ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་བདུན་ཅུ་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།
2021.08.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

དུས་རབས་གསར་བར་རྒྱང་ལྟ་བྱེད། རྒྱང་སྐྱོད་གསར་བར་བརྩོན་པས་བསྐྱོད།

ལོ་ངོ་བདུན་ཅུ་རིང་ལ་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཉི་འོད་འོག་ཏུ། ཡུས་ཧྲུའུ་མི་དམངས་ནི་མུན་ནག་ནས་འོད་ཟེར་གྱི་ཕྱོགས་སུ་བསྐྱོད་ཅིང་། བཀག་སྡོམ་ནས་སྒོ་འབྱེད་ཀྱི་ཕྱོགས་སུ་བསྐྱོད་པ་དང་དཀའ་སྡུག་ནས་འོད་ཟེར་གྱི་ཕྱོགས་སུ་བསྐྱོད་དེ། དབུལ་ཕོངས་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་ནས། བོད་རིགས་རང་སྐྱོང་ཁུལ་དེའི་རིགས་སོ་སོའི་མང་ཚོགས་དང་ལས་བྱེད་པ་འབུམ་བཞི་དང་ཁྲི་གཉིས་ལྷག་གིས་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་མཛེས་སྡུག་དང་མཐུན་སྒྲིལ་གྱི་རི་མོ་ཡིད་དུ་འོང་བ་ཞིག་འབྲི་ཞིང་མཆིས།

རང་སྐྱོང་ཁུལ་བཙུགས་པ་མཚོ་སྔོན་ཞིང་ཆེན་ནས་ཨང་དང་པོ་དང་རྒྱལ་ཡོངས་སུ་ཨང་གཉིས་པ་ཡིན་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་སུམ་ཅུའི་ཁྲོད་དུ་མི་རིགས་ཀྱི་བསྡུར་ཚད་ཆེས་མཐོ་ཞིང་མཚོ་ངོས་ལས་ཆེས་མཐོ་བ། མི་རེའི་ཆ་སྙོམས་ཀྱི་སའི་རྒྱ་ཁྱོན་ཆེ་བ། སྐྱེ་ཁམས་ཀྱི་གནས་བབ་ཆེས་འབུར་དུ་ཐོན་པའི་རང་སྐྱོང་ཁུལ་ཞིག་ཡིན།

རབས་སོ་སོའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་འོག་དང་སྐབས་སོ་སོའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡུས་ཧྲུའུ་ཡི་འཛུགས་སྐྲུན་དང་གོང་འཕེལ་ཐད་ཚད་མཐོན་པོས་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་གནང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཡུས་ཧྲུའུ་ཡི་ཕྱོགས་སོ་སོའི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་བཞག ལྷག་པར་དུ་ཉིས་སྟོང་བཅུ་ལོའི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་ཡོམ་དྲགས་པོ་བྱུང་བ་ནས་གནོད་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ལོ་ངོ་བཅུའི་ནང་དུ། ཡུས་ཧྲུའུ་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་བབ་བསྟུན་མདུན་སྐྱོད། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་སྙིང་སྟོབས་དང་། ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་ཁེ་ལས། ཞིང་ཆེན་ནང་ཁུལ་གྱི་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་སོ་སོའི་རོགས་སྐྱོར་འོག  མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་དེང་རབས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཡུས་ཧྲུའུ་གསར་བ་ཞིག་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་སུ་གསར་དུ་བསྐྲུན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཡུས་ཧྲུའུ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། བློ་མཐུན་ཞི་ཅི་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏིག་བཞི་ཡི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གཏིང་ཟབ་པའི་སྒོ་ནས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་བས། རྨང་གཞིའི་སྒྲིག་ཆས་ལ་མཐོར་འདེགས་ཆེན་པོ་བྱུང་བ་དང་ཐོན་ལས་སྒྲིག་གཞི་སྙོམ་སྒྲིག་དང་སྤྱི་ཚོགས་ལས་དོན་གོང་དུ་འཕེལ་བ། མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་བ། སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བཅས་བྱུང་ནས། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་དུ་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། སྐྱེ་ཁམས་སླར་གསོ། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་བཅས་ཀྱི་རྣམ་པ་བཟང་བོ་མངོན། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་འབྲས་དངོས་ཐོབ་ནས་མི་དམངས་ཀྱི་བདེ་སྐྱིད་ཀྱི་ཚོར་སེམས་དང་ཐོབ་ཚོར།  བདེ་ཚོར་བཅས་མུ་མཐུད་དུ་ཆེ་རུ་ཕྱིན།

