བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་བོད་ལྗོངས་སུ་ཕེབས་ནས། བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས་པ་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད་པར་མ་ཟད། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་བོད་ལྗོངས་སུ་ཕེབས་ཏེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་པར་རྟེན་འབྲེལ་ཞུས་པ་འདི་ནི།ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་གི་ཐེངས་དང་པོ་ཡིན་པས།ཏང་ཀྲུང་དབྱང་གིས་བོད་ལྗོངས་བྱ་བར་རྒྱབ་སྐྱོར་དང་བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་བཞིན་པ་གང་ལེགས་ཀྱིས་མཚོན་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་ངོ70ལོན་པའི་ཚུན་དུ། ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་དང་འབད་འབུངས་ཧུར་ཐག་བྱས་པས། སྤྱི་ཚོགས་ཀྱི་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་བར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ཧ་ཅང་ཇེ་ལེགས་སུ་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་སྔོན་ཆད་ལས་ཇེ་ལེགས་སུ་སོང་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པའང་མེད་པ་དང་། ཏང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་སྐོར་གྱི་བྱེད་ཐབས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པ་ལག་ལེན་གྱི་ཐོག་ནས་ར་འཕྲོད་བྱུང་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་བཙུགས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་རྒྱག་པ། བརྟན་བརླིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས།མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ལེན་པར་སྐུལ་འདེད་བཏང་ནས། གངས་ལྗོངས་མཐོ་སྒང་གི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པར་འབད་པ་བྱེད་དགོས།
ཟླ7པའི་ཚེས21ཉིན་ནས་ཚེས23ཉིན་བར། ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིན་ཅེ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷའི་ཕེབས་རོགས་འོག སྔ་རྗེས་སུ་ཉིང་ཁྲི་དང་ལྷ་ས་སོགས་སུ་ཕེབས་ནས་ཞིང་སྡེ་དང་གྲོང་ཁྱེར་སྤྱི་གླིང་།ལྕགས་ལམ་འགག་གནད།ཆོས་ལུགས་སྤེལ་ཡུལ།རིག་གནས་སྲང་ལམ་སོགས་སུ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད།
ཟླ7པའི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་ཏེ། བོད་ལྗོངས་ལས་རིགས་ཁག་གི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཕུལ་དུ་བྱུང་བ་ལ་ཁས་ལེན་མཛད་པ་དང་། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་། སེམས་ཤུགས་གཅིག་སྒྲིལ། དཀའ་སྤྱད་མདུན་སྐྱོད་ཀྱིས་མཐུན་སྒྲིལ་འབྱོར་ཕྱུག་དང་དཔལ་ཡོན་མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་གིས་བསྐྲུན་དགོས་པའི་རེ་བ་བཏོན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བོད་ལྗོངས་བྱ་བའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཡང་དག་པར་ངེས་པར་བྱས་ཏེ།མང་ཚོགས་ཀྱི་བྱ་བ་ཏན་ཏིག་གིས་ལེགས་པར་བསྒྲུབ་དགོས་ལ། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་དང་། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས། མི་དམངས་བདེ་སྐྱིད་ཡོང་བ་བཅས་ལ་ཁག་ཐེག་ནན་མོ་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོ་དང་།རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ།ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་ལྗོངས་ཀྱི་གསར་རྙིང་བསྡུར་བའི་སློབ་གསོ། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ།
