རེ་བཞིན་ལག་བསྟར་བྱེད་བཞིན་ཡོད་པ་རེད། འདི་ལྟ་བུའི་འཕྲང་དམར་གྲོང་རྡལ་གྱི་མ་འོངས་པར་རེ་བས་གཏམས་འདུག

ཆའོ་ཧྲི་ལིན་གྱིས་བཤད་རྒྱུར། “སྐོར་བསྐྱོད་ཏང་གི་སློབ་ཁྲིད”ཀྱིས་འབྲོག་ཁུལ་གྱི་ཏང་ཀྲི་པུའུ་དང་ཏང་གི་སློབ་ཁྲིད་བྱེད་སྒོའི་མི་སྣ་གཅིག་བསྡུས་བྱེད་དཀའ་བ་དང་། སློབ་སྦྱོང་བྱེད་དཀའ་བའི་གནད་དོན་ལ་དངོས་ནས་འགྱུར་ལྡོག་བྱུང་བ་དང་། རྗེས་ཕྱོགས་ང་ཚོས་ཏང་གི་སློབ་ཁྲིད་རྣམ་པ་དེ་ང་ཚོའི་ཡུན་རིང་གི་སྒྲིག་སྲོལ་ནང་རྐྱེན་ཞིག་ཏུ་བསྒྱུར་ནས་འབྲོག་པ་ཏང་ཡོན་གང་དུ་ཐོན་ན“སྐོར་བསྐྱོད་ཏང་གི་སློབ་ཁྲིད”དེར་ཐོན་པ་དང་། སློབ་སྦྱོང་སློབ་གསོའི་བྱ་བ་གནས་དེར་སྤེལ་བར་བྱས་པ་དང་། ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་བྱེད་རྒྱུ་དམ་འཛིན་བྱས་ཏེ་སྡེ་མི་ཕྱུག་པོར་གྱུར་ནས་འབྱོར་འབྲིང་ལམ་དུ་བསྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་རྒྱུ་ཡིན་ཟེར།

ལོ་ཙཱ། ཚེ་རིང་སྒྲོལ་མ།