སྲོལ་གསར་བཙུགས་ནས་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས།

བོད་རིགས་ཀྱི་ས་ཁུལ་གཞན་དག་དང་འདྲ་བར། བཅིངས་འགྲོལ་མ་བྱས་སྔོན་དུ་ཡུས་ཧྲུའུ་ཡང་ཞིང་བྲན་ལམ་ལུགས་ཀྱི་མུན་པའི་ཁྲོད་དུ་ཐར་ཐུབ་ཀྱི་མེད། ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག  རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྤྱི་ཚོགས་རྙིང་བ་མགོ་མཇུག་སློག་ནས། རང་ཁྱིམ་རང་བདག་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཆེན་མོའི་སྟེང་བསྐྱོད། ཡུས་ཧྲུའུ་ཁུལ་གྱི་ལས་འཁྱུར་ངལ་གསོ་བ་བསོད་ནམས་ལྷུན་འགྲུབ་ཀྱིས་བཤད་རྒྱུར། ད་ལྟ་མི་དམངས་མང་ཚོགས་ཀྱིས་རང་ཁྱིམ་རང་བདག་བྱེད་བཞིན་ཡོད་པས་འཚོ་བ་དེ་སྔོན་ཆད་ལས་ཤིན་ཏུ་སྐྱིད། ཡུས་ཧྲུའུ་བ་ཚང་མས་ཐོབ་པར་དཀའ་བའི་ད་ལྟའི་བརྟན་བརླིང་དང་འཆམ་མཐུན་འཕེལ་རྒྱས་ཀྱི་རྣམ་པ་འདི་ལ་སེམས་གཏིང་ནས་གཅེས་སྤྲས་བྱེད་བཞིན་ཡོད་པར་མ་ཟད།  སེམས་གཏིང་ནས་གུང་ཁྲན་ཏང་ལ་བཀའ་དྲིན་ཞུ་བཞིན་ཡོད་ཟེར།

ཡུས་ཧྲུའུ་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་བོད་སྐྱོང་སྲིད་སྐྱོང་ཐབས་ཇུས་ལག་བསྟར་བྱས་ནས། རང་སྐྱོང་ལ་བརྟེན་ནས་མི་གཅིག་སྡུད་དང་ཁྲིམས་སྐྱོང་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད། སྤྱོད་བཟང་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་བཅས་བྱས་ནས།  མི་རིགས་ས་ཁོངས་རང་སྐྱོང་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱས་ཤིང་མི་རིགས་ཆོས་ལུགས་འཆམ་ཞིང་མཐུན་ལ་མཛེས་སྡུག་ལྡན། དམིགས་གསལ་ལྔའི་མདོ་དབུས་མཐོ་སྒང་གི་སྙིང་སྟོབས་ནས་ཡུས་ཧྲུའུ་ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་བར་དང་། དེ་ནས་ཨ་ཆེན་གངས་རྒྱབ་ཀྱི་སྙིང་སྟོབས་བརྟན་སྲུང་བྱེད་པའི་བར་གསར་བརྗེའི་སྙིང་སྟོབས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་། བཟང་བོ་ལྔའི་དབྱངས་རྟ་གཙོ་བོ་གཙང་གསུམ་མགོ་ཁུངས་སུ་བསྐྱོད་པས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དམངས་ཀྱི་སེམས་སུ་ཟུག་པ་དང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བཞིན་ཡོད།

བཞིན་གསར་གྱི་རྣམ་པ་མངོན་ཞིང་སླར་གསོ་བསྐྱར་འཛུགས་ལོ་ངོ་ཉི་ཤུ་བརྒལ།

དུས་རབས་སྔོན་མའི་ནང་དུ་ཡུས་ཧྲུའུ་ཡི་མང་ཚོགས་མང་པོ་ཞིག་གི་སྡོད་གནས་ཀྱི་ཆ་རྐྱེན་ཞན་པ་དང་རྨང་གཞིའི་སྒྲིག་ཆས་ཤིན་ཏུ་རྗེས་ལུས་ཡིན། དུས་རབས་ཕྱེད་ཙམ་གྱི་རིང་དུ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཧུར་བརྩོན་བྱས་པས་ཞིང་གྲོང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། ཉིས་སྟོང་དགུ་ལོའི་ཟླ་བརྒྱད་པར་དཔལ་ཐང་གནམ་གྲུ་ཐང་འཛུགས་སྐྲུན་བྱས་ནས་མཁའ་འགྲུལ་གྱི་རྨི་ལམ་མངོན་འགྱུར་བྱུང་སྟེ། ས་ལམ་ཁོ་ན་བརྒྱུད་དེ་ཡུས་ཧྲུའུ་ལ་འགྲོ་བའི་ལོ་རྒྱུས་ལ་རྫོགས་ཤད་བཀོད། ཉིས་སྟོང་ཉི་ཤུ་ལོར་ཡུས་ཧྲུའུ་ཡིས་གནས་སྐོར་ལས་རིགས་དམ་འཛིན་བྱས་པར་གནས་སྐོར་བ་མི་ཐེངས་འབུམ་གསུམ་དང་ཁྲི་ལྔ་སྣེ་ལེན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་སྟེ། ཞིང་ཆེན་ནང་ཁུལ་དུ་གནམ་གྲུའི་འབབ་ཐང་ནས་སྐྱེལ་འདྲེན་བྱེད་པའི་ཐོན་སྐྱེད་བྱེད་མཁན་ཨང་དང་པོར་གྱུར།