ཡུན་རིང་ཕན་པའི་ཐབས་ཇུས་མང་དུ་འགོད་པ་དང་། གཞི་རྩ་བརྟན་པའི་བྱེད་ཐབས་མང་དུ་ལག་བསྟར་བྱེད་དགོས། མི་རིགས་ཀྱི་འབྲེལ་འདྲིས་བརྗེ་རེས་མཉམ་འདྲེས་ལ་ཤུགས་བསྣན་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་མཐུན་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ནས། འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་གྱིས་ཕྱུག་པར་བྱེད་པ་དང་། ཡོད་ཚད་ལ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྡུད་ཀྱི་དོན་སྙིང་གིས་ཕྱུག་པར་བྱེད་པ། ཡོད་ཚད་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་མཐོར་འདེགས་སུ་གཏོང་བར་ཕན་པར་བྱེད་དགོས། དགེ་སྤེལ་སྐྱོན་སྤང་དང་ཡུལ་བབ་དང་བསྟུན་ནས། བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་དང་། ལྕགས་ལམ་དང་གཞུང་ལམ། ད་དུང་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གཞན་དག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་ཀྱི་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་བོད་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་འདི་འགའི་རིང་ལ། བོད་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་དང་བསམ་པའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་འདུག ང་རང་གང་ལ་སོང་ན་ཚང་མའི་འཚོ་བ་སྐྱིད་པོ་རོལ་བའི་སྤྲོ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་དྲིན་ཚོར་བའི་བརྩེ་བ་ཚོར་ཐུབ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་རིགས་ལམ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བ་དང་ནུས་ལྡན་སྒོས་སྦྲེལ་བར་སྐུལ་འདེད་གཏོང་ཞིང་། མང་ཚོགས་ཡོངས་ཁྱབ་ནས་དོ་སྣང་བྱེད་བཞིན་པའི་དམངས་གཙོ་གནད་དོན་ལ་སྔར་བས་མིག་དབང་གཏད་དེ། ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་ཀྱི་དམངས་འཚོའི་དོན་དངོས་ལེགས་པོར་བསྒྲུབ་པ་དང་། རེ་རེ་བཞིན་དངོས་འབེབས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཡིད་ཚིམ་པ་དང་སྐྱིད་སྣང་སྔར་བས་ཡུན་རིང་བ། བདེ་སྣང་ལ་སྔར་བས་འགན་སྲུང་ཡོད་དུ་འཇུག་དགོས། མཐའ་མཚམས་ཀྱི་རྨང་གཞི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། རིགས་སོ་སོའི་མང་ཚོགས་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། རྒྱལ་ཁོངས་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་པོར་བསྲུང་རྒྱུ་ནི་བསྐལ་པ་སྟོང་ལ་ཕན་ཞིང་གནམ་འོག་ཀུན་ལ་སྨན་པའི་དོན་དག་ཅིག་རེད། ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པ་དང་རི་ཀླུང་ཁ་བས་གཡོགས་པའང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་ཆགས་སུ་འཇུག་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ། མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་བརྩོན་གྱིས་འཛུགས་སྐྲུན་བྱེད་པ་བཅས་ཀྱིས། སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་ལ་དངོས་གནས་སྲུང་སྐྱོབ་ལེགས་པོ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་བསླབས་ནས་འབད་བརྩོན་བྱེད་པ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་རྐང་ཚུགས་ས་ཡིན། ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པ་དང་ལོ་རྒྱུས་བསླབས་ནས་དད་སེམས་བརྟན་པ། ལོ་རྒྱུས་བསླབས་ནས་ཀུན་སྤྱོད་འཕེལ་བ་བཅས་ཀྱི་གྲུབ་འབྲས་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བའི་དོན་དངོས་འགུལ་སྐྱོད་དུ་བསྒྱུར་དགོས། ཏང་གཤིས་སྦྱོང་བརྡར་སྟེང་བརྩོན་པ་བསྐྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་ཏང་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་དུ་གཏོང་བ་དང་གསར་བརྗེའི་ཁྲག་རྩ་རྒྱུན་སྐྱོང་བར་སློབ་གསོ་གཏོང་བ་དང་སྣེ་འདྲེན་བྱས་ནས། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་ཀྱིས་ཏང་གཤིས་གསོ་སྦྱོང་བྱེད་པ་དང་། ཕུགས་བསམ་གྱི་ཡིད་ཆེས་བརྟན་པོར་བཏང་སྟེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། སེམས་སུ“རྒྱལ་ཁབ་ཀྱི་དོན་ཆེན”བསྒོམས་ནས། ནམ་ཡང་ཏང་གཤིས་རྩ་དོན་ལ་བརྟེན་ནས་ལུས་སྦྱོང་རང་གཅུན་བྱེད་པ་དང་། ཏང་གཤིས་དྲག་པོ་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་བརྩོན་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱེད་དགོས། དམངས་ལ་ཞབས་འདེགས་ཞུ་བའི་སྟེང་བརྩོན་པ་བསྐྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ་མི་དམངས་ནི་ནམ་ཡང་སེམས་ཀྱི་ཆེས་མཐོ་བའི་གོ་གནས་སུ་འཇོག་པ་དང་། མི་དམངས་མང་ཚོགས་ཀྱི་བློས་ཐུབ་པ་དང་ཉེ་མི། ལམ་འདྲེན་པ་ལེགས་པོར་བྱས་ཏེ་སེམས་པ་དང་བརྩེ་བ། སྟོབས་ཤུགས་གསུམ་གྱིས་མང་ཚོགས་ཀྱི་དཀའ་སྡུག་དང་སེམས་ཚེགས་གནད་དོན་སེལ་ཐབས་བྱེད་པ་དང་། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་ཧུར་བརྩོན་གྱིས་སྐུལ་འདེད་བྱེད་པའི་ཐད་ནས་ངོ་བོ་རང་བཞིན་གྱི་གྲུབ་འབྲས་སྔར་བས་མངོན་གསལ་ལེན་དགོས། འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྟེང་ཧུར་བརྩོན་བྱེད་པ། ཏང་ཡོན་དང་ལས་བྱེད་པར་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་དེ་བྱ་བར་སྐུལ་འདེད་བྱེད་པ་དང་སྦྲེལ་དགོས་པའི་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ། བདེན་འཚོལ་དངོས་སྒྲུབ་དང་འགན་ལེན་ཧུར་བརྩོན་རྒྱུན་འཁྱོངས་བྱེད་པ་དང་། གསར་སྐྲུན་རང་བཞིན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པ། ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་འཕེལ་རྒྱས་ཀྱི་ལེགས་ཆ་ཇེ་བཟང་དུ་བཏང་སྟེ། ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་ཤིང་ལོ་རྒྱུས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་ལེན་པར་འབད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་རྣམས་ལ་ཐུགས་ཁུར་ཆེན་མོ་གནང་བཞིན་ཡོད། བོད་ལྗོངས་ཀྱི་དཀའ་སྡུག་ཆེ་བའི་བྱ་བ་དང་འཚོ་བར་དམིགས་ནས། ཁྱད་འཕགས་ཀྱི་གླ་ཕོགས་དང་འབྲེལ་ཡོད་ཀྱི་ཕན་བདེ་སྲིད་ཇུས་གཏན་འབེབས་བྱས་ཡོད། དངོས་གནས་དོན་འཁྱོལ་བྱེད་པ་དང་། ལས་བྱེད་པ་དང་ལས་བཟོ་པའི་བདེ་ཐང་ལ་འགན་སྲུང་བྱེད་པའི་བྱ་བར་མཐོང་ཆེན་བྱས་ཏེ། ལས་བྱེད་པ་དང་ལས་བཟོ་པའི་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པར་བཟོ་དགོས།
སྙན་ཞུ་ཚོགས་འདུ་མ་འཚོགས་པའི་སྔོན་ལ། ཞི་ཅིན་ཕིང་གིས་སོ་སོར་བོད་རང་སྐྱོང་ལྗོངས་དང་འབྲེལ་ཡོད་ཀྱི་སྡེ་ཁག ས་ཁུལ་དང་གྲོང་ཁྱེར་སོ་སོའི་འགན་ཁུར་བློ་མཐུན་དང་བློ་མཐུན་རྒན་པའི་འཐུས་མི། རིགས་སོ་སོ་དང་ལས་རིགས་ཁག་གི་འཐུས་མི། བོད་སྐྱོར་ལས་བྱེད་པའི་འཐུས་མི། སྲིད་ཁྲིམས་ཉེན་རྟོག་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་གངས་ལྗོངས་མཐོ་སྒང་གི་རྒྱ་ཆེའི་བློ་མཐུན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་།
