དུས་རབས་གསར་བའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་མིག་དཔེ།
2021.07.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཞིང་ཆེན་དེ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་བྱ་བ་སྒྲུབ་མཁན་ཧུའུ་ཀྲུའུ་རྫོང་ཝེ་ཡོན་གྲོང་རྡལ་ཀྲོ་ཀྲ་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡན་ཀྲང་ཏུང་གི་གནས་ཚུལ་བཀོད་པ།

“གྲོང་ཁྱེར་ཆེན་མོའི་རོལ་རྩེད་ཁང་མིན་པས་ཡུལ་སྐོར་བ་མང་པོ་ཞིག་ང་ཚོའི་སྡེ་བ་ཆུང་ཆུང་འདིར་ཡུལ་སྐོར་དུ་ཡོང་དགོས་དོན་གང་ཡིན་ནམ” “ ང་ཚོ་རང་གི་མ་དངུལ་བཏང་ནས་མ་རྐང་ནང་ཞུགས་པ་ཡིན། གལ་སྲིད་མཛེས་ལྗོངས་ཁུལ་གྱི་ཕན་འབྲས་ཡག་པོ་མ་བྱུང་ཚེ་རྗེས་སུ་ཡོང་སྒོ་བགོ་བཤའ་རྒྱག་རྒྱུ་མེད་ན་ཅིག་ཞིག་བྱ།” མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝེ་ཡོན་གྲོང་རྡལ་ཀྲོ་ཀྲ་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡན་ཀྲང་ཏུང་གིས་ཐོག་མར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱས་མ་ཐག  སྡེ་བའི་ལས་བྱེད་པ་དང་སྡེ་མི་རྣམས་ཀྱིས་དེ་ལྟར་དོགས་འདྲི་བྱས་པའི་སྐད་ཆ་དེ་ད་དུང་བརྗེད་མི་འདུག ལོ་གསུམ་གྱི་རྗེས་སུ་ཡན་ཀྲང་ཏུང་གིས་སྣེ་ཁྲིད་ནས་གཉེར་སྐྱོང་བྱེད་པའི་ཀྲོ་ཀྲ་ཐང་གི་གདོད་མའི་སྐྱེ་ཁམས་མཛེས་ལྗོངས་ཁུལ་དེས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་འབུམ་དགུ་དང་ཁྲི་ལྔ་སྣེ་ལེན་བྱས་པ་དང་། སྒོ་བྱང་བཙོང་བའི་རིན་གོང་ཁོ་ན་སྒོར་མོ་བྱེ་བ་གཉིས་དང་ས་ཡ་དགུ་ལ་བུད་དེ་མ་རྐང་ནང་ཞུགས་མཁན་གྱི་སྡེ་མི་རྣམས་ལ་སྒོར་མོ་ས་ཡ་བཞི་དང་འབུམ་གསུམ་ཁྲི་དྲུག་བགོས་པ་དང་། སྡེ་བའི་ཁྱིམ་ཚང300ཙམ་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས།   སྔ་གཞུག་ཏུ་ཀྲོ་ཀྲ་ཐང་སྡེ་བ་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ་དང་ཀྲུང་གོའི་མཛེས་སྡུག་སྤྲོ་གསེང་སྡེ་བ་བཅས་ལ་བདམས།

ཞིབ་ཕྲའི་འཕེལ་རྒྱས་འཆར་འགོད་མེད་ལ་བློས་འགེལ་ཆོག་པའི་ཆེད་ལས་ཤེས་ལྡན་མི་སྣའི་མཛུབ་ཁྲིད་ཀྱང་མེད།  ཡན་ཀྲང་ཏུང་གིས་ཇི་ལྟར་བྱས་ནས་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྔོན་ཆད་བྱེ་ཐང་ཡིན་པའི་ས་ཆ་ཞིག་ཏུ་ད་ལྟ་མིང་དུ་གྲགས་པའི་ཀྲོ་ཀྲ་ཐང་གི་གདོད་མའི་སྣོད་བཅུད་མཛེས་ལྗོངས་ཁུལ་དེ་འཛུགས་སྐྲུན་བྱས་པ་ཡིན་ནམ།

2014ལོར་སླེབས་སྐབས། ཡན་ཀྲང་ཏུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་པ་དང་། ཆུང་དུས་སུ་ཕྱི་རོལ་ཏུ་ཞོར་ལས་སུ་འགྲོ་མཁན་ཁོ་ལ་གྲོང་གསེབ་ཀྱི་བྱ་བའི་ཉམས་མྱོང་མེད་པ་དང་འགལ་བ་འདུམ་སྒྲིག་བྱེད་མི་ཤེས་པ་བཅས་ཀྱིས་བསམ་ཡུལ་ལས་འདས་པའི་དཀའ་ངལ་སྣ་ཚོགས་ལ་འཕྲད་པ་དང་།  དེ་དག་ལས་སྡེ་བའི་ཏང་རྩ་འཛུགས་ནུས་མེད་དང་ཁ་ཐོར་ཡིན་པ་དེ་སྐབས་དེར་ཡན་ཀྲང་ཏུང་གི་མདུན་དུ་ལྷགས་པའི་དཀའ་གནད་ དང་པོར་གྱུར་ཡོད།

ཀྲོ་ཀྲ་ཐང་སྡེ་བར་ཁྱོན་སྡོམ་ཁྱིམ་ཚང469ཡོད་པ་དང་དེ་སྔའི“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ལ་གོང་བུ་འགྲིལ་ཤུགས་ཞན་པས། གནས་སྐབས་ཤིག་གི་རིང་སྡེ་བ་དེ་ས་གནས་ཀྱི་རྫོང་ཨུ་རྩ་འཛུགས་པུའུ་ཡིས“རྗེས་ལུས་སྡེ་བ”ཞིག་ཏུ་བརྩིས་ཡོད།

མགར་བྱེད་པར་ཐོ་བ་མཁྲེགས་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་ཆེ་རུ་གཏོང་ཆེད། ཡན་ཀྲང་ཏུང་གིས་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ནས་མགོ་བཙུགས་ཏེ། ཤུགས་ཆེན་པོས་འགན་འཁྲི་དམ་འཛིན་བྱས་ནས་བྱ་བའི་ཐོག་མ་དེ་རང་ཉིད་ནས་མགོ་བརྩམས།

ལས་འགན་ཁུར་པའི་ཉིན་དང་པོ་ནས་བཟུང་། ཡན་ཀྲང་ཏུང་གིས་རང་གཅུན་ནན་མོ་བྱས་ནས།  བརྩི་སྲུང་བྱེད་དགོས་པའི་གཏན་འབེབས་སྣ་ཚོགས་ལ་ཐོག་མར་རང་ཉིད་ཀྱིས་བརྩི་སྲུང་ནན་མོ་བྱས་ཏེ་གཞན་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས།

ཁྱིམ་ཚང་དབུལ་པོར་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་པ་ནས་ཚོགས་འདུ་བསྡུས་ནས་ཞིབ་འཇུག་བྱེད་པའི་བར།  ཡན་ཀྲང་ཏུང་གིས་སྐབས་རེར་དུས་ཚོད་བཅུ་གྲངས་ཁ་ཤས་སུ་མུ་མཐུད་ནས་ལས་ཀ་ལས་བཞིན་ཡོད་པ་དང་།  ཕོ་བ་ལྟོགས་ཚེ་སྟབས་བདེ་ཟ་མ་རེ་ཟ་བཞིན་ཡོད།

2017ལོར། ལས་ཀར་བྲེལ་བ་ཆེ་བས་ཁོ་རང་ཁྱིམ་དུ་འགྲོ་ཁོམ་མེད་པས་གཞུང་ལས་ཁང་དུ་ཉལ་ཁྲི་བཙུགས་ནས་བསྡད།  ཐེངས་ཤིག་ལ་བྱ་བ་སྒྲུབ་དུས་སེམས་ཆུང་མ་བྱས་པར་རྐེད་པར་རྨས་སྐྱོན་ཕོག་མོད། སྨན་བཅོས་བྱེད་པའི་དུས་ཚོད་མེད་པར་གྱུར་བས་ཁོས་གཞན་ལ་མངག་བཅོལ་བྱས་ནས་འཕུར་མཉེད་གདན་ཞིག་ཉོས་ཏེ། རྐེད་པ་ན་བའི་དུས་སུ་འཕུར་མཉེད་བྱས་ནས་ན་ཟུག་གཅོག་ཐབས་ཙམ་བྱས།

“ཡན་ཧྲུའུ་ཅི་ཡིས་སྡེ་མི་རྣམས་ཀྱི་བྱ་བ་དེ་རང་ཉིད་ཀྱི་བྱ་བར་བརྩིས་ནས་སྒྲུབ་ཀྱི་ཡོད་སྟབས།  ང་ཚོས་ད་དུང་ལས་ཀ་ཡག་པོ་མི་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་སྡེ་མི་རྣམས་ལ་ཞབས་འདེགས་མི་ཞུ་བའི་གནས་ལུགས་ཡེ་ནས་མེད། ” ཅེས་ཀྲོ་ཀྲ་ཐང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་རྩིས་གཉེར་པ་མཱ་ཧྲི་ཁའེ་ཡིས་བཤད།

ཡན་ཀྲང་ཏུང་གི་སྣེ་ཁྲིད་འོག་ཀྲོ་ཀྲ་ཐང་སྡེ་བའི་ལས་བྱེད་པ་གཞན་དག་གི་བག་མེད་སྒྱིད་ལུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཞན་པ་སོགས་ཀྱི་གནད་དོན་ལ་ལེགས་བཅོས་ཆེན་པོ་བྱུང་བ་དང་། སྡེ་བའི་“ཨུ་ཡོན་ལྷན་ཁང་གཉིས”ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་རྩོད་ཀྱི་ནུས་པའང་མངོན་གསལ་སྒོས་ཆེ་རུ་ཕྱིན་ནས། སྡེ་མི་རྣམས་ཀྱི་ཡོང་འབབ་འཕར་སྣོན་བྱུང་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་མུ་མཐུད་དུ་སྣེ་ཁྲིད་བྱེད་པར་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིངས་ཡོད།

2017ལོའི་ཟླ་12པར། ཡན་ཀྲང་ཏུང་གིས་སྡེ་མིའི་སྣེ་ཁྲིད་དེ་ཁོམ་ལོང་གི་དུས་ཚོད་སྤྱད་དེ་སྒྱུ་རྩལ་གྱི་གློག་སྒྲོན་སྟོང་གཅིག་ལྷག་ཙམ་བཟོས་པ་མ་ཟད། ཀྲོ་ཀྲ་ཐང་སྡེ་བའི་སྐབས་དང་པོའི་གངས་འཁྱགས་ཕོ་བྲང་གི་གློག་སྒྲོན་སྒྱུ་རྩལ་དུས་ཆེན་གཉེར་བས། དུས་ཚོད་ཐུང་ངུ་ཟླ་གཅིག་གི་ནང་དུ་སྒོ་བྱང་བཙོང་བའི་ཡོང་འབབ་སྒོར་མོ་ཁྲི་8ལྷག་ཙམ་ལ་སླེབས།

ཡུལ་སྐོར་ཁྲོམ་རར་གྲུབ་འབྲས་དེ་ལྟ་བུ་ཐོབ་པས་ཡན་ཀྲང་ཏུང་ལ་སྡེ་བའི་འཕེལ་རྒྱས་ཀྱི་རེ་བ་མཐོང་དུ་བཅུག ཀྲོ་ཀྲ་ཐང་སྡེ་བའི་འགྲིམ་འགྲུལ་སྟབས་བདེ་བ་དང་ཆུ་ལམ་དང་རང་བྱུང་ནགས་ཚལ། ཧོར་རིགས་ཀྱི་རིག་གནས་བཅས་ནི་སྡེ་བ་དེའི་དགེ་མཚན་ལྡན་པའི་ཆ་རྐྱེན་གྱི་སྐོར་རེད།  བསམ་བློ་ཡང་ཡང་བཏང་མཐར་ཡན་ཀྲང་ཏུང་དང་སྡེ་བའི་“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་སྐྱེ་ཁམས་འཛུགས་སྐྲུན་གྱི་དབང་གིས་སྒོ་བརྒྱབ་ཡོད་པའི་བྱེ་རྡོ་བཟོ་གྲྭས་བཟུང་བའི་སྡེ་བའི་ཐུན་མོང་ས་ཞིང་ཚུར་བསྡུས།  སྡེ་བའི་ཨུ་ཡོན་ལྷན་ཁང་དང་དེ་བཞིན་སྡེ་མི་རྣམས་ཀྱིས་ཐུན་མོང་སྒོས་མ་དངུལ་བཏང་ནས་ཡུལ་སྐོར་གྱི་ཡོང་འབབ་མཉམ་སྤྱོད་བྱེད་པའི་བྱེད་སྟངས་ལྟར་ཀྲོ་ཀྲ་ཐང་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་། དེའི་འཕྲོར་མཚོ་སྔོན་ཀྲོ་ཀྲ་ཐང་གདོད་མའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སི་བཙུགས་ནས། ཀྲོ་ཀྲ་ཐང་གདོད་མའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་གཉེར་སྐྱོང་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་།

ཡིན་ནའང་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ངོ་ཐུག་ནས་གྲོས་བསྡུར་བྱས་པར་ད་དུང་ཡང་དཀའ་ངལ་མང་པོ་ཞིག་གནས་འདུག

“ཐོག་མར་ང་ཚོ་མི་ཁག་ཅིག་ལ་ཉམས་མྱོང་མེད་ལ་ལག་རྩལ་ཡང་མེད་པས་ཆེད་ལས་འཆར་འགོད་ཀུང་སི་གདན་དྲངས་པར་སྒོར་མོ་འབུམ་ལྔ་ལྷག་དགོས་པ་དང་། དེ་དུས་སྡེ་བའི་ནང་དུ་མ་དངུལ་སྒོར་མོ་དེ་འདྲ་མང་པོ་ཞིག་གཏན་ནས་མེད།  དེ་བས་ང་ཚོས་ཅི་ནས་ཀྱང་རང་ཉིད་ཀྱི་ལག་ཟུང་དང་ནུས་པར་བརྟེན་དགོས་པར་གྱུར། རྫོང་ས་གཤིས་མི་སྣར་རྩད་ཞིབ་ཐིག་ལེན་བྱེད་དུ་བཅུག་རྗེས། ང་ཚོས་རང་སྦྱོང་བྱས་ནས་རི་མོ་འབྲི་བའི་ཇུས་འགོད་འཚོལ་ཞིབ་བྱས་པ་ཡིན། མ་གཞིར་ཚང་མས་ཤེས་ཀྱི་མེད་མོད། ཡིན་ནའང་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་ཐོས་རྗེས།  ལས་ཡུལ་དུ་ཞོར་ལས་སུ་ཡོང་མཁན་སྡེ་མི་རྣམས་ཀྱིས་ཀྱང་ཅི་ནུས་གང་ཐུབ་ཀྱིས་ཐབས་འདོན་ཇུས་འབུལ་བྱེད་ཀྱི་འདུག ”ཅེས་ཡན་ཀྲང་ཏུང་གིས་བཤད།

2018ལོའི་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་ཀྲོ་ཀྲ་ཐང་གི་གདོད་མའི་སྐྱེ་ཁམས་མཛེས་ལྗོངས་ཁུལ་དུ་ཚོད་ལྟའི་ཚོང་གཉེར་བྱས་པ་དང་། དེའི་རིང་ཡོང་འབབ་སྒོར་མོ་འབུམ་གཉིས་ཙམ་བཙལ།  སྐྱེ་ཁམས་མཛེས་ལྗོངས་ཁུལ་དེ་མགོ་བརྩམས་མ་ཐག་སྡེ་མི་མི་ཉུང་བ་ཞིག་མ་རྐང་ནང་ཞུགས་པ་དེས་ཡན་ཀྲང་ཏུང་གིས་མུ་མཐུད་དུ་འཕེལ་རྒྱས་བརྩོན་ལེན་བྱེད་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གྱུར།

དེའི་རྗེས་ཀྱི་ལོ་གསུམ་ནང་ཡན་ཀྲང་ཏུང་གིས་སྡེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ། མཛེས་ལྗོངས་ཁུལ་དུ་འཇའ་ཚོན་འདྲེད་ལམ་དང་མེ་ཏོག་གི་མཚོ་མོ་སོགས་རང་བྱུང་མཛེས་ལྗོངས་ཁག་ཅིག་སྔ་རྗེས་སུ་བསྐྲུན་ནས་གདོད་མའི་རྣམ་པའི་ཡུལ་སྐོར་མཛེས་ལྗོངས་ཤིག་ཆགས་པར་བྱས་པ་རེད། དེ་དང་ཆབས་ཅིག་ཞིང་ལས་ཐོན་རྫས་ལས་སྣོན་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་ནས་ཞོག་ཁོག་དང་པད་ཁའི་སྣུམ། ཁྱད་ལྡན་ཨ་རག་སོགས་དམིགས་བསལ་ཁྱད་ལྡན་ཐོན་རྫས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཙོ་གནད་ཡུལ་སྐོར་ཚོང་ཟོག་ཀྱང་བཏོན་པ་རེད། སྡེ་མི་མི་ཉུང་བ་ཞིག་གིས་ཀྱང་གོ་སྐབས་དེ་དང་བསྟུན་ནས་ཡུལ་སྐོར་གྱི་ཡོང་འབབ་རག་སྟེ་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་ནས། ས་གནས་ཀྱི་ཁྱད་ལྡན་རྒྱ་ཁོག་དང་ལུག་ཤ་བསྲེགས་མ་སོགས་ཞིང་པའི་ཁྱད་ལྡན་ཞིམ་ཟས་ལ་བརྟེན་ནས་ཡུལ་སྐོར་པ་མང་པོ་སྣེ་ལེན་བྱེད་བཞིན་ཡོད།

མཛེས་ལྗོངས་ཁུལ་གྱི་ཚོང་གཉེར་ལས་རིགས་དེ་འཕེལ་རྒྱས་སུ་ཕྱིན་པ་དེས་ཀྲོ་ཀྲ་ཐང་གི་སྡེ་བའི་ནང་ལས་ཀ་མེད་པའི་མི་དང་ཁྱིམ་ཚང་མང་ཆེ་བར་ལས་ཀ་ཡོད་པར་གྱུར་བར་མ་ཟད། ལྷག་པར་དུ་གོམས་སྲོལ་རྙིང་བ་དག་བསྒྱུར་ནས་ཧུར་ཐག་སྒོས་དཔལ་ཡོན་ལྡན་པའི་ སྲོལ་གསར་དར་སྤེལ་བཏང་སྟེ།   སྔོན་ཆད་སྡེ་མི་ཚོས་དུས་རྒྱུན་ཤོ་རྒྱག་པ་དང་ཆང་འཐུང་བ་སོགས་ཀྱི་རྣམ་པ་དེ་ད་ལྟ་གཏན་ནས་མཐོང་མི་ཐུབ་པ་དང་། དེ་ལས་ལྡོག་སྟེ་དཔེ་ཆར་ལྟ་བ་དང་གསར་འགྱུར་ལ་ཉན་མཁན་གྱི་མི་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད།  ཟ་མ་ཟས་རྗེས་སུ་ཁོམ་ལོང་དང་བསྟུན་ནས་སྡེ་མི་རྣམས་མཛེས་ལྗོངས་ཁུལ་དུ་འཆམ་འཆམ་ལ་འགྲོ་བཞིན་ཡོད་པ་རེད།

སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་བསམ་ཕྱོགས་འོག ཡན་ཀྲང་ཏུང་གིས་ད་དུང་སྡེ་བའི་ལས་བྱེད་པའི་སྣེ་ཁྲིད་དེ་གད་སྙིགས་གཙང་སེལ་དང་སྒོ་ར་གཙང་སྦྲ་བྱེད་པ། གསང་སྤྱོད་ཁང་བསྒྱུར་བཅོས་དང་སྣུམ་ལམ་བཏིངས་པ། གྱང་ངོས་སུ་དཀར་རྩི་བྱུག་པ།སྡོང་འཛུགས་ལྗང་བསྒྱུར་བྱེད་པ་བཅས་བྱས་ནས་ཧུར་བརྩོན་ཆེན་པོས་སྐྱེ་ཁམས་ལེགས་པའི་གྲོང་གསེབ་གསར་བ་དར་སྤེལ་བྱས།

ཏང་དར་དམར་པོ་རླུང་གིས་བསྐྱོད་ཅིང་ཐོན་ལས་དར་ཞིང་རྒྱས་པ། ཡུལ་སྲོལ་བཟང་ཞིང་མཛེས་སྡུག་ལྡན་པ་བཅས་ཀྱི་ད་ལྟའི་ཀྲོ་ཀྲ་ཐང་སྡེ་བ་དེ་གོམ་སྟབས་ཆེན་པོས་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུའི་སྟེང་སྐྱོད་བཞིན་ཡོད། 2020ལོར་ཡན་ཀྲང་ཏུང་གིས་མུ་མཐུད་དུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་དང་། ཡན་ཀྲང་ཏུང་གི་སྣེ་ཁྲིད་འོག་ཀྲོ་ཀྲ་ཐང་གི་སྡེ་མི་ཡོངས་ལ་མ་འོངས་པའི་ལོ་ལྔའི་ནང་།   སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྣེ་ཁྲིད་འོག  སྐྱེ་ཁམས་ལ་བརྟེན་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་ནས་གྲུབ་འབྲས་གསར་བ་ལེན་པར་ཡིད་ཆེས་ཀྱིས་ཁེངས་འདུག

                                                             ཡིག་སྒྱུར་བ། གཡང་འབུམ་རྒྱལ།