2010ལོར་ས་ཡོམ་གྱི་གནོད་འཚེ་ལས་ཡུས་ཧྲུའུ་མི་དམངས་ཀྱི་སེམས་ལ་རྨ་ཁ་བཟོས་ཤིང་། ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན་ཕྱོགས་མང་པོས་རོགས་སྐྱོར་བྱས། ཡུས་ཧྲུའུ་ཡི“4.14”ཉིན་གྱི་ས་ཡོམ་གནོད་ཐེབས་བསྐྱར་འཛུགས་བྱ་བ་སྤེལ་ནས་ལོ་ངོ་བཅུ་འགོར་བའི་རིང་ལ། རྒྱལ་ཡོངས་ས་གནས་ཁག་གི་འཛུགས་སྐྲུན་པ་ཚོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ“བརྩེ་བ་ཆེན་པོའི་རྡོ་རིང་”ཞིག་བཞེངས་ཏེ། “ལོ་ངོ་གསུམ་གྱི་རིང་ལ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་དེ་ལོ་ངོ་ཉི་ཤུར་བར་བརྒལ་འབྱུང་བའི”བསྐྱར་སྐྲུན་དམིགས་འབེན་མངོན་འགྱུར་བྱུང་ཞིང་། ཁྱོན་སྡོམ་མ་དངུལ་སྒོར་མོ་ཐེར་ཆེན་བཞི་དང་ཐེར་འབུམ་བཞི་དུང་ཕྱུར་བདུན་བྱེ་བ་ལྔ་ལྷག་བཏང་བའི་བསྐྱར་སྐྲུན་ལས་གཞི་སྟོང་གཅིག་དང་ཉིས་བརྒྱ་ཞེ་བརྒྱད་ལེགས་འགྲུབ་བྱུང་བ་དེ་ནི་ཡུས་ཧྲུའུ་ཡི་སྲིད་གཞུང་བཙུགས་ནས་ལོ་ངོ་ང་བརྒྱད་འགོར་བའི་རིང་གི་དངུལ་གཏོང་སྤྱིའི་སྡོམ་གྲངས་ཀྱི་ལྡབ་བརྒྱད་ཡིན་པ་རེད། རོང་འབྲོག་མང་ཚོགས་ཁྲི་གཅིག་དང་སྟོང་དྲུག་བདུན་བརྒྱ་དང་མཁར་གྲོང་སྡོད་དམངས་ཁྲི་གཉིས་དང་སྟོང་གཉིས་བཞི་བརྒྱ་དུས་ལྟར་ཁང་པ་གསར་བའི་ནང་སྡོད་ཐུབ་པ་བྱུང་སྟེ། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་གཞི་རྩའི་ཆ་ནས་ལེགས་བཅོས་བྱས། སློབ་གསོའི་ལས་གཞི་གོ་བཞི་དང་། སྨན་བཅོས་འཕྲོད་བསྟེན་ལས་གཞི་རེ་གསུམ། རིག་གནས་ལུས་རྩལ་ལས་གཞི་རེ་ལྔ་བཅས་ཚད་ལྡན་གྱིས་འཁོར་བསྐྱོད་བྱས་པ་དང་། ཕན་བདེ་ཁང་དང་། རྒན་གསོ་ཁང་། དྭ་ཕྲུག་གཉོར་སྐྱོང་ཁང་སྐོར་ཞིག་ཀྱང་རིམ་བཞིན་འཁོར་བསྐྱོད་བྱེད་ཐུབ་པ་བྱུང་སྟེ། སྤྱི་ཚོགས་ཡོངས་ཀྱི་ཞབས་ཞུའི་ནུས་པ་ཆེས་ཆེར་མཐོར་འདེགས་བྱུང་། ཆོས་ལུགས་བྱེད་སྒོ་སྤེལ་ས་དང་སྤྱི་སྤྱོད་ཁང་བ་དགུ་བཅུ་ལྷག་གསར་སྐྲུན་དང་ཞིག་གསོ་བྱས་ནས་རྒྱལ་ཁབ་རིམ་པའི་རིག་དངོས་ཁག་བཞི་དང་ཞིང་ཆེན་རིམ་པ་མན་གྱི་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གཞི་ང་དྲུག་ཕན་འབྲས་ལྡན་པའི་སྒོ་ནས་ལག་བསྟར་བྱས།

“ལོ་ལྔའི་འཆར་འགོད་བཅུ་གསུམ་པ”མཇུག་བསྡུ་བའི་བར་དུ། གུང་ཧོ་ནས་ཡུས་ཧྲུའུ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་བྱས་པ་དང་། དེ་ཡིས་ཞིང་སྡེར་བགྲོད་ལམ་ཤར་གཏོང་བྱས་པའི་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། ཁུལ་ཡོངས་ཀྱི་གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་བྱས་པའི་རིང་ཚད་ལ་སྤྱི་ལེ་ཁྲི་གཅིག་དང་སྟོང་དྲུག་བརྒྱད་བརྒྱ་ཡོད་པ་རེད། ཡུལ་ཚོ་དང་ཡུལ་ཚོ་བར་དུ་དྲ་རྒྱ་འཐེན་པ་དང་། སྡེ་བ་དང་སྡེ་བའི་བར་དུ་ཁ་པར་འཐེན་པ། ཁྱིམ་ཚང་རེ་རེས་བདེ་འཇགས་ཀྱིས་ཆུ་འཐུང་ཐུབ་པ་བྱུང་།  “གཙོ་བོ་གཅིག་དང་ཕལ་བ་གཅིག་ལྟེ་བ་བཞི་གནད་ས་མང་པའི”གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཏེ། རྒྱུན་སྡོད་མི་གྲངས་མཁར་གྲོང་ཅན་དུ་འགྱུར་ཚད་བརྒྱ་ཆའི་བཞི་བཅུ་ཡན་ལ་སླེབས་ཡོད། མཁར་གྲོང་དུ་ཆེས་སྲ་བརྟན་ཡིན་པ་ནི་སློབ་གྲྭ་ཡིན་པ་དང་། ཆེང་དེང་རབས་ཅན་ནི་སྨན་ཁང་ཡིན་ཞིང་། ཆེས་མཛེས་པ་ནི་སྡོད་དམངས་འདུག་ས་རེད། 2015ལོར་ཡུས་ཧྲུའུ་གྲོང་ཁྱེར་གྱི་གཞུང་ཞབས་པར་རྒྱུགས་འཕྲོད་པའི་ཀྲང་མེའོ་ཡིས་བཤད་རྒྱུར། ཡུས་ཧྲུའུ་གསར་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་འགྱུར་ལྡོག་གསར་བ་བྱུང་ཡོད་པ་དང་། དེ་ནི་མཐོ་སྒང་གི་དེང་རབས་ཅན་གྱི་གྲོང་ཁྱེར་གསར་བ་ཞིག་ཡིན་པ་རེད་ཟེར།

ཡུས་ཧྲུའུ་གནོད་ཐེབས་བསྐྱར་སྐྲུན་གྱིས་དངོས་པོའི་སྟེང་ནས་ཁྱིམ་གཞི་གསར་བ་སྐྲུན་པ་མངོན་འགྱུར་བྱུང་བ་མ་ཟད། བསམ་བློའི་གཞི་ཁྱིམ་ཞིག་ཀྱང་བསྐྱར་བཞེངས་བྱེད་པ་མངོན་འགྱུར་བྱུང་ཡོད།

ཡུལ་སྐོར་ལ་ཡོང་བའི་ཧྲང་ཧའེ་གྲོང་ཁྱེར་གྱི་སྡོད་དམངས་སུན་ཡུས་ཀྱིས་ཡུས་ཧྲུའུ་གསར་བ་མཐོང་རྗེས་ཚོར་སྣང་ཟབ་མོས་བཤད་རྒྱུར། ལོ་ངོ་བཅུ་ཡི་རིང་ལ། ཞིག་རོའི་སྟེང་དེང་རབས་ཅན་གྱི་མཁར་གྲོང་གསར་བ་ཞིག་སྐྲུན་པ་དང་། འདི་ལྟ་བུའི་ངོ་མཚར་དེ་ཀྲུང་གོ་ན་ཡོད་པ་དང་། གུང་ཁྲན་ཏང་གི་འགོ་ཁྲིད་འོག སྟོབས་ཤུགས་ཡོད་ཚད་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པའི་ཕན་འབྲས་མཐོ་བའི་རྐྱེན་སྲོལ་འོག་ད་གཟོད་མངོན་འགྱུར་བྱུང་བ་རེད་ཟེར།  ཡུས་ཧྲུའུ་གསར་པས་ཏང་གི་སྔོན་ཐོན་རང་བཞིན་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་པར་བྱས་པ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་མངོན་ཡོད་ལ། དེ་ནི་ཏང་གི་མི་རིགས་སྲིད་ཇུས་དེ་རང་སྐྱོང་ཁུལ་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ཞིང་། རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ནས་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་འཆམ་མཐུན་ཡར་བརྩོན་བྱེད་པའི་མཚོན་ཚུལ་ཞིག་ཀྱང་རེད།

མགོ་རྩོམ་ས་གསར་བ་ཞིག་ནས་དཔལ་འབྱོར་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་།

ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་བྱ་ཕུག་ཐང་གྲོང་རྡལ་ནོར་ཚོང་སྡེ་བའི་མ་ཎི་རྡོ་བརྐོ་བ་དབང་ལྷ་ཡིས“ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས”བཙུགས་པའི་ཉིན་དེར། ཁོ་རང་གིས་ཟླ་གསུམ་ལྷག་ཙམ་གྱི་རིང་ལ་རྡོ་ཐོག་ཏུ་བརྐོས་པའི་ཏང་རྟགས་དེ་དངོས་སུ་ཕུལ་བ་དང་། ཁོས་རང་གི་སེམས་གཏིང་ནས་རླབས་ཆེན་གྱི་དུས་རབས་འདི་ལ་བཀའ་དྲིན་དང་། ཀྲུང་གོ་གུང་ཁྲན་ཏང་ལ་བཀའ་དྲིན་ཞུས།

ལོ་ངོ་བདུན་ཅུའི་སྔོན་ལ། རྗེས་ལུས་མཐའ་ཁུལ་དུ་གནས་པའི་ཡུས་ཧྲུའུ་མང་ཚོགས་ཀྱིས་གནམ་ལ་རེ་ནས་ཟས་ལ་རེ་བཞིན་ཡོད་པས་དབུལ་བོ་ཡིན། ལོ་ངོ་བདུན་ཅུའི་རིང་ལ། ཐོན་ལས་སྣ་གཅིག་རྐྱང་ནས་སྣ་མང་གི་ཕྱོགས་སུ་བསྐྱོད་པ་དང་། རགས་ལས་ནས་ལེགས་བསྡུས་ཞིབ་གཉེར། སྲོལ་རྒྱུན་ནས་དེང་རབས་ཀྱི་ཕྱོགས་སུ་བསྐྱོད་དེ། དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དང་སྤུས་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་།

2020ལོར། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་མོ་ཐེར་འབུམ་དྲུག་དང་དུང་ཕྱུར་གསུམ་བྱེ་བ་ལྔ་ལྷག་མངོན་འགྱུར་བྱུང་བ་དེ་བཅིངས་འགྲོལ་བཏང་མ་ཐག་པའི་དུས་དང་བསྡུར་ན་ལྡབ་སྟོང་གཅིག་ཙམ་འཕར་བ་དང་། ཞིང་ལས་དང་། ནགས་ལས། འབྲོག་ལས་བཅས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་མོ་ཐེར་འབུམ་བཞི་དང་དུང་ཕྱུར་ལྔ་བྱེ་བ་གཉིས་མངོན་འགྱུར་བ་དང་། ལྡབ་བརྒྱ་དང་གོ་གཅིག་འཕར་སྣོན་བྱུང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་སྒོ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་དང་ས་ཡ་གཉིས་མངོན་འགྱུར་བྱུང་བ་དང་། ལྡབ་བརྒྱ་དང་རེ་ལྔ་འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་སྔོན་རྩིས་འགྲོ་སྒོ་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་དུང་ཕྱུར་བརྒྱད་བྱེ་བ་བརྒྱད་ལྷག་མངོན་འགྱུར་བྱུང་བ་དང་། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱས་པའི་སྤྱིའི་གྲངས་ཀ་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་བྱེ་བ་བཞི་ལྷག་མངོན་འགྱུར་བྱུང་ཡོད། མཁར་གྲོང་སྡོད་དམངས་མི་རེར་བཀོད་སྒྲིག་བྱས་ཆོག་པའི་ཡོང་སྒོ་སྒོ་སྒོར་མོ་ཁྲི་གསུམ་དང་སྟོང་བདུན་བཅུ་གཅིག་ཡིན་པ་དང་། ལྡབ་བརྒྱ་ཙམ་འཕར་སྣོན་བྱུང་ཞིང་། ཞིང་སྡེའི་སྡོད་དམངས་མི་རེར་ཆ་སྙོམས་བཀོད་སྒྲིག་བྱས་ཆོག་པའི་ཡོང་སྒོ་སྒོར་མོ་སྟོང་དགུ་དང་བརྒྱད་བརྒྱ་ཡིན་པ་དང་། ལྡབ་བརྒྱ་ལྷག་འཕར་སྣོན་བྱུང་།

ལྷག་པར་དུ་པེ་ཅིང་གིས་ཡུས་ཧྲུའུ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཚུན་ལ། སྡོམ་པས་སྒོར་མོ་ཐེར་འབུམ་ལྔ་ལྷག་གིས་རོགས་སྐྱོར་བྱས་པ་དང་། ཁྱབ་ཁོངས་མང་པོ་ནས་ལས་གཞི་དྲུག་བརྒྱ་དང་རེ་བརྒྱད་དངོས་འབེབ་བྱས་པས། ཡུས་ཧྲུའུ་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ལ་རམ་འདེགས་བྱས་ཡོད་པ་རེད། མཉམ་ལས་ཅན་གྱི་རྩ་འཛུགས་ཉིས་བརྒྱ་དང་དྲུག་དང་། རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་ཉེར་བརྒྱད་འཛུགས་སྐྲུན་བྱས་པ་ནས་བཟུང་། ཡུས་ཧྲུའུ་ཡི་ཕྱུགས་ལས་ཐོན་སྐྱེད་ཐད“ལོ་བཅུའི་ནང་གནོད་འཚེ་ཆེན་པོ་གཅིག་དང་། ལོ་ལྔའི་ནང་གནོད་འཚེ་འབྲིང་བ་གཅིག ལོ་རེ་རེར་གནོད་འཚེ་ཆུང་བ་མང་པོའི” ལོ་རྒྱུས་མཇུག་སྒྲིལ་བ་རེད། “ཡུས་ཧྲུའུ་ཡི་ནོར་གནག”དང“རྫ་རྒྱ་ལུག”རྒྱལ་ཁབ་ཀྱི་སྒོ་ཕྱུགས་རྒྱུད་པ་རྒྱུན་འཛིན་བྱེད་པའི་ཐོན་ཁུངས་ཀྱི་མིང་ཐོའི་ནང་ཚུད་པ་དང་། ཡུས་ཧྲུའུ་ཡི་སྐྱེ་ལྡན་ཐོན་རྫས་ཚོང་རྟགས་ཀྱི་ཤན་ཤུགས་མུ་མཐུད་དུ་ཇེ་ཆེར་སོང་སྟེ། རིམ་བཞིན“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས”ཞིག་ཏུ་གྱུར་ཡོད་པ་རེད།

“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་སུ། རིག་གནས་ཡུལ་སྐོར་ཉོ་ཚོང་མཉམ་འདྲེས་འཕེལ་རྒྱས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་སྤྱིའི་འཕྱོར་གཡེང་Aརིམ་པའི་ འགྲན་བསྡུར་དང་། རྒྱལ་སྤྱིའི་བྱེས་བགྲོད་འགྲུལ་བཞུད་འཛམ་གླིང་བུམ་པའི་འགྲན་བསྡུར། ཡུས་ཧྲུའུ་རྟ་རྒྱུག་དུས་ཆེན། གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རིག་གནས་དུས་ཆེན་སོགས་རྩེར་སོན་དུས་ཆེན་གྱིས་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་གཏོད་ཅིང་། ཀྲུང་གོའི་བོད་ཀྱི་ཞབས་བྲོའི་ཕ་ས་དང་། ཀྲུང་གོའི་བོད་ཀྱི་གླུ་གཞས་ཀྱི་ཕ་ས་ཞེས་པའི་མཚན་སྙན་དེས་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བའི་ཡིད་དབང་འཕྲོག་བཞིན་ཡོད།  ད་ལྟ་བོད་རིགས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་གྱི་ཆོག་མཆན་ཐོབ་པའི་ཡུས་ཧྲུའུ་ ཡིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཧུར་ཐག་གིས་བསྐྲུན་བཞིན་ཡོད་པ་རེད།

བདེ་སྐྱིད་ཀྱི་འཚོ་བ་དང་དམངས་ཚིས་འགན་སྲུང་གི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད།

ཏང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པའི་འོག་ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ།  ནོར་སྲིད་ཀྱི་སྤྱིའི་གཏོང་སྒོའི75%ཡན་དམངས་ཚིས་ཐད་སྤྱད་པས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་དང་འཚོ་བའི་སྤུས་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་ཡོད། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་ལ་དམ་པོར་དམིགས་ནས།  ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་བྱས་པས།   ཆེས་དབུལ་བའི་གྲོང་ཁྱེར་དང་རྫོང6གི་དབུལ་ཞྭ་ཕུད་པ་དང་།  ཆེས་དབུལ་བའི་སྡེ་བ104དབུལ་ཕོངས་ལས་ཐར་བ།  དབུལ་ཕོངས་མི་གྲངས་ཁྲི་གཅིག་འབུམ་གཉིས་ལྷག་དབུལ་ཐར་བྱུང་བ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལོ་ངོ་སྟོང་ཕྲག་ཚུན་གྱི་དབུལ་ཕོངས་དབུལ་ནག་གི་སྣང་ཚུལ་རྦད་དེ་སེལ་ནས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པ་མངོན་འགྱུར་བྱུང་ཡོད།

2020ལོའི་ཟླ8པའི་ཟླ་མཇུག་ཏུ་མིང་དུ་གྲགས་པའི་སྐར་མདའ་ཀུན་ཕན་ཆེད་ལས་ཕྱོགས་བསྡུས་མཉམ་ལས་ཁང་དུ་སྡེ་མི་བཅུ་ལྷག་གིས་སྒྲོན་མེའི་སྡོང་རས་བཟོ་བཞིན་ཡོད།  སྒྲོན་མེའི་སྡོང་རས་དང་འབྲོང་ཐག་བཟོ་བའི་མ་བཅོས་རྒྱུ་ཆ་དག་ནི་གནས་དེ་ནས་ལེན་པ་དང་ཐོན་རྫས་གྲུབ་རྗེས་མཉམ་ལས་ཁང་གིས་ཉོ་སྒྲུབ་བྱས་ནས་བཙོང་བཞིན་ཡོད་པས།  མི་རེར་ཟླ་རེར་ཡོང་འབབ་སྒོར1300ཡོད་ཅེས་ཡུས་ཧྲུའུ་གྲོང་ཁྱེར་བྱ་ཆུ་ཁོག་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་གཞུང་ལས་ཁང་གི་ཀྲུའུ་རིན་བསམ་བསྟན་ལྷུན་གྲུབ་ཀྱིས་དེ་ལྟར་བཤད་བྱུང་།  མཉམ་ལས་ཁང་བཙུགས་ནས་ལོ་བཅུའི་རིང་ལ། སྒོ་རྩིས་ཚོང་ཁང་དང་། གསོ་སྤེལ་རྟེན་གཞི། རྩམ་པ་ལས་སྣོན་ཁང་སོགས་བཙུགས་ཤིང་།  དབུལ་ཕོངས་ཁྱིམ་ཚང་གི་མ་རྐང་བསྡུ་སྒྲིལ་བྱས་ཏེ་གཉེར་སྐྱོང་རང་བདག་གི་བྱེད་ཐབས་ལྟར། ཁྱིམ་ཚང་ལ་ཐོན་ལས་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་ས་ཡ་གཅིག་འབུམ་བཞི་ཁྲི་དགུ་ལྷག་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་མཉམ་ལས་ཁང་ལ་བཏང་སྟེ།  རིམ་བཞིན་གཉེར་སྐྱོང་རྒྱ་སྐྱེད་པ་དང་།  སྡེ་མིར་ཟླ་རེར་གླ་ཕོགས་ཡོད་པ་དང་ལོ་མཇུག་ཏུ་ད་དུང་ཁེ་སྤོགས་ཡོད་པ་མངོན་འགྱུར་བྱས་ཡོད།

ཡུས་ཧྲུའུ་ཁུལ་གྱིས་མི་རིགས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ནས། ད་ལྟ་འོས་འགན་སློབ་གསོའི་སློབ་གྲྭ97དང་བྱིས་སྐྱོང་ཁང104ཡོད་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཡོད་པའི་སློབ་མ་འབུམ་གཅིག་ཁྲི་གཅིག་ལྷག་ཏུ་སླེབས་ཡོད།   ས་གཞན་དུ་སློབ་གྲྭ་སྒྲུབ་པའི“མི་སྟོང་གི་འཆར་གཞི”ལག་བསྟར་བྱས་པས། ས་ གཞན་དུ་སློབ་གྲྭར་སྐྱོད་མཁན་སློབ་མ་རིམ་བསགས་ཀྱིས་ཁྲི་གཅིག་སྟོང་གཉིས་སུམ་བརྒྱ་དོན་ལྔར་སླེབས་པ་དང་།   ཉེ་བའི་ལོ་གསུམ་གྱི་ནང་བོད་རིགས་སློབ་མས་བོད་ཡིག་གི་མཐོ་རྒྱུགས་སྦྱངས་འབྲས་དེ་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་གི་ཨང་དང་པོ་ཟིན་ཡོད།

སྦྲ་གུར་ནས་ཐོག་ཁང་དང་རི་ཁུལ་ནས་གྲོང་ཁྱེར་བཅས་བར་དུ་འཕོ་འགྱུར་ཆེན་པོ་བྱུང་ཡོད།  རིན་ཆེན་ནི་བྱིས་པ་གསུམ་གྱི་ཨ་མ་ཡིན་ཞིང་། ད་ལྟ་རང་ཁྱིམ་ནས་སྒོར་བུད་མ་ཐག་བྱིས་སྐྱོང་ཁང་ཡིན་པ་དང་སྡེ་ཁུལ་ཉེ་འགྲམ་གྱི་ཆ་ཚང་སློབ་ཆུང་ལྔ་པ་འཛུགས་སྐྲུན་བྱས་ནས་སློབ་མ་བསྡུ་སྐབས་ངས་བྱིས་པ་གཉིས་སློབ་གྲྭ་དེར་སྐྱེལ་རྒྱུ་ཡིན་ཞེས་དེ་ལྟར་བཤད་བྱུང་།

མང་ཚོགས་ཀྱི་ཐོབ་སྣང་དང་།  བདེ་སྣང་། སྐྱིད་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད།  ཡུས་ཧྲུའུ་ཡིས་བདེ་ཐང་གི་ཡུས་ཧྲུའུ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཞིང་། ཁུལ་དང་། རྫོང་།  ཡུལ་ཚོ། སྡེ་བ་བཅས་རིམ་པ་བཞིའི་སྨན་བཅོས་སྒྲིག་གཞི་ཚང་མ་ཚད་གཞི་ཅན་དུ་འཛུགས་སྐྲུན་བྱས་པ་དང་། དམངས་ཡོངས་ཀྱི་བདེ་ཐང་ཡིག་ཚགས་བཟོ་བ་དང་འཐུས་ཚང་དུ་བཏང་བ་མ་ཟད། མ་དངུལ་སྒོར་དུང་ཕྱུར་ལྔ་བྱེ་བ་གཅིག་ས་ཡ་བརྒྱད་བཏང་བའི་འགོས་ནད་ཚབས་ཆེན་དང་ས་གནས་ཀྱི་ནད་རིགས་འགོག་བཅོས་ལས་དོན་སྤེལ་འགོ་ཚུགས་པ་དང་། ས་གནས་ཀྱི་ནད་རིགས་འབྱུང་ཚད་ཚོད་འཛིན་ནུས་ལྡན་བྱུང་བ་དང་ནད་ཀྱི་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱི་རྐྱེན་པས་ཡང་བསྐྱར་དབུལ་པོར་གྱུར་བ་རྩ་བ་ནས་སེལ་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དེ་བས་ཆེ་རུ་སོང་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས།

རི་ཆུ་ཀླུང་གསུམ་སྲུང་སྐྱོབ་བྱེད་པ་ནས་རི་ངོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཕྱོགས་སུ་འགྱུར་ལྡོག་བྱུང་ཡོད།  ཡུས་ཧྲུའུ་ཡིས་ཐོག་མཐའ་བར་གསུམ་དུ་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ།  སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པ་བཅས་ཀྱི་གནས་ཁེལ་ལ་གཞི་ཚུགས་ནས།  ཀྲུང་ཧྭའི་ཆུ་མཛོད་ཀྱི་ལྟ་སྲུང་བ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནན་ཏན་སྒོས་ལག་བསྟར་བྱས་ནས། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་དོན་གསུམ་དང་བྱེ་བ་གསུམ་བཏང་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པའི་བཟོ་སྐྲུན་ཡོངས་འགྲུབ་བྱས་བས། རྩྭ་སའི་སྔོ་ཁེབས་ཀྱི་ཚད་61.8%བར་འཕར་བ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་ཀྱི་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར80འཕར་སྣོན་བྱུང་ཞིང་། གཙོད་དང་གསའ་སོགས་རི་སྐྱེས་སྲོག་ཆགས་མངོན་གསལ་སྒོས་ཇེ་མང་དུ་སོང་བ་དང་། མི་འབུམ་གསུམ་ཁྲི་གཅིག་གིས་ སྐྱེ་ཁམས་རང་བཞིན་གྱི་ཁ་གསབ་ལོངས་སུ་སྤྱོད་ཐུབ་པ་མངོན་འགྱུར་བྱུང་ཡོད།

ན་ནིང་གི་ཟླ4པར་ཆ་སྙོམས་ཀྱིས་མགོའི་མཐོ་ཚད་སྨི4160ཟིན་པའི་ཧ་ཤུལ་ཡུལ་ཚོའི་སྲིད་གཞུང་གི་ཏང་ཨུའི་ཧྲུའུ་ཅི་དབྱང་ཡུང་ཧའེ་ཡིས“ལོ་འགའི་སྔོན་ལ་ཧ་ཤུལ་ཡུལ་ཚོ་གཡུ་ཐལ་སྡེ་བའི་འབྲོག་པ་མང་ཚོགས་ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆུང་ཞིག་བཙུགས་པ་དང་། ཟླ་རེའི་མཐའ་མའི་ཉིན་མོ་དེ་ཁོར་ཡུག་བཅོས་སྒྲིག་གི་ཉིན་མོར་གཏན་འཁེལ་བྱས་པའམ་ཡང་ན་རི་འགོར་སོང་ནས་གད་སྙིགས་སྒྲུག་པ་དང་།  རི་སྐྱེས་སྲོག་ཆགས་ལ་སྐོར་ཞིབ་དང་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དྲིལ་བསྒྲགས་སོགས་བྱེད་ཀྱི་ཡོད། ད་ལྟ་ཧ་ཤུལ་ཡུལ་ཚོ་འདི་དམངས་ཡོངས་སྐྱེ་ཁམས་ལྟ་སྲུང་བ་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཡུལ་ཚོ་ཞིག་ཏུ་གྱུར་ཡོད་ཅེས་དེ་ལྟར་བཤད་བྱུང་།

ཉེ་བའི་ལོ་ཤས་རིང་། ཡུས་ཧྲུའུ་ཡིས་ཁྱིམ་གཞིས་མཛེས་བཟོ་དང་།  ཆུ་དཔོན་དང་མཚོ་དཔོན་ལམ་ལུགས།  རྙོག་འཛིང་བཞི་གཙང་སེལ་བཅས་ཀྱི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ་དང་།  སྐྱེ་ཁམས་ཁྲིམས་ར་དང་སྐྱེ་ཁམས་ཡུལ་དམག རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེའི་ཁ་གསབ། ཕྱི་ནས་ཡོང་བའི་ཉ་རིགས་ཚེ་ཐར་གཏོང་མི་ཆོག་པ་སོགས་ཀྱི་གསར་གཏོད་བྱེད་སྟངས་ལ་གོང་རིམ་གྱི་ཁས་ལེན་ཐོབ་པ་མ་ཟད་ཁྱབ་སྤེལ་ཡང་བྱས་པ་རེད།   རྨ་འབྲི་རྫ་གསུམ་འབྱུང་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། ཨ་ཆེན་གངས་རྒྱབ་རྒྱལ་ཡོངས་ཀྱི་རང་བྱུང་ཤུལ་བཞག་ཁུལ་51པར་གྱུར་པ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་དེ་ཀྲུང་གོའི་ཆུ་སྤུས་བཟང་བོ་ཡི་གྲས་སུ་ཚུད་ཡོད་པ་རེད། ད་ལྟའི་ཡུས་ཧྲུའུ་རུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། རི་ཆུ་ཀླུང་གསུམ་དང་མི་བཅས་མཛེས་སྡུག་གི་སྐྱེ་ཁམས་མཛེས་རིས་ཤིག་ཡོངས་སུ་མངོན་ཡོད།

འདས་ཟིན་པ་ནི་ལོ་རྒྱུས་ཡིན་པ་དང་མ་འོངས་པར་འབད་བརྩོན་བྱ་དགོས།   དུས་རབས་གསར་པར་རྒྱང་ལྟ་བྱས་ཏེ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།  ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་རླབས་ཆེན་གྱི་དུས་འདིར།  བརྒྱ་ལོ་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་ལངས་སྟེ།  ཡུས་ཧྲུའུ་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ས་གནས་ཁག་དང་ལས་རིགས་ཁག་གི་རྒྱབ་སྐྱོར་ཆེན་པོའི་འོག་འབད་འབུངས་ཡར་བརྩོན་དང་གསར་གཏོད་གསར་སྐྲུན་བྱས་ཏེ། ཡུས་ཧྲུའུ་གསར་པའི་སྔར་ལས་བཟང་བ་གཉིས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་བརྩམས་ནས།  སྐྱོན་བྲལ་དང་། དེང་རབས། བདེ་སྐྱིད་བཅས་ཀྱི་ཡུས་ཧྲུའུ་གསར་པ་ཞིག་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་རེད།

                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ། ཚེ་རིང་སྒྲོལ་མ། སྒྲོལ་མ་སྐྱིད།