ཟླ7པའི་ཚེས23ཉིན། ཞི་ཅིན་ཕིང་གིས་ལྷ་ས་ནས་བོད་ལྗོངས་སུ་སྡོད་པའི་དམག་དཔུང་དཔོན་དམག་གི་འཐུས་མི་རྣམས་ལ་བརྩེ་བས་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་བོད་ལྗོངས་སུ་སྡོད་པའི་དམག་དཔུང་གི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། བོད་ལྗོངས་སུ་སྡོད་པའི་དམག་དཔུང་གིས་བཞག་པའི་འབུར་ཐོན་བྱས་རྗེས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་གྱི་དགོངས་པ་མཐའ་འཁྱོལ་བྱེད་པ་དང། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཐབས་མཐའ་འཁྱོལ་བྱས་ཏེ། “བོད་ལྗོངས་ཀྱི་རྒན་པའི་སྙིང་སྟོབས”ཤུགས་ཡོད་རྒུས་དར་སྤེལ་གཏོང་བ་དང་། དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་གི་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་ཏེ། བོད་ལྗོངས་ཀྱི་ཡུན་རིང་བདེ་འགོད་དང་དར་རྒྱས་གོང་འཕེལ་ལ་བྱས་རྗེས་འཇོག་པ་དང་སྟོབས་ཤུགས་འབུལ་དགོས།
མིག་སྔར་ནི་རྒྱལ་ཡོངས་ཀྱི་ཞོད་སྐྱོན་སྔོན་འགོག་བྱེད་པའི་གནད་འགག་གི་དུས་སྐབས་ཡིན། གཟིགས་ཞིབ་བྱེད་པའི་ལམ་བར་དུ། ཞི་ཅིན་ཕིང་གིས་ཧོ་ནན་ལ་ཆར་བ་དྲག་པོ་བབས་པ་ཤེས་རྗེས། མྱུར་དུ་མཛུབ་སྟོན་གལ་ཆེན་གནང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དེ་ནམ་ཡང་ཨང་དང་པོར་འཇོག་པ་དང་། མྱུར་དུ་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་ཞོད་སྐྱོན་སྔོན་འགོག་དང་སྲོག་སྐྱོབ་བྱེད་དགོས་ལ། གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། ཡང་བསྐྱར་གནོད་སྐྱོན་མི་ཐེབས་པར་འགོག་སྲུང་ནན་མོ་བྱས་ཏེ། མིའི་ཚེ་སྲོག་ལ་གནོད་འཚེ་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་ཚད་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས་པའི་བླང་བྱ་བཏོན། ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ས་གནས་ལ་མཐུན་སྦྱོར་གང་ལེགས་བྱས་ཏེ་ཉེན་འགོག་གནོད་སྐྱོབ་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་བྲེལ་བསྟུན་དོ་དམ་པུའུ། ཆུ་བེད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱིས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ། གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་ས་གཤིས་གནོད་སྐྱོན་གྱི་གདེང་འཇོག་ལ་ཤུགས་སྣོན་བྱས་ནས། ཞོད་འགོག་གནོད་སྐྱོབ་ཀྱི་བྱ་བ་ཞིབ་འཛིན་དང་ནན་འཛིན་བྱེད་དགོས་པའི་བླང་བྱ་བཏོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བྱ་བ་སྣ་ཚོགས་དངོས་གནས་ལེགས་པོར་བསྒྲུབ་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མྱུར་གྱིས་སླར་གསོ་བྱེད་པ་དང་། གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་དང་སྐྱོབ་རོགས་བྱེད་པ་དང་འཕྲོད་བསྟེན་རིམས་འགོག་གི་བྱ་བ་ལེགས་པོར་བསྒྲུབས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་དོ་སྣང་བྱེད་དགོས། བོད་ལྗོངས་ཀྱིས་ཀྱང་བླང་བྱ་འདི་དག་དངོས་འབེབས་བྱས་ཏེ། རང་བྱུང་གནོད་འཚེ་སྔོན་འགོག་དང་ཐག་གཅོད་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས།
ཏིང་ཞེ་ཞང་དང་ལིའུ་ཧོ། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཧི་ལི་ཧྥེང་བཅས་དང་། དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་རྣམས་རྟོག་ཞིབ་ཏུ་ཕེབས་རོགས་བྱས་ཤིང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་འབྲེལ་ཡོད་ཀྱི་བྱ་འགུལ་ནང་ཞུགས། །